ཀྲུང་གོ་བོད་ཀྱི་དྲ་བ།

གཤིན་རྗེའི་ཕོ་ཉ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཡང་འཛིན་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ་ཙ་ན།ཐེངས་ཤིག་ལ།མི་ཆེན་ཞིག་གྲོང་གསེབ་ཀྱི་ལམ་ཆེན་བརྒྱུད་ནས་འཆམ་འཆམ་བྱེད་སྐབས།གློ་བུར་དུ་ངོ་མི་ཤེས་པའི་སྐྱེས་པ་ཞིག་ཁ་གཏད་ནས་ཚུར་ཡོང་སྟེ“སྡོད།གོམ་ཕྱེད་ཙམ་ཡང་སོང་མི་ཆོག”ཅེས་བཤད།

མི་ཆེན་གྱིས“ཅི་རེད།སྐྱག་ཕྲུག ངས་མཛུབ་མོ་གཅིག་གིས་ཀྱང་ཁྱོད་རྩ་མེད་དུ་གཏང་ཐུབ། ཁྱོད་ཀྱིས་ངའི་འགྲོ་ལམ་འགོག་ཕོད་དམ། ཁྱོད་སུ་ཡིན།འདི་འདྲའི་ལུགས་མེད་ཅིག”ཅེས་བཤད།

མི་དེས“ང་གཤིན་རྗེ་ཡིན།མི་གཅིག་གིས་ཀྱང་ང་བཀག་འགོག་བྱ་མི་ཐུབ།ཁྱོད་ཀྱིས་ཀྱང་ངེས་པར་ངའི་བཀའ་དང་ལེན་བྱེད་དགོས”ཞེས་ལན་བཏབ།མི་ཆེན་གྱིས་དེ་ཁས་ལེན་མ་འདོད་པར་གཤིན་རྗེ་ལ་འགྲན་བཙུགས།དེ་ནི་དུས་ཡུན་རིང་ལ་ཛ་དྲག་ཆེ་བའི་འཐབ་འཛིང་ཞིག་ཡིན་ལ།མཐར་མི་ཆེན་རྒྱལ་སོང་།ཁོས་གཤིན་རྗེར་ཁུ་ཚུར་གྱིས་བསྣུན་པ་དང་འཕྲལ། གཤིན་རྗེ་རྡོ་ཕ་བོང་ཞིག་གི་འགྲམ་དུ་འཁྱར་འཁྱོར་ངང་ལོག་སོང་།མི་ཆེན་མུ་མཐུད་དུ་ཁོའི་ལམ་དུ་བསྐྱོད་པ་དང་། གཤིན་རྗེ་ས་དེ་ནས་ལོག་སྟེ་བསྡད།ཁོ་ཕམ་སོང་།ལུས་པོའི་ཤེད་ཤུགས་ཉམས་ནས་ཡར་ལངས་མ་ཐུབ།ཁོས“གལ་ཏེ་ང་རང་གྲུ་ཟུར་འདི་ནས་དུས་ཡུན་རིང་པོ་ཞིག་ལ་ལོག་ཚེ།རྣམ་པ་ཅི་ལྟ་བུ་ཞིག་ཡིན་ནམ།འཇིག་རྟེན་ཐོག་མི་ཞིག་གཏན་ནས་ཤི་མི་སྲིད།མི་ཇེ་མང་ནས་ཇེ་མང་དུ་སོང་སྟེ་ཐ་ན་ཁོ་ཚོ་ཡར་ལངས་ནས་འདུག་སའི་ས་ཡང་མེད་འགྲོ”ཞེས་བཤད་པའི་སྐབས་དེར།གསོན་ཉམས་ལྡན་ཞིང་ལུས་ཕུང་བདེ་ཐང་ཡིན་པའི་ན་གཞོན་ཞིག་གིས་ངག་ནས་གླུ་ཞིག་ལེན་ཞོར་མིག་གཉིས་ཀྱིས་ཕར་ལྟ་ཚུར་ལྟ་བྱེད་བཞིན་ཚུར་ཐོན་བྱུང་།ཁོས་མི་ཞིག་དེ་ག་ན་ལོག་ཡོད་པ་མཐོང་རྗེས།སྙིང་རྗེ་སྐྱེས་ཏེ་སྔོན་ལ་སོང་ནས་ཁོ་ཡར་སྐྱོར་བ་དང་རང་ཉིད་ཀྱི་ཆང་དམ་བླངས་ཏེ་ཁོ་ལ་ཆང་ཁམ་འགའ་འཐུང་དུ་བཅུག ཁོས་ཤེད་ཤུགས་ཡོངས་སུ་སླར་གསོ་བྱས་རྗེས།མི་རྒྱུས་མེད་དེར་ཡར་ལངས་ཞོར་དུ“ཁྱོད་ཀྱིས་ང་རང་སུ་ཡིན་པ་ཤེས་སམ།ཁྱོད་ཀྱིས་ཡར་སྐྱོར་བའི་མི་དེ་སུ་ཡིན་པ་ཤེས་སམ”ཞེས་དྲིས།

ན་གཞོན་དེས“མི་ཤེས།ངས་ཁྱོད་རང་མི་ཤེས”ཞེས་བཤད།

ཁོས“ང་གཤིན་རྗེ་ཡིན།ངས་མི་གཅིག་ཀྱང་སྐྱུར་མི་སྲིད།ཁྱོད་ཀྱང་དེ་བཞིན་ཡིན།འོན་ཀྱང་།ཁྱོད་ལ་བཀའ་དྲིན་ཞུ་ཆེད་ངས་ཁྱོད་ལ་གློ་བུར་དུ་འཇབ་རྒོལ་མི་བྱེད་པར་ཁས་བླངས་པ་ཡིན།ངས་སྔོན་ལ་ཕོ་ཉ་མངགས་ཏེ་བརྡ་གཏོང་ངེས།དེ་ནས་ང་རང་དངོས་སུ་ཁྱོད་བསུ་རུ་ཡོང”ཞེས་བཤད།

ན་གཞོན་དེས“ཆོག་གི ཁྱོད་རང་ནམ་ཞིག་ལ་ཡོང་རྒྱུར་ཤེས་ན་དེ་ཡང་བཟང་ཆ་ཞིག་རེད།མ་མཐའ་ཡང་ཕོ་ཉ་ཡོང་བའི་སྔོན་ལ་ཁྱོད་ཡོང་རྒྱུར་སེམས་ཁུར་བྱེད་མི་དགོས”ཞེས་བཤད་རྗེས།ཁོ་རང་བུད་སོང་།དགའ་དགའ་སྐྱིད་སྐྱིད་དང་སེམས་ཁྲལ་མེད་པར་འཚོ་བ་རོལ།འོན་ཀྱང་ལང་ཚོ་དང་བདེ་ཐང་རྒྱུན་མི་རིང་།ཅང་མ་འགོར་བར་ན་ཚ་དང་སྡུག་བསྔལ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བྱུང་།དེས་ཁོ་ལ་ཉིན་མོར་མནར་གཅོད་བཏང་བ་དང་མཚན་མོར་གཉིད་མི་ཁུག་པར་བྱས།ཁོས་རང་གིས་རང་ལ“ང་མི་ཤི་ཁོ་ཐག་ཡིན།རྒྱུ་མཚན་གཤིན་རྗེ་ཡིས་སྔོན་ལ་ཕོ་ཉ་མངགས་ངེས།ནད་ཀྱིས་མནར་བའི་སྡུག་བསྔལ་གྱི་འཚོ་བ་འདི་དག་ཕར་སྐྱེལ་བར་སྨོན”ཞེས་བཤད།ཁོ་ལ་བདེ་ཐང་གི་ཚོར་སྣང་ཞིག་བྱུང་ཚེ་དུས་ཐོག་ཏུ་རྩེད་འཇོ་ལ་རོལ་ངེས།ཉིན་ཞིག་ལ།མི་ཞིག་གིས་ཁོའི་ཕྲག་པར་རྡེབ་བྱུང་།ཁོ་ཕྱིར་འཁོར་ནས་ལྟ་དུས་གཤིན་རྗེ་ཁོའི་རྒྱབ་ཏུ་ལངས་འདུག“ང་དང་མཉམ་དུ་འགྲོ། ཁྱོད་འཇིག་རྟིན་ལ་ཁ་བྲལ་བའི་དུས་ལ་ཐོན་འདུག”ཅེས་བཤད།

མི་དེས“ཅི་རེད།ཁྱོད་ཀྱིས་སྐད་ཆ་བཤད་པ་དོན་ལ་མི་གནས།ཁྱོད་མ་ཡོང་སྔོན་ལ་ཕོ་ཉ་ཞིག་མངགས་ཡོང་ཟེར་བ་མ་ཡིན་ནམ།ངས་ཕོ་ཉ་ཞིག་མ་མཐོང”ཞེས་ལན་བཏབ།

གཤིན་རྗེ་ཡིས“ད་ཅང་མ་བཤད།ངས་ཡང་ནས་ཡང་དུ་ཕོ་ཉ་མངགས་ནས་ཁྱོད་བཙལ་མྱོང་བ་མ་རེད་དམ།འོ་ན་ཁྱོད་ལ་ཚ་བ་རྒྱས་མ་མྱོང་ངམ།ནད་ཀྱིས་ཁྱོད་རང་མནར་ཏེ་མལ་ལས་ལངས་མི་ཐུབ་པར་མ་བྱས་སམ།ཁྱོད་ཀྱིས་མགོ་ཡུ་འཁོར་བ་དང་རྐང་ལག་གཟེར་བ་གཏན་ནས་མ་ཤེས་སམ།རྣ་འུར་མ་མྱོང་ངམ།སོ་གཟེར་མ་མྱོང་ངམ།མིག་མདུན་ནག་པོར་གྱུར་མ་མྱོང་ངམ།གཞན་ཡང་།ངའི་སྙིང་ཉེ་བའི་སྤུན་ཟླ་གཉིད་ལྷའི་ཡང་མཚན་མོ་རེ་རེར་ཁྱོད་ལ་ང་གླེང་བཞིན་པ་མ་ཡིན་ནམ།མཚན་མོ་གཉིད་པའི་སྐབས་སུ་ཁྱོད་རང་ཤི་སོང་བ་དང་ཁྱད་པར་ཅི་ཞིག་ཡོད་དམ”ཞེས་བཤད།མི་དེ་ཁ་གྲག་རྒྱུ་མེད་པར་བཏང་བ་དང་།བྱ་ཐབས་ཟད་ནས་གཤིན་རྗེ་དང་མཉམ་དུ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།