བུ་ལ་གནང་བའི་སྙན་ངག

བུ་ལ་གནང་བའི་སྙན་ངག

རུས་པ།

             གཅིག

ནམ་ཞིག་གི་ཚེ། ཆོས་ཉིད་ཀྱིས་བདག་གི་མཇིང་པར་རལ་གྲི་བཞག་ཚེ།

ཁྱེད་ཀྱིས་དེ་ཉིད་ཅིས་ཀྱང་བདེ་སྐྱིད་ཅིག་ཏུ་སྒོམ་རོགས་ཞུ།

མི་ཚེ་ནི་བདེ་སྡུག་གི་གཤོག་པར་བཅིབས་པའི་སྤྲིན་པ་ཞིག་ཡིན་ཙང་།

གལ་ཏེ།   རྣམ་ཤེས་ཀྱི་འཛིན་ཐག་ལྷོད་ཀྱིས་ཆད་ཚེ། 

ཤ་ཁྲག་གི་ཕུང་བོ་ཡང་བྱེ་མའི་འཆིང་བུ་ཞིག་ཡིན་པ་སེམས་ལ་ཟུངས་དང་།

“འཇིག་རྟེན”ཞེས་པའི་ཐ་སྙད་ཀྱིས་ཁྱེད་ཀྱི་སྡུག་བསྔལ་གྱི་རྨ་ཁར་གཡེང་པའི་གད་སྙིགས་ཀྱི་ཕུང་བོ་དག་གཙང་བཀྲུ་བྱ་ངེས།

བདག་གིས་ཁ་ཆེམས་ནི་ན་བསྲན་ཅན་གྱི་སྐྱེས་བུ་ཁོ་ན་ཞིག་ལ་དབང་སྙམ་པས།

ལྷིང་འཇགས་ཀྱི་མཚན་མོ་འདིར་ཁྱེད་ལ་སྙན་ངག་ཅིག་གནང་དགོས་བྱུང་།

ཁྱེད་ཀྱི་སྤོ་བོ་འདས་དུས་བདག་གི་སེམས་གསོ་ནི་གུས་ཕྱག་དང་མཆོད་མེ།

ཚ་བསུར་དང་ཡིག་དྲུག་གི་གཟུངས་སྔགས་ཁོ་ནར་བསམ་པ་ནང་བཞིན།

ང་རང་འདས་དུས་ཀྱང་ཁྱེད་ཀྱིས་བརྗེད་མི་རུང་པ་ཡོ་བྱད་དེ་དག་ཡིན་ལ།

ཁྱེད་ཀྱི་ཨ་མ་གཤེགས་དུས་ཀྱང་དེ་ལྟར་རོ། 

       གཉིས།

ང་རང་སྙིང་ཉེ་བའི་ཁྱེད་དང་གཏན་དུ་བྲལ་རྗེས།

ཁྱེད་ཀྱིས་བདག་གི་རྣམ་ཤེས་དང་བེམ་པོ་རྡོ་བའི་གྲོང་ཁྱེར་ལ་མི་བཅོལ་བར།

རི་མཐོ་ས་གཙང་གི་དགོན་སྡེ་ཞིག་ནས་མེ་ལ་སྦྱིན་རོགས།

བདག་གི་རུས་ཐལ་ཡང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་།

ཉི་མ་ལྷ་སའི་དག་གཙང་གི་རི་ཆུའི་ཀློང་ལ་ག་ལེར་གཏོར་རོགས།

དེ་ནི་བདག་མག་མོག་གི་བསླུ་བྲིད་ཙམ་པོ་བ་ཞིག་ལ་ཞེད་པ་ཡེ་མིན་པར།

མི་ཚེ་འདིའི་ཆེས་མཐའ་མཇུག་གི་བརྩེ་དུང་གི་བདེན་པ་ཡིན་ལགས།

བུ་ཆུང་ལགས།ཁྱེད་ཀྱི་མིག་ཟུང་ནས་ངས་འཆི་བ་དང་འབྲེལ་བའི་འཇིགས་

སྐྲག་གི་ཐ་སྙད་ཅི་ཡང་རྙེད་མ་བྱུང་།

འོན་ཀྱང་།  ངས་མྱོང་སྣང་དེ་བདེ་སྐྱིད་ཅིག་ཏུ་ནམ་ཡང་རློམ་གྱིན་མེད།

ཚེ་སྲོག་ཡོད་དོ་ནི་སྐྱེ་འཆི་གཉིས་ཀྱིས་བསྐོར་བའི་འཕང་ལོ་ཞིག་ཡིན་ཨང་།

མཁའ་དབྱིངས་སུ་ག་ལེར་བཞད་པའི་སྐར་མའི་ཚོམ་བུ་ལས།

ཏག་ཏག་སྐར་མ་འོད་ཆེན་ཞིག་གློག་ཞགས་བཞིན་གནམ་མཐར་ཡལ་ཤུལ་དུ།

ང་ལ་གཉིད་མི་ཁུགས་པའི་སེམས་ཁུར་ཞིག་གཏིང་ནས་འོང་།

          གསུམ།

ཁྱེད་ཀྱི་ཕ་མ་ནི་ཆེས་སྤྱིར་བཏང་གི་ཕ་མ་གཉིས་ཡིན་ཀྱང་།

ཁྱེད་ཀྱི་རིགས་རུས་ནི་བོད་ཅེས་པའི་རླབས་ཆེན་གྱི་མི་རིགས་ཤིག་ཏེ།

བོད་ཅེས་པ་ནི་ཨ་ཕའི་དཔེ་སྒྲོམ་སྟེང་གི་བོད་ཡིག་གི་དཔེ་ཆ་དེ་དག་ཡིན།

བདག་ལ་བློ་འགྱོད་ཅིག་ཡོད་པ་ནི་ངས་ནི་གསུང་རབ་དེ་དག་ལ་རྡུལ་སྤྲུགས་ཙམ་ཡང་མ་ནུས་པ་བཞུད་སོང་པ་དེ་ཡིན་ལ།

བདག་ལ་ད་དུང་སེམས་ཁུར་ཞིག་ཡོད་པ་ནི་ཁྱེད་ཀྱི་གཙང་སྦྲ་ལ་མཁས་པའི་ཆུང་མས་དེ་དག་གད་སྙིགས་སུ་འཕངས་ཨེ་འགྲོ་སྙམ་པ་དེ་ཡིན།

ཁྱེད་ཀྱི་དུས་རབས་དང་འཚོ་བ་བདག་གི་ཚོད་དཔག་ལས་རིང་དུ་བརྒལ་ཡོད་ཀྱང་།

ཁྱེད་ནི་བོད་སྐད་བཤད་དེ་བོད་ཡིག་བསླབ་མཁན་ཞིག་ཏུ་གྱུར་ཚེ།

དེ་ནི་ཕ་མ་ཞིག་གི་ང་རྒྱལ་དང་རེ་བ་ཁོ་ན་ཙམ་མིན་པར།

སྐད་ཆ་དང་ཡི་གེ་དེ་དག་གི་སྙིང་བོར་མར་གྱུར་སེམས་ཅན་ཐམས་ཅད་ལྷུན་གྱིས་སྣང་ཡོད་པས།

ཁྱེད་རང་སྐྱེས་ཉིན་ནས་བཟུང་ཁྱེད་ལ་བོད་སྐད་དང་བོད་ཡིག་བསླབས་དོན་ཡང་དེ་ལས་མ་འདས་ཤིང་།

མེས་པོའི་བྱམས་བསྐྱེད་ཀྱིས་བསྐྲུན་པའི་ཞིང་ཁམས་དེ་ནི།

ངས་ནི་ནམ་ཡང་ས་སྒང་འདིའི་གོ་ལ་ཡོད་ཚད་ཤོང་ཆོག་པའི་གྲུ་གཟིངས་ཤིག་ལ་ངོས་བཟུང་ཡོད།

           བཞི།

ངེད་ཅག་ལ་འགྲོ་གྲོན་ཆེན་པོ་གཏོང་མི་དགོས་པའི་རང་དབང་གི་གཞིས་ཁྱིམ་ཞིག་ཡོད།

དེ་ཡི་མིང་ལ་ལ་ལས་སྦྲ་ནག་ཟེར་ལ་ཡང་ཁ་ཅིག་གིས་རྩྭ་ཐང་ཟེར།

རྒྱ་གྲོང་ནས་ཁྱི་གུ་རེ་གཉིས་ཀྱི་ཟུག་སྐད་རྣ་བར་ཐོས་ཙམ་གྱིས་ཀྱང་།

ཆེས་ཐོག་མར་བདག་གི་སེམས་ལ་འཁོར་འོང་བ་ནི་གཞིས་ཁྱིམ་དེ་ཡིན།

དེ་ནི་ཁྱེད་ལ་མཚོན་ན་ངག་རྒྱུན་ཞིག་ཡིན་ཡང་།

ངག་རྒྱུན་དེ་ནི་མཐོ་སྒང་གི་བོད་མི་ཚོས་ལུས་ངག་ཡིད་གསུམ་གྱིས་རོལ་མྱོང་བའི་འཚོ་བ་ངོ་མ་ཞིག་ཡིན།

བདག་གི་དུས་སྐབས་ནས་དེ་ཉིད་ཚིག་མཛོད་ཁོ་ནའི་སྟེང་གི་ཐ་སྙད་ཅིག་ཏུ་འགྱུར་འགྲོ་བས་ན།

ཁྱེད་ཀྱི་རིང་ལ་དེ་ཉིད་ཀློག་མཁན་མེད་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་རལ་བོ་ཞིག་ཏུ་སྔར་ནས་གྱུར་ཡོད་སྲིད།

དེ་ཡང་བདག་གི་སེམས་ཁུར་དུ་གཏོགས་པས་ཁྱེད་ཀྱི་འགན་འཁྲི་ཅི་འདྲའི་ལྕི་ཨང་།

             ལྔ།

སྙན་ངག་འདི་བཀླགས་ནས་ཚན་པ་ལྔ་པར་བསླེབས་དུས།

ཁྱེད་ལ་སུན་སྣང་གི་ངལ་དུབ་ཅིག་གིས་གཙེས་བཞིན་ཡོད་ནའང་།

དོན་དུ་ཨ་ཕའི་སྙན་ངག་ཀྱང་བྲིས་ནས་ཚར་ལ་ཉེ་ཡོད།

མཚན་སྨད་འདིར།ཁྱེད་ཀྱི་ཨ་མ་འཁོར་བའི་ལས་ཚེགས་ཀྱིས་མནར་ནས་གཉིད་ལ་ཡུར་འདུག

འོན་ཀྱང་ཁོ་མོའི་ཆེས་མཛེས་སྡུག་གི་རྨི་ལམ་ནི་ཁྱེད་དང་།

རྨི་ལམ་ཁྲོད་ད་དུང་ཡང་ཁྱེད་ལ་ཁྱིམ་ཚང་ཆུང་ཆུང་ཞིག་ཇུས་འགོད་གནང་བཞིན་ཡོད།

ཁྱེད་ཀྱིས་ཀྱང་སྔུར་བ་ཡངས་མོ་ཞིག་འཐེན་བཞིན།

བདེ་སྐྱིད་ངོ་མ་ཞིག་མིག་ཟུང་གི་འཛུམ་གོང་ལ་ག་ལེར་འཁྱིལ་འདུག

དུས་འདིར།  ཨ་ཕས་ཀྱང་མཁའ་དབྱིངས་སུ་འཚེར་བའི་ཟླ་བ་ཁེར་རྐྱང་ཞིག་ལ་རོལ་བཞིན་རང་གི་ཡུམ་ཆེན་དྲན་གིན་ཡོད།

ལོ་ན་བགྲེས་པོའི་རྨོ་མོས་ས་མཐར་གྱེས་པའི་བུ་ཕྲུག་ཚོའི་བདེ་སྡུག

ཕྱིར་ལོག་མེད་པའི་ཚེ་འདས་ཀྱི་སྤོ་བོར་ལབ་ཀྱིན།

དེ་ནི་རྨི་ལམ་ཞིག་ཡིན་པ་གཏན་ནས་བརྗེད་དེ།

རྫོགས་མཐའ་མེད་པའི་སང་ཉིན་གྱི་འཆར་གཞི་གླེང་གིན་ཡོད་སྲིད།

མཚན་མོ་འདི་དྲན་གདུང་གི་མཚན་མོ་ཞིག་ཡིན་ནམ་ཅི།

ཨ་ཕས་ཕ་ཡུལ་ནས་ཁྱེར་འོང་པའི་བྱི་ལ་དཀར་པོས་ཀྱང་།

ད་ནི་རང་གི་ཨ་མ་དྲན་དེ་རང་ཁྱིམ་གྱི་གྲུ་ག་སོ་སོ་ན།

རྔ་མ་གཡུགས་བཞིན་ངུ་སྐད་འདོན་བཞིན་ཉུལ་གྱིན་འདུག

         དྲུག

བུ་ཆུང་ལགས།  ད་དུང་ཅུང་ཙམ་གསོན་དང་ད་ནི་སྙན་ངག་འདིའི་ཐ་མའི་ལེའུ་ཡིན། 

མཇུག་མཐར་ཨ་ཕའི་རེ་བ་གསུམ་གྱིས་སྙན་ངག་འདི་རྫོགས་པར་བྱ།

སྙན་ངག་འདི་ཚན་པ་དྲུག་ཏུ་དབྱེ་དོན་ཡང་ཡི་གེ་དྲུག་པའི་གཟུངས་སྔགས་ལ་སྐྱབས་སུ་སོང་པས་དེ་ལྟར་བཀོད་པ་ཡིན་པས།

འདི་ནི་སྒེར་ཞེན་གྱི“རྨོངས་དད”ཁོ་ན་ཞིག་མིན་པར།

ཨ་ཕའི་རུས་རྐང་གི་དྭངས་མར་འཐིམས་པའི་མཛེས་པ་ཞིག་ཏུ་ཁྱེད་ཀྱིས་ཅིས་ཀྱང་རློམས་རོགས།

ད་དུང་ཁྱེད་ཀྱིས་ཀྱང་རང་གི་བུ་ལ་གནང་བའི་སྙན་ངག་ཅིག་བྲི་རོགས།

དེ་ནས་ཁྱེད་ལ་གནང་བའི་སྙན་ངག་འདི་རང་གི་ལག་པས་དཀར་གཙང་གི་ཤོག་ངོར་ཕབ་རྗེས།

ཁང་ཁྱིམ་གྱི་མཐོང་ཡངས་པའི་ལྡེབས་ངོས་ཤིག་ལ་གཏན་དུ་འགེལ་རོགས་ཞུ།


སྤྱི་ལོ2014/8/1པའི་མཚན་མོར་རང་ཁྱིམ་དུ་བྲིས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།