ཀྲུང་གོ་བོད་ཀྱི་དྲ་བ།

རིག་གཞུང་ཆེད་རྩོམ་ལོ་ཙཱའི་སྐོར་གྱི་རྒྱུན་མཐོང་གི་གནད་དོན་བཅུ།

ཡོང་ཁུངས། : ཡིག་སྒྱུར་ལག་རྩལ་དང་ཞིབ་འཇུག་འཕྲིན་སྟེགས་ལས་བཤུས།   རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རིག་གཞུང་ལོ་ཙཱའི་བརྩམས་ཆོས་ཀྱི་རྩོམ་སྒྲིག་པར་སྐྲུན་ལ་གཞུང་དངོས་ཐད་དུ་བསྟུན་འབྱོར་སྙན་གསུམ་ཡོང་དགོས་པ་ལས་གཞན་རྩོམ་སྟངས་མཆན་འགྲེལ་ཡང་ལྷག་ཏུ་གལ་འགངས་ཆེ།འགྱུར་ཡིག་ཁྲོད་ཀྱི་ཚད་དང་མི་མཐུན་པའི་རྩོམ་སྟངས་ཀྱིས་རྩོམ་སྒྲིག་པས་བཤེར་ཀློག་བྱེད་དུས་རྟག་པར་ངལ་བ་བརྗོད་ཀྱིས་མི་ལང་པར་གཏད་ངེས།

    དེའི་རྩ་བ་དེད་ན་ཕལ་ཆེ་བ་ནི་ལོ་ཙཱ་བས་ལོ་ཙཱའི་ཚད་གཞི་ངོས་འཛིན་གསལ་བོ་མ་བྱས་པའམ་ཡང་ན་རྩོམ་སྒྲིག་པས་སྔོན་དུ་ལོ་ཙཱ་བར་ལོ་ཙཱའི་ཚད་གཞི་གསལ་བོར་མ་བརྗོད་པས།གང་ལ་བསྟུན་དགོས་མ་ཤེས་པར་རང་ཉིད་ཀྱི་འདོད་མོས་ཁོ་ནར་གཞིགས་ཏེ་ལོ་ཙཱ་བྱས་པ་ཡིན།

    རིག་གཞུང་འགྱུར་ཆོས་ཀྱི་སྤྱིའི་བླང་བྱ་ནི་འགྱུར་ཡིག་གི་ནང་དོན་དང་རྩོམ་སྟངས་མ་ཡིག་ལ་བསྟུན་དགོས་ཏེ།ཐད་སྒྱུར་དང་དོན་སྒྱུར་གང་བྱས་ཀྱང་ཆོག་མོད་བོད་རང་གི་ཀློག་འདོན་གོམས་གཤིས་དང་བརྡ་སྤྲོད་ཚད་གཞིར་མཐུན་དགོས།ཚིག་གྲུབ་ཕལ་བར་ཚིག་གྲུབ་ཕལ་བ་བསྲེས་པའི་རྣམ་པ་སྟེ་མ་ཡིག་ལས་ཕྱི་ཡིག་གི་ཚིག་སྣ་རིང་ཆེས་པའི་སྐྱོན་ལ་གཟབ་གཟབ་བྱ་འོས།

    གཞུང་དངོས་ཀྱི་ལོ་ཙཱའི་ཐད་དུ། རྒྱུན་མཐོང་གི་གནད་དོན་བཅུ་ལྷག་མངའ་བ་རྩོམ་སྒྲིག་པ་དང་ལོ་ཙཱ་བས་དོ་སྣང་བྱ་དགོས།

༡ བརྡ་ཆད་ལོ་ཙཱ།

    ཆེད་ལས་ཀྱི་བརྡ་ཆད་ལོ་ཙཱ་ངེས་པར་དུ་གནད་ལ་ཁེལ་ཞིང་འཁྲུལ་བ་འབྱུང་མི་རུང་བར་མ་ཟད་རྒྱལ་ནང་གི་བཀས་བཅད་པའི་བརྡ་ཆད་དང་ཐུན་མོང་གི་སྒྱུར་ཐབས་སྤྱོད་དགོས།

༢ མི་མིང་དང་ས་མིང་སོགས་ཆེད་དོན་མིང་ཚིག་གི་ཐག་གཅོད།

    རིག་གཞུང་བརྩམས་ཆོས་དང་སྤྱིར་བཏང་གི་རྩོམ་རིག་བརྩམས་ཆོས་མི་མཐུན་ཏེ།ཆེད་དོན་མིང་ཚིག་གི་ཚད་གཞི་ངེས་ཅན་ལ་གཞིགས་ཏེ་གཅིག་གྱུར་འོང་ཐབས་བྱས་ནས་རིག་གཞུང་སྒྲོག་སྤེལ་དང་བརྗེ་རེས་ལ་སྟབས་བདེ་བསྐྲུན་འོས།

    མི་མིང་ལོ་ཙཱ་བྱེད་སྐབས་སུ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རྒྱ་བོད་ཤན་སྦྱར་ཚིག་མཛོད》ཀྱི“སྒྲ་མཛོད་བྱ་ར”གཞིར་འཛིན་དགོས། མི་མིང་ཁ་ཤས་རྒྱུན་འབྱམས་སུ་གྱུར་ཏེ་ཐུན་མོང་དུ་སྤྱོད་པའི་མིང་བརྡར་གྱུར་ཡོད་ཚེ་ཚད་གཞིར་མི་མཐུན་ཡང་ཐུན་མོང་དུ་སྤྱོད་པ་གང་དེ་བཀོལ་དགོས་ཏེ། 

    ས་མིང་ལོ་ཙཱ་བྱེད་སྐབས་སུ། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་པར་དུ་བསྐྲུན་པའི《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར》དང《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར།》 དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར》དང《བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར》ཚད་གཞིར་འཛིན་དགོས། དེ་ལས་གཞན་ཀུང་སིའི་མིང་དང་ལས་ཁུངས་ཀྱི་མིང་རྒྱལ་ནང་དུ་ཐུན་མོང་དུ་སྤྱོད་པའི་འགྱུར་མིང་ཡིན་དགོས་ཏེ།དཔེར་ན། 有限公司ལ་ཚད་ཡོད་ཀུང་ཟི་ཟེར་བ་ལས་སྤྱི་གཉེར་ཁང་ཚད་ལྡན་ཞེས་སུ་མི་བསྒྱུར་བ་དང་། 中国少数民族企业家协会ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁེ་ལས་པའི་མཐུན་ཚོགས་ཟེར་བ་ལས་ཀྲུང་གོའི་མི་རིགས་གྲངས་ཉུང་གི་ཁེ་ལས་པའི་མཐུན་ཚོགས་ཞེས་སུ་མི་བསྒྱུར་རོ།།

ལོ་ཙཱ་བས་དོ་སྣང་བྱ་དགོས་པའི་གནད་གསུམ་འདོན་པར་བྱ་སྟེ།

༡  ༽  གཞུང་དངོས་ཀྱི་འགྱུར་མིང་གཞི་རྩའི་སྟེང་ཐམས་ཅད་བསྒྱུར་འོས་ཤིང་། གལ་སྲིད་འགྱུར་མིང་ཚིག་མཛོད་ལ་གཞི་འཛིན་ཆོག་པའི་འགྱུར་མིང་མེད་ཚེ་རྩོམ་སྒྲིག་པ་དང་གྲོས་སུ་བསྡུར་རྗེས་གཅིག་གྱུར་གྱི་སྒྱུར་ཐབས་སྤྱོད་དགོས།

༢  ༽  གནས་ཚུལ་དམིགས་བསལ་བ་སྟེ་དཔེར་ན་བཀའ་དྲིན་ཞུ་ཡིག་སོགས་སུ་མི་མིང་འབོར་ཆེན་བྱུང་བའམ་ཡང་ན་གཞུང་དངོས་ཁྲོད་མཐོང་དཀོན་ཆེས་པའི་འགྱུར་མིང་བྱུང་ན་རྩོམ་སྒྲིག་པ་དང་གྲོས་སུ་བསྡུར་རྗེས་མ་ཡིག་སོར་འཇོག་བྱས་ཆོག

༣  ༽  འགྱུར་མིང་སྤྱད་པ་གཅིག་གྱུར་ཡིན་དགོས། འགྱུར་མིང་ཐོག་དང་པོར་འབྱུང་དུས་སུ་མ་ཡིག་ཟུར་བཀོད་དུ་བཞག་ན་ལེགས་པར་མ་ཟད།འགྱུར་མིང་ཐོ་རུ་བཀོད་ནས་རྗེས་སོར་སླར་ཡང་འབྱུང་དུས་སུ་གཅིག་གྱུར་གྱི་འགྱུར་མིང་སྤྱོད་དགོས་ཤིང་དེ་དུས་མ་ཡིག་ཟུར་མཆན་དུ་འགོད་དགོས་དོན་མེད།

༣ བརྡ་རྟགས་ཚེག་ཤད་ཀྱི་སྤྱོད་སྟངས།

    བརྡ་རྟགས་ཚེག་ཤད་ནི་བོད་ཡིག་ལོ་ཙཱའི་ཚིག་གི་གཅོད་མཚམས་དང་བརྡ་སྤྲོད་ལ་གཞིགས་ཏེ་ལེགས་བཅོས་བྱས་ཆོག་པ་ལས་མ་ཡིག་མཁྲེགས་བཟུང་བྱ་དགོས་དོན་མེད།དཔེར་ན་ཁྲིམས་རིག་བརྩམས་ཆོས་ཁྲོད་རྩོམ་པ་པོས་གཟབ་ནན་ཡོང་སླད་ཚིག་སྣ་རིང་པོ་སྤྱོད་པར་སྤྲོ་ཡང་།བོད་ཡིག་ལོ་ཙཱའི་སྐབས་ཚིག་རིས་ཇི་བཞིན་དུ་བཟློས་ཏེ་ཚེག་ཤད་གཅིག་གིས་འཐུས་པར་མི་རིགས།ཚེག་ཤད་འབྲི་སྟངས་ཀྱི་རྣམ་བཞག་ངེས་པར་དུ་ཁྱད་མེད་སྒོས་བོད་ཡིག་གི་རྣམ་བཞག་ལ་གཞིག་དགོས།གལ་སྲིད་བོད་ཡིག་དང་ཕྱི་ཡིག་འདྲེས་པའི་ཚིག་གྲུབ་བྱུང་ན་གནས་ཚུལ་བྱེ་བྲག་པར་གཞིགས་ཏེ་ཚེག་ཤད་དགོད་དགོས།

༤ རི་མོ་དང་རེའུ་མིག་གི་ཐག་གཅོད།

    རི་མོ་དང་རེའུ་མིག་ཁྲོད་ཀྱི་ཡི་གེའི་ནང་དོན་ངེས་པར་འཐུས་ཚང་དུ་བསྒྱུར་དགོས་ཤིང་།བརྙན་རིས་དང་འདྲ་པར་ཁྲོད་ཀྱི་དམིགས་བསལ་ཕྱི་ཡིག་མ་བསྒྱུར་ཡང་ཆོག ལོ་ཙཱ་བར་གསལ་འདེབས་བྱ་དགོས་པའི་གནད་ཅིག་ཡོད་དེ།རི་མོ་དང་རེའུ་མིག་འགབ་ཀྱི་གསལ་བཤད་ཡི་གེ་འབྱུང་ས་དང་ཐག་གཅོད་བྱེད་ཐབས་དེ་མཆན་འགྲེལ་དང་ཟུར་ལྟའི་དཔྱད་གཞིར་མཐུན་དགོས།རྙོག་འཛིང་ཅུང་ཆེ་བའི་རི་མོ་དང་རེའུ་མིག་རྩོམ་སྒྲིག་པ་དང་གྲོས་མོལ་རྗེས་ལོ་ཙཱ་བས་ཡི་གེ་ཁོ་ན་ལོ་ཙཱ་བྱས་རྗེས་དཔེ་སྐྲུན་ཁང་ལ་བཟོ་རུ་བཅུག་ཆོག

༥ དུས་རབས་དང་ལོ་རབས་ཀྱི་སྤྱོད་སྟངས།

    ཨ་རབ་ཀྱི་ཨབ་ཀི་དེ་དུས་རབས་དང་ལོ་རབས་བྱེ་བྲག་པ་མཚོན་པར་སྤྱོད་འོས་ཏེ།དཔེར་ན་དུས་རབས༢༠ལོ་རབས༨༠ལ༡༩༨༠ལོའི་ལོ་རབས་ཞེས་མ་སྤྱད་ན་ལེགས། ལོ་རབས་ཁ་མི་གསལ་བའི་བཤད་སྟངས་ཀྱི་སྤྱོད་སྟངས་ཡང་དག་པ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བ་ཞེས་པ་དང་།སྤྱོད་སྟངས་ནོར་འཁྲུལ་ཅན་ནི་དུས་རབས༢༠ལོ་རབས་དྲུག་ཅུ་བདུན་ཅུའམ་དུས་རབས༢༠ལོ་རབས༦༠འམ༧༠ཞེས་པ་ལྟ་བུ།

༦ གསེག་བྲིས་ཀྱི་ལོ་ཙཱ་བྱེད་སྟངས།

    ཕྱི་ཡིག་བརྩམས་ཆོས་ཁྲོད་དུ་གསེག་བྲིས་རྒྱུན་པར་མཐོང་ཞིང་གོ་དོན་མི་མཐུན་པ་རེ་མཚོན་ཡོད།ལོ་ཙཱ་བྱེད་སྐབས་སུ་གནས་ཚུལ་མི་མཐུན་པར་གཞིགས་ཏེ་ལོ་ཙཱ་བྱེད་འོས། གལ་སྲིད་གསེག་བྲིས་ཀྱིས་ནན་གྱིས་སྟོན་པ་ཡིན་ན་བོད་ཡིག་ཏུ་གཟབ་བྲིས་སམ་ཤ་ཆེན་གྱིས་འབྲི་དགོས།གལ་སྲིད་གསེག་བྲིས་ཀྱིས་ཚིག་དུམ་དང་ཚིག་གྲུབ་ཧྲིལ་བོ་ལུང་དུ་དྲངས་པ་མཚོན་ན་བོད་ཡིག་ཏུ་གཞུང་དངོས་ཀྱི་ཡིག་གཟུགས་དང་ཁྱད་ཕྱེ་དགོས།གལ་སྲིད་གསེག་བྲིས་ཀྱིས་དེབ་མིང་དང་རྩོམ་ཡིག་གི་མིང་མཚོན་པ་ཡིན་ནའང་ཡིག་གཟུགས་ཀྱི་ཁྱད་ཕྱེ་དགོས།གལ་སྲིད་གསེག་བྲིས་ཀྱིས་གྱོད་དཔེའི་མིང་མཚོན་ན་བསྒྱུར་བར་མི་བྱ་ཞིང་གལ་སྲིད་བསྒྱུར་ན་འདྲེན་རྟགས་འགོད་དགོས།གལ་སྲིད་གསེག་བྲིས་ཀྱིས་ཕྱི་ཡིག་དང་རྒྱུན་སྤྱོད་མིན་པའི་ཡིག་རྙིང་མཚོན་ན་བོད་ཡིག་གི་རྣམ་བཞག་དང་ཡིག་གཟུགས་ལ་འགྱུར་བ་མི་ཐེབས་པར་དེའི་འགྱུར་ཡིག་གི་རྗེས་སུ་ཕྱི་ཡིག་གི་མིང་གུག་རྟགས་སུ་གསེག་བྲིས་ཀྱིས་འགོད་དགོས།

༧ བསྡུས་བྲིས་རྣམ་པའི་སྟོན་ཚུལ།

    མ་ཡིག་གི་ཁྲོད་དུ་མིང་གལ་འགངས་ཆེ་བ་བྱུང་བ་སྟེ།བསྡུས་བྲིས་ཅན་བྱུང་ན་ཐོག་དང་པོར་བྱུང་དུས་མ་ཡིག་གི་མིང་ཧྲིལ་བོ་གསལ་བོར་འགོད་དགོས་ཤིང་ཞོར་དུ་བསྡུས་བྲིས་ཀྱི་རྣམ་པ་མཆན་འདོགས་དགོས།གལ་སྲིད་མ་ཡིག་ཁྲོད

༨ མ་རྩོམ་ཁྲོད་ཀྱི་ལུང་ཚིག་གི་ཐག་གཅོད།

    མ་རྩོམ་ཁྲོད་བྱུང་བའི་ལུང་ཚིག་གང་དེ་གལ་སྲིད་གསུང་རབ་གྲགས་ཅན་ཁྲོད་བྱུང་བར་མ་ཟད་གསུང་རབ་གྲགས་ཅན་དེར་ཡོངས་ཁྱབ་ཏུ་སྤྱོད་པའི་འགྱུར་ཡིག་ཡོད་ན།རྩ་དོན་ཐོག་འགྱུར་ཡིག་ལྟར་བསྒྱུར་དགོས། འོན་ཀྱང་། ལོ་ཙཱ་བས་ལེགས་བཅོས་དང་ལུགས་མཐུན་སྒོས་ལེགས་སྒྲིག་བྱས་ཆོགལུང་ཚིག་ཅུང་མང་ན་ལོ་ཙཱ་བས་འགྱུར་ཡིག་གང་ལས་བྱུང་བའི་མཆན་གསལ་བོར་འགོད་དགོས།

༩ མཐོང་དཀོན་ཆེས་པའི་ཚིག་གི་ཐག་གཅོད།

    མ་རྩོམ་ཁྲོད་ཀྱི་མཐོང་དཀོན་ཆེས་པའི་ཚིག་ཁ་ཤས་ལོ་ཙཱ་བས་འགྱུར་ཡིག་རྗེས་སུ་གུག་རྟགས་ནང་མ་ཡིག་གི་མཆན་བཀོལ་ནས་ཀློག་པ་པོས་ལྟ་ཀློག་བདེ་བར་སྟབས་བདེ་བསྐྲུན་དགོས།

༡༠ ཤོག་གྲངས་འགོད་ཐབས།

    འདི་ནི་རིག་གཞུང་ལོ་ཙཱའི་བརྩམས་ཆོས་ལ་མངའ་བའི་ལོ་ཙཱའི་ཚད་གཞི་ཡིན་ཏེ།རིག་གཞུང་བརྩམས་ཆོས་ལ་རྗེས་ཕྱོགས་སུ་དུས་རྟག་པར་གནད་ཚིག་འཚོལ་བྱང་དང་མི་མིང་འཚོལ་བྱང་ཟུར་དུ་འགོད་ངེས།འཚོལ་བཤེར་བགྱིས་པའི་ཤོག་གྲངས་འགྱུར་ཡིག་གཞིར་བཟུང་སྟེ་ཡང་བསྐྱར་བཟོ་མི་སྲིད་པར་མ་དེབ་ཀྱི་ཤོག་གྲངས་སོར་འཇོག་བྱ་ངེས།

   འཚོལ་བྱང་དེ་དག་གི་ནུས་པ་ལེགས་པར་འདོན་དགོས་ན་མ་རྩོམ་གྱི་ཤོག་གྲངས་འགོད་རྒྱུ་མེད་དུ་མི་རུང་།ཤོག་གྲངས་འགོད་ཐབས་ནི་མ་རྩོམ་གྱི་ཤོག་ངོས་རེ་རེའི་མིང་རྐྱང་དང་པོ་ཚད་གཞིར་བཟུང་སྟེ།བབ་མཚུངས་ཀྱི་འགྱུར་ཡིག་ཁྲོད་ཤོག་གྲངས་འགོད་དགོས། གལ་སྲིད་འགྱུར་ཡིག་གི་གོ་རིམ་དང་མ་རྩོམ་གྱི་གོ་རིམ་ཧེ་བག་ཅུང་ཆེ་ན།ཀློག་པ་པོས་མ་རྩོམ་གྱི་ཤོག་གྲངས་འཚོལ་ཆེས་བདེ་བའི་འགོད་ཐབས་འདེམས་ཆོག

མཆན་འགྲེལ་གྱི་ཕྱོགས་སུ་རྩོམ་མཁན་ནས་གཞི་རྩའི་རྩ་དོན་གཉིས་གཏན་དུ་ཁེལ་ཡོད་དེ།

གཅིག་ནི་མཆན་འགྲེལ་༼ཞབས་མཆན་དང་མཇུག་མཆན་འདུས༽ཁྲོད་རྩོམ་པ་པོ་དང་ཡིག་ཚང་གི་མིང་།དཔེ་སྐྲུན་ལས་ཁུངས། པར་ཐེངས། ཤོག་གྲངས་སོགས་རྒྱུ་ཆས་རང་བཞིན་གྱི་ལུང་ཚིག་དང་དམ་དུ་འབྲེལ་ཞིང་།གཞི་རྩའི་ཐོག་ལོ་ཙཱ་མི་བྱེད་པར་མ་རྩོམ་གྱི་རྩོམ་སྟངས་རྣམ་བཞག་གཞིར་འཛིན་དགོས་པ་དང་།གསལ་བཤད་རང་བཞིན་གྱི་ཡི་གེ་གཞན་དག་ལོ་ཙཱ་བྱེད་དགོས། གཉིས་ནི་མཆན་འགྲེལ་རིགས་གཅིག་གི་ཁྲོད་དུ་མ་ཡིག་བུ་ཡིག་གཉིས་མཉམ་བསྲེས་ཀྱིས་བསྒྲིགས་པའི་རྣམ་པ་འབྱུང་བར་གཡོལ་གང་ཐུབ་བྱ་དགོས།

རྩ་དོན་དང་པོ་དང་གཉིས་པ་འགལ་ཟླར་གྱུར་དུས་ཀློག་པ་པོས་རྒྱུས་ལོན་བདེ་བ་དང་ཀློག་པ་པོའི་ལྟ་ཀློག་ལ་གེགས་མི་ཐེབས་པ།པར་རྣམ་གཅིག་གྱུར་དང་མཛེས་སྣང་སྟེར་བ་ནས་བརྩམས་ཏེ་བབ་བསྟུན་ལེགས་སྒྲིག་བགྱི་དགོས། གཤམ་གསལ་ཕྱོགས་བཞི་ནས་རྩོམ་སྒྲིག་པ་དང་ལོ་ཙཱ་བས་དོ་སྣང་བྱ་འོས་ཏེ།

༡  ༽  ཆེད་རྩོམ་གྱི་མིང་། རྩ་དོན་ཐོག་དུས་དེབ་དང་ཆེད་རྩོམ་གྱི་མིང་གསེག་བྲིས་ཀྱིས་འགོད་དགོས་པ་དང་རྩོམ་ཡིག་གི་མིང་གཟབ་ཡིག་གིས་འབྲི་དགོས་ཤིང་མ་ཡིག་གི་རྩོམ་སྟངས་གཞིར་བཟུང་ཡང་ཆོག

༢  ༽  མཆན་འགྲེལ་གྱི་འདྲེན་ཚིག མཆན་འགྲེལ་ཁྲོད་རྒྱུན་དུ་འབྱུང་བའི་རྩ་དོན་ཐོག་འགྲེལ་བཤད་རང་བཞིན་ལ་གཏོགས་པའི་ཡི་གེ་ལོ་ཙཱ་བྱེད་དགོས།འོན་ཀྱང་། གལ་སྲིད་ཚིག་ཧྲིལ་བོ་རྒྱུ་ཆས་རང་བཞིན་གྱི་ཡི་གེ་ཡིན་ན་པར་རྣམ་མཛེས་སྣང་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་ལོ་ཙཱ་མ་བྱས་ན་ཆོགགལ་སྲིད་མ་ཡིག་བུ་ཡིག་མཉམ་བསྲེས་ཀྱིས་སྒྲིག་པའི་ཁྲོད་བྱུང་ན་ལོ་ཙཱ་བྱས་ཆོག་ལ་མ་བྱས་ཀྱང་ཆོག

༣  ༽  བརྡ་རྟགས་ཚེག་ཤད། ཞབས་མཆན་ཁྲོད་བརྡ་རྟགས་ཚེག་ཤད་ཀྱི་ལོ་ཙཱ་ནི་རྩ་དོན་ཐོག་བུ་ཡིག་གི་ཚིག་གྲུབ་ཁྲོད་བུ་ཡིག་གི་ཚེག་ཤད་འགོད་པ་དང་མ་ཡིག་གི་ཚིག་གྲུབ་ཁྲོད་མ་ཡིག་གི་ཚེག་ཤད་འགོད་དགོས།མ་ཡིག་བུ་ཡིག་མཉམ་བསྲེས་ཀྱིས་སྒྲིག་པའི་སྐབས་སུ་བརྡ་རྟགས་ཚེག་ཤད་ཀྱི་བེད་སྤྱོད་ཐད་དུ་གཅིག་གྱུར་གྱི་སྒྲིག་སྲོལ་ཅིག་ཆགས་མེད།སྤྱིར་བཏང་དུ་སྒྲིག་སྲོལ་རིགས་གཉིས་སྤྱོད་པ་སྟེ། ཐག་ཉེའི་རྩ་དོན་ཏེ་བུ་ཡིག་གི་རྗེས་སུ་བུ་ཡིག་གི་ཚེག་ཤད་འགོད་པ་དང་མ་ཡིག་གི་རྗེས་སུ་མ་ཡིག་གི་ཚེག་ཤད་འགོད།གཙོ་ཚིག་གི་རྩ་དོན་ཏེ། གཙོ་ཚིག་མ་ཡིག་བུ་ཡིག་གཉིས་ཀའི་གང་ཡིན་ལ་གཞིགས་ཏེ་དེའི་ཚེག་ཤད་སྤྱོད་སྟངས་ཐག་གཅོད་པ།

༤  ༽  འགྱུར་མིང་ལོ་ཙཱ། གསལ་བཤད་རང་བཞིན་གྱི་ཡི་གེའི་ཁྲོད་མི་མིང་དང་ས་མིང་།གྱོད་གཞིའི་མིང་སོགས་བྱུང་ན་ལོ་ཙཱའི་སྒྲིག་སྲོལ་གཞུང་དངོས་དང་མཚུངས། གཞུང་དངོས་དང་མཆན་འགྲེལ་ལས་གཞན་རིག་གཞུང་ཆེད་རྩོམ་ལ་རམ་བུ་འདེགས་པའི་ཚིག་གྲུབ་གལ་ཆེན་གཉིས་ཀྱི་ལོ་ཙཱར་དོ་སྣང་བྱ་དགོས་ཏེ།

    རིགས་གཅིག་ནི་འཚོལ་བྱང་ཡིན། མ་རྩོམ་གྱི་མཇུག་ཏུ་འཚོལ་བྱང་བཀོད་ཡོད།རྩ་དོན་ཐོག་འཚོལ་བྱང་གི་གནད་ཚིག་ལོ་ཙཱ་བྱེད་དགོས་པར་མ་ཟད་མ་རྩོམ་དང་མ་དེབ་ཀྱི་ཤོག་གྲངས།རྣམ་བཞག་སོགས་སོར་འཇོག་བྱེད་དགོས། རིགས་གཞན་པ་ནི་ཟུར་ལྟའི་དཔྱད་གཞི་ཡིན། དེབ་ཀྱི་མཇུག་དང་རྩོམ་གྱི་མཇུག་ཏུ་མ་ཡིག་གི་ཟུར་ལྟའི་དཔྱད་གཞིའམ་ཡང་ན་འོས་སུ་སྦྱར་བའི་དཔེ་ཀློག་གི་དེབ་ཐོ་རྩ་དོན་ཐོག་ལོ་ཙཱ་མི་བྱ།འོན་ཀྱང་། དེའི་ཁྲོད་ཀྱི་གསལ་བཤད་རང་བཞིན་གྱི་ཟུར་བལྟའི་དཔྱད་གཞི་ཁ་ཤས་གོང་བརྗོད་ཀྱི་མཆན་འགྲེལ་ལོ་ཙཱའི་ཚད་གཞིར་གཞིགས་ཏེ་གསལ་བཤད་རང་བཞིན་གྱི་ཡི་གེ་ལོ་ཙཱ་བྱ་དགོས་སོ།།

     (རྩོམ་ཡིག་འདི་ཉིད་རུ་མང་ཀླུ་མཁར་རྒྱལ་གྱིས་སྤྱི་ལོ༢༠༡༨ལོའི་ཟླ༧ཚེས༢༣ཉིན་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་པོ་དཔལ་མི་འགྱུར་དྷཱི་ཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དུ་རྫོགས་པར་བསྒྱུར་ཅིང་བསྒྲིགས་པ་དང་། ཟླ༧ཚེས༣༡ཉིན་དཔའ་ལུང་རྟ་བརྒྱ་ཡུལ་ཚོ་བེའུ་བརྒྱ་ནས་དག་པར་བཅོས། )

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།