ཀྲུང་གོ་བོད་ཀྱི་དྲ་བ།

མི་ཚེའི་རྐང་མ་དགའ་བྲོད་ཀྱིས་བྱེད།

  རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཚེའི་རྐང་མ་དགའ་བྲོད་ཀྱིས་བྱེད།

ལིང་ཆི་ཁྲའོ་ཡིས་བརྩམས།  རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

མི་ཞིག་ན་རེ། “ཁྱོད་རང་རིང་ལུགས་གང་ལ་དད་ཅིང་མོས”ཟེར་ན། གྱི་ན་བས“དགའ་བྲོད་རིང་ལུགས་པར་དད་ཅིང་མོས”ཞེས་ལན་བསྐྱོན་ངེས། མི་ཞིག་ན་རེ། “ཁྱོད་ཀྱི་མི་ཚེའི་འཁྱེར་སོའི་རྐང་མ་གང་གིས་བྱེད”ཟེར་ན། གྱི་ན་བས“མི་ཚེའི་རྐང་མ་དགའ་བྲོད་ཀྱིས་བྱེད”ཅེས་ལན་ལྡོན་ངེས།

གྱི་ན་བས་རང་ཉིད་ཀྱི་མི་ཚེ་གང་བོར་འཇུག་ཅིང་བསྒྲུབས་པའི་དོན་བྱ་གཏམ་སྒོར་འདྲེན་པར་རབ་ཏུ་མོས། “ཡིད་འབྱུང་སྐྱོ་སུན”ཟེར་བའི་ཐ་སྙད་རིགས་འདི་གྱི་ན་བའི་མིང་མཛོད་དུ་ཇི་ལྟར་སློག་ཀྱང་གདོད་ནས་མེད་དོ། །

གྱི་ན་བ་འཇུག་ཅིང་བསྒྲུབས་པ་མཐའ་དག་ལ་རྟག་པར་ཕམ་ཉེས་བྱུང་ཡོད། གཟབ་ནན་སྒོས་སྨྲས་ན་ཕམ་ཉེས་མི་འབྱུང་བ་གཅིག་ཀྱང་མེད་ཅེས་ལབ་ཆོག་མོད། གྱི་ན་བས་དུས་ནམ་ཡང་ཕམ་ཉེས་འབྱུང་ཞོར་དུ་སྒྲུབ་ཞོར་བྱས་པ་ཡིན། རྒྱ་མཚན་ག་རེ་རེད་དམ། དེ་ནི་དོན་འཁྱོངས་པའི་ཁྲོད་ནས་དགའ་བ་བྲོད་དགོས་ལ། ཕམ་ཉེས་བྱུང་བའི་ཁྲོད་དུའང་དགའ་བ་བྲོད་དགོས་སོ། །

གྱི་ན་བ་འཆར་ཅན་ལ་གཉིད་དུ་ཡེར་བ་ལས་གཞན་སྐར་ཆ་རེ་རེ་དང་སྐར་ཆུང་རེ་རེར་དགའ་བ་བྲོད་བཞིན་འགུལ་ཅིང་མ་བསྐྱོད་པ་ལར་ནས་མེད་ཀྱང་། ལུས་སེམས་ངལ་དུབ་ཀྱིས་མནར་ཟེར་བ་ཞིག་དང་སྙུན་ཕོག་པའང་ཧ་ཅང་ཉུང་། དེ་ནི་ངའི་ཉིན་རྒྱུན་གྱི་འགུལ་སྐྱོད་ལ་དགའ་བྲོད་ཀྱིས་བརྟས་ཡོད་པས་ཡིན།

ནང་སེམས་ཀྱི་སྤྲོ་དགས་དངོས་པོའི་ཐད་ཀྱི་འཛད་གྲོན་གསབ་ཆོག་པར་མ་ཟད་ལྷག་ཀྱང་ཐོན།

དགའ་བྲོད་ཀྱི་ལྡོག་ཆ་ནི་ཆོ་མེད་དང་སྐྱོ་ཞུམ་པའོ། །

རྒྱལ་རབས་ཅིན་གྱི་སྐབས་སུ་མི་འཁོས་བཟང་བ་ཞིག་ཡོད། རྒས་པའི་དུས་ལ་སྐྱོ་སུན་གྱིས་ཀུན་ནས་བརྟས་ཤིང་བློང་བློང་བར་གྱུར་ཏེ། ར་སྐོར་ནང་གི་སྐྱི་བ་ཆེན་པོར་མཛུབ་མོ་ཀེར་ནས་ན་རེ། སྐྱི་བ་འདི་ཉིད་བསྐོར་ཅིང་འཁྲབ་ནའང་། །སྐྱེ་སྟོབས་ཡོངས་སུ་རྫོགས་སོ་ལོ། ། གསར་དུ་བཙུགས་པའི་སྡོང་ཕྲན་ཞིག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ནའང་སྙིང་ཉེ་བ་ག་ལ་འོས། རྒས་པའི་ཚེ་ན་ཕྱི་ངོས་སུ་བསྐོར་ཅིང་འཁྲབ་ནའང་རུས་པའི་རྐང་མར་ལས་སྐྱེ་སྟོབས་རྫོགས་ཏེ། རེ་ཞིག་གི་འཚོ་བ་མཇུག་སྒྲིལ་བའོ། །

འཁོས་བཟང་བ་དེའི་གཏམ་ལས་རྩོམ་རིག་གི་ཐབས་རྩལ་རྨད་དུ་བྱུང་བ་སྤྱད་དེ་སྐབས་དེའི་སྐྱོ་ཞུམ་སྟོང་ལྷང་ལྷང་གི་བློ་ཁ་མཚོན་ཡོད། གྱི་ན་བའི་བསམ་པར་བློ་ཁ་རིགས་དེ་ནི་ངན་རྒུའི་ནང་གི་ངན་པ་ལས་མ་འདས་སོ། །མི་སྒེར་ཅིག་དང་སྤྱི་རྒྱ་གཞུང་གང་ཞིག་ཡིན་ཀྱང་། གལ་ཏེ་བློ་ཁ་རིགས་འདིའི་དབང་ལ་ཚུད་ཚེ། མི་སྒེར་གང་དང་སྤྱི་རྒྱ་གཞུང་གང་དེ་ཡོངས་སུ་ཚར་བ་ཡིན་ཏེ། ཡར་ཐོན་རྨང་ནས་མེད། ཡར་ཐོན་མེད་ཚེ་ངན་རྒུའི་མགོའང་འདི་ནས་འབུས་པ་ཡིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།