གངས་མི།

 ཨན་ཐུའུ་ཧྲིན་གྱིས་བརྩམས།

རྡོ་རྗེ་སྒྲོལ་མས་བསྒྱུར།    

“ནམ་ཟླ་ཤིན་ཏུ་འཁྱགས་པས་སྙིང་རྗེ་བ་ཞིག་རེད། ངའི་ལུས་ཕུང་ནས་གསལ་ཞིང་འཇེབས་པའི་ཙག་སྒྲ་འབྱིན་པར་ངེས”གངས་མིས་དེ་སྐད་ཟེར་ཞིང་། ཡང“རླུང་གིས་ཁྱོད་རང་གྲུང་ཤ་དོད་པར་བྱེད་ངེས། ཁྱོད་ཀྱིས་འོད་དུ་འཚེར་བའི་དངོས་པོ་དེར་ལྟོས་དང་། ཁོ་མོས་ང་ལ་ཧུ་རེར་ཅེར་འདུག”ཁོའི་ནང་དོན་ནི་ནུབ་ལ་ཉེ་བའི་ཉི་མ་དེ་བསྟན་ནས“ཁོ་མོའི་སེམས་སུ་ངས་མོར་ཕུར་ཚུགས་སུ་ལྟ་བ་ནི་དཔེ་མི་སྲིད་དེ། ངས་མོའི་མདུན་དུ་གཏན་ནས་མགོ་མི་སྒུར”ཞེས་བཤད།

ཁོའི་མགོ་རུ་རྫ་ལེབ་ཟུར་གསུམ་མ་གཉིས་ཡོད་པ་དེ་ནི་མིག་ཟུང་ཡིན་ཞིང་། ཁ་ནི་ཤལ་རྙིང་པ་ཞིག་གིས་བྱས་པས་དེས་ནི་ཁོར་སོ་ཡོད་པར་བཏང་ཡོད།

ཁོ་ནི་བྱིས་པ་སྐོར་ཞིག་གི་དགའ་འབོད་ཁྲོད་ནས་སྐྱེས་པ་དང་། གངས་གྲུའི་སིལ་སྙན་དང་རྟ་ལྕག་གི་འཕྱར་སྒྲའི་ཁྲོད་དུ་དེ་ཉིད་ལ་བསུ་མ་བྱས།

ཉི་མ་ནུབ་རིར་ཡིབ། དཀར་གསལ་གྱི་ཟླ་བ་མཁའ་རུ་འཕགས། སྔོ་བསངས་ཀྱི་སྟོང་པའི་མཁའ་དབྱིངས་ན་ཟླ་བ་སྒོར་ཞིང་ཆེ་ལ་གཙང་ཞིང་མཛེས།

གངས་མིས“ཁོ་མོ་ཡང་ཕྱོགས་གཞན་པ་ཞིག་ནས་ཤར་བྱུང”ཟེར་ཞིང་། ཁོའི་སེམས་སུ་དེ་ནི་ཉི་མས་ཡང་བསྐྱར་ཁོ་མོའི་བཞིན་རས་ངོམ་པར་སེམས། “ཨ། ངས་ནི་མོའི་མིག་ཧུར་རེར་ལྟ་བའི་ནད་དེ་དྲག་ཏུ་བཅུག་འདུག ད་ནི་ཁོ་མོ་མཐོན་པོའི་དབྱིངས་ནས་འཚེར་དུ་བཅུག་པ་ཡིན། ངས་ནི་ཕྲ་ཞིབ་ཀྱིས་རང་ཉིད་ལ་བལྟས་ཆོག ངས་ནི་ཐབས་ཤེས་ཅི་ཞིག་གིས་རང་ཉིད་འགུལ་བར་བྱེད་དུ་བཅུག་ན་འདོད་ཡོད་ལ། ང་ནི་ཅི་འདྲའི་འགུལ་བར་འདོད་པ་ལ་ཨང་། གལ་ཏེ་ང་རང་འགུལ་ནུས་ན་ང་རང་མཐོང་ལམ་གྱི་བྱིས་པ་དེ་དག་དང་འདྲ་བར། དར་ཐོག་ནས་དར་ཤུད་ཐེངས་འགའ་སྟེག་ན་འདོད་མོད། འོན་ཀྱང་ཇི་ལྟར་བརྒྱུག་དགོས་པ་ངས་མི་ཤེས”ཟེར།

ར་སྐོར་སྲུང་བའི་ཁྱི་རྒན་དེས“འབ། འབ། ད་ནི་ཚར་སོང”ཞེས་བཤད། ཁོའི་སྐད་ཅུང་འགགས་ཡོད་ལ། ཁོ་ནི་སྔོན་ཆད་ཁང་པའི་ནང་དུ་བསྡད་ཅིང་མེ་ཐབ་ཀྱི་འགྲམ་ནས་ཉལ་བའི་སྐབས་སུ་དེ་ལྟར་ཡིན། དེས“ཉི་མས་ཁྱོད་ལ་ཇི་ལྟར་རྒྱུག་ཚུལ་ཁྲིད་ངེས། ན་ནིང་དགུན་ཁར་ངས་ཁྱོད་ཀྱི་ཡང་མེས་ལ་དེ་ལྟར་ཁྲིད་བཞིན་པ་མཐོང་མྱོང་། དེའི་ཡར་སྔོན་དུ། ཁྱོད་ཀྱི་ཡང་མེས་ཀྱི་ཡང་མེས་ཀྱང་དེ་ལྟར་ཡིན། འབ། འབ། ད་ནི་ཚར་སོང་། ཁྱོད་ཚོ་ཡོད་ཚད་ཚར་སོང”ཞེས་བཤད།

གངས་མིས་དེར“གྲོགས་པོ་ལགས། ངས་ཁྱོད་ཀྱི་དེའི་ཧ་མི་གོ། དངོས་པོ་གན་གྱིས་ང་ལ་རྒྱུག་ཚུལ་ཁྲིད་ངེས་སམ”ཁོའི་ནང་དོན་ནི་ཟླ་བ་བསྟན་པ་ཡིན།“བདེན་ཏེ། ད་སོ་མ་ངས་མོར་ཞིབ་ཏུ་ལྟ་བཞིན་པའི་སྐབས་སུ་ངས་མོ་རང་རྒྱུག་བཞིན་པ་མཐོང་སོང་། ད་ནི་ཁོ་མོ་ཡང་བསྐྱར་ཕྱོགས་གཞན་པ་ཞིག་ནས་ལྐོག་སུད་ཀྱིས་ཡར་འཕགས་བྱུང”ཞེས་བཤད།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག དེ་ལྟ་ནའང་ཁྱོད་ནི་ད་སོ་མ་མི་གཞན་གྱིས་བཟོས་པ་ཞིག་ཡིན། ཁྱོད་ཀྱིས་མཐོང་བའི་དངོས་པོ་དེ་ནི་ཟླ་བ་རེད། ཡིན་ཡང་ད་སོ་མ་མར་ནུབ་པ་དེ་ནི་ཉི་མ་རེད། མོ་ནི་སང་ཉིན་ཡང་བསྐྱར་ཤར་ནས་ཡོང་སྲིད། མ་ཟད་ཁོ་མོས་ཁྱོད་ལ་གྱང་རྩའི་ཤུར་མོ་དེ་རུ་ཇི་ལྟར་རྒྱུག་ཚུལ་ཁྲིད་ངེས། ནམ་ཟླ་ནི་མི་འགྱངས་པར་འགྱུར་འགྲོ་ངེས་ཏེ། དེ་ནི་ངས་རྐང་པ་གཡོན་མ་འདི་ལས་ཤེས་རྟོགས་བྱེད་ནུས་པ་དང་། རྒྱུ་མཚན་ནི་དེ་ལ་ཟུག་གཟེར་ཅུང་ཟད་འདུག་པས་ནམ་ཟླ་འགྱུར་རྒྱུ་ཡིན་པ་རེད”ཅེས་བཤད།

གངས་མིས“ངས་ཁོའི་ནང་དོན་ཧ་མི་གོ། ཡིན་ནའང་ང་ལ་ཁོས་ནི་སྐྱོ་སྡུག་གི་དོན་དག་རིགས་ཤིག་འཆད་བཞིན་པའི་ཚོར་སྣང་བྱུང་། ད་སོ་མ་ང་ལ་ཕུར་ཚུགས་སུ་ལྟ་ཞིང་དེའི་རྗེས་ནས་ཡལ་བར་གྱུར་པའི་དངོས་པོ་དེ་ལ། ཁོས་ནི‘ཉི་མ’ཞེས་སུ་འབོད་པ་དང་། དེ་ནི་ངའི་གྲོགས་པོ་མིན་ངེས་པའི་གནས་དེ་ངས་ཚོར་རྟོགས་བྱུང”ཞེས་བཤད།

“འབ། འབ། ད་ནི་ཚར་སོང”ར་སྐོར་སྲུང་བའི་ཁྱི་རྒན་དེ་སྐད་ཟུག་ཅིང་། སྐོར་བ་གསུམ་བརྒྱབ་རྗེས་ཁོའི་ཁང་མིག་ཆུང་ཆུང་དུ་འཛུལ་ནས་ཉལ་བྱུང་།

ནམ་ཟླ་ནི་དངོས་ནས་འགྱུར་སོང་། ནམ་གསལ་བའི་སྐབས་སུ་སྨུག་སྤྲིན་སྟུག་པོ་ཞིག་གིས་ས་གཞི་ཡོངས་སུ་བཏུམ་སོང་། ཞོགས་པར་སླེབས་པ་ན་རླུང་བུ་ཞིག་ལྡང་བྱུང་། འཁྱག་རླུང་ཞིག་ལྡང་བྱུང་། ཙག་དང་སད་ཀྱིས་ཡོད་ཚད་བཏུམ་ནའང་། ཉི་མ་ཡར་འཕགས་པ་ན་དེ་ནི་ཅི་འདྲའི་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཡིན་ཨང་། ལྗོན་ཤིང་གི་ཚོགས་ལ་བད་དཀར་པོ་ཞིག་གིས་གཡོགས་པ་དང་བལྟས་ཚོད་ཀྱིས་ཤིན་ཏུ་འཐུས་ཚང་བའི་བྱུར་དཀར་གྱི་ནགས་ཚལ་ལྟ་བུ་ཞིག་དང་འདྲ་ལ། ལྗོན་ཤིང་ཡོད་ཚད་ཀྱི་ཡལ་གར་འོད་འཚེར་འཚེར་གྱི་མེ་ཏོག་དཀར་པོ་བཞད་པ་དང་ཀུན་ནས་མཚུངས། ནེམ་ཞིང་ལྗང་བའི་ཡལ་ག་ཆུང་ངུ་མང་པོ་ཞིག་ནི་དབྱར་ཁར་ལོ་མ་སྟུག་པོས་བཀབ་ནས་མཐོང་མི་ནུས་ནའང་། ད་ནི་དེ་དག་ཡོད་ཚད་རེ་རེ་ནས་ཕྱིར་ཕྱུངས་འདུག དེ་ནི་གཙགས་དྲུབ་ཅིག་དང་འདྲ་བ་སྟེ། ཤིན་ཏུ་དཀར་པོ་ཡིན་པས་ཡལ་ག་ཆུང་བ་རེ་རེ་ནས་དཀར་གཙང་དངུལ་མདོག་གི་འོད་ཟེར་ཅིག་སྤྲོ་བ་དང་མཚུངས། རླུང་བུའི་ཁྲོད་ན་གཡོ་ཞིང་འགུལ་བ་དང་གྲུང་ཤ་དོད་པས་དབྱར་གཞུང་གི་སྡོང་ཕྲུག་དང་དབྱེར་མ་མཆིས། ཉི་མ་ཤར་བ་ན་གང་ས་གང་དུ་འོད་ཟེར་འཕྲོས་པ་དང་དེ་ནི་ས་སྟེང་ཡོངས་སུ་རྡོ་རྗེ་ཕ་ལམ་གྱི་རྡུལ་ཕྱེ་གཏོར་བ་དང་ཡང་མཚུངས་ལ། མི་ཞིག་གིས་ཧ་ལམ་ས་སྟེང་དུ་གངས་དཀར་ལས་ལྷག་པའི་གློག་སྒྲོན་དཀར་པོ་མང་པོ་བཀར་ཡོད་པར་རབ་རྟོག་བྱས་ཆོག

ན་ཆུང་གཞོན་ནུ་ཕོ་མོ་ཟུང་ཞིག་མེ་ཏོག་ལྡུམ་རར་སླེབས་ཤིང་། ཏག་ཏག་གངས་མིའི་ཉེ་འགྲམ་ནས་འོད་དུ་འཚེར་བའི་ལྗོན་ཤིང་དེ་དག་ལ་བལྟས་ནས་གཞོན་ནུ་མ་དེས“ཅི་འདྲའི་མཛེས་པ་ལ། དབྱར་ཁས་ཀྱང་ང་ཚོར་འདི་ལས་མཛེས་སྡུག་གི་ཡུལ་ལྗོངས་ཤིག་བསྟབས་མི་ནུས”ཞེས་བརྗོད་ཅིང་སྐབས་དེར་མོའི་མིག་ཟུང་ལས་ཀྱང་འོད་མདངས་སྤྲོས་ཡོང་།

གཞོན་ནུ་དེས་གངས་མི་བསྟན་ནས“དེར་མ་ཟད་དབྱར་གཞུང་དུ་ང་ཚོར་ཁོ་ལྟ་བུའི་གྲོགས་པོ་ཞིག་མེད་ལ། ཁོ་ནི་དངོས་གནས་ཤིན་ཏུ་མཛེས”ཞེས་བཤད།

གཞོན་ནུ་མ་དེ་ལྷུག་ལྷུག་ཏུ་བགད་པ་དང་གངས་མིར་བལྟས་ནས་མགོ་བོ་ནང་དུ་བཀུག་ཅིང་། དེ་ནས་མོའི་གྲོགས་པོ་དང་ལྷན་དུ་གནམ་ལྡིང་ས་ལྡིང་གིས་བཞུད་སོང་། ཁ་བ་ནི་མོའི་གོམ་པའི་སྟངས་སྟབས་ཀྱི་འོག་ཏུ་ཐྲིག་སྒྲ་གྲགས་ཤིང་ཁོ་ཚོ་ནི་ཕྱེ་དཀར་གྱི་སྟེང་དུ་བགྲོད་པ་དང་མཚུངས།

གངས་མིས་ར་སྐོར་སྲུང་བའི་ཁྱི་རྒན་ལ“མི་འདི་གཉིས་ནི་སུ་རེད། ཁྱོད་ནི་ར་སྐོར་འདིའི་ནང་ནས་ང་ལས་བསྡད་པའི་དུས་ཚོད་རིང་ཞིང་། ཁྱོད་ཀྱིས་ཁོ་ཚོ་ངོ་ཤེས་སམ”ཞེས་དྲིས།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ངས་ཁོ་ཚོ་ངོ་ལོས་ཤེས། ཁོ་མོས་ང་ལ་བྱིལ་བྱིལ་བྱས་མྱོང་ཞིང་ཁོས་ང་ལ་རུས་ཐོ་བྱིན་མྱོང་། ངས་ཁོ་གཉིས་ལ་གཏན་ནས་རྨུགས་མི་སྲིད”ཅེས་བཤད།

“ཡིན་ནའང་ཁོ་གཉིས་ནི་སུ་རེད་དམ”གངས་མིས་དེ་ལྟར་དྲིས་པ་ལ།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“མཛའ་བོ་ཟུང་ཞིག་ཡིན། ཁོ་ཚོ་ནི་སྤྱི་མཐུན་གྱི་ཁྱིམ་ཚང་ཞིག་ཏུ་གནས་འཆའ་ཞིང་སྤྱི་མཐུན་གྱི་རུས་ཐོ་ཞིག་མུར་ངེས་རེད། འབ། འབ། ད་ནི་ཚར་སོང”ཞེས་པར།

གངས་མིས“ཁོ་ཚོ་ནི་ཁྱོད་དང་ང་ལྟར་དུ་གལ་ཆེན་ཡིན་ནམ”ཞེས་དྲིས་པར།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ཁོ་ཚོ་ནི་བདག་པོ་གཅིག་ལ་གཏོགས་པ་ཡིན། ཁ་སང་སོ་མ་བཙས་པའི་མི་ཞིག་གིས་ཤེས་པའི་དོན་དག་ནི་ཤིན་ཏུ་ཉུང་ངེས་ཏེ། དེ་ནི་ངས་ཁྱོད་ཀྱི་ལུས་སྟེང་ནས་ཤེས་ཐུབ། ང་ནི་ལོ་ན་སོན་སྟབས་ཤེས་རྒྱ་ཆེན་པོ་ལྡན། ངས་ར་སྐོར་འདིའི་ནང་གི་དོན་དག་ཡོད་ཚད་ཤེས་པ་ཡིན། དུས་སྐབས་ཤིག་ཏུ་ང་ནི་ལྕགས་ཐག་གིས་མ་བཅིངས་པར་གནས་འདིའི་གྲང་འཁྱག་ཁྲོད་འགྲེང་ནས་བསྡད་པ་ཡིན། འབ། འབ། ད་ནི་ཚར་སོང”ཞེས་བཤད།

གངས་མིས“གྲང་འཁྱག་ནི་སྙིང་རྗེ་བ་ཞིག་མ་ཡིན་ནམ། ཁྱོད་ཀྱིས་ཤོད་དང་། ཁྱོད་ཀྱིས་ཤོད་དང་། ཡིན་ཡང་ཁྱོད་ཀྱིས་ལྕགས་ཐག་དེ་ལྟར་གྲག་ཏུ་མ་འཇུག ཁྱོད་ཀྱིས་དེ་ལྟར་གྲག་ཏུ་བཅུག་ན་ངའི་སྙིང་ལ་གས་ཁ་ཤོར་བ་དང་འདྲ”ཞེས་བཤད། ར་སྐོར་སྲུང་བའི་ཁྱི་རྒན་གྱིས“འབ། འབ། ད་ནི་ཚར་སོང”ཞེས་ཟུག་ཅིང“ང་ནི་སྔོན་ཆད་ཁྱི་ཕྲུག་སྙིང་རྗེ་ཞིག་ཡིན། མི་རྣམས་ཀྱིས་བཤད་ན་ང་ནི་ཆུང་ཞིང་སྙིང་རྗེ་པོ་ཞིག་འདུག་ཅེས་ཟེར། སྐབས་དེར་ང་ནི་ནམ་རྒྱུན་ཁང་པའི་ནང་གི་ལྷ་བྱ་ཁྲུང་ཁྲུང་གི་ཁུ་ལུའི་གདན་བཏིང་ཡོད་པའི་རྐུབ་སྟེགས་སྟེང་ཉལ་ཞིང་མཚམས་ལན་རེར་བདག་མོའི་པུས་མོའི་སྟེང་ནས་བསྡད་པ་ཡིན། ཁོ་ཚོས་རྒྱུན་པར་ངའི་སྣ་ལ་འོ་བྱེད་པ་དང་། མེ་ཏོག་གཙགས་ཡོད་པའི་ལག་རས་ཀྱིས་ངའི་རྐང་མཐིལ་འབྱིད་པ་ཡིན་ལ། ང་ལ་ཆེས་མཛེས་སྡུག་གི་ཧཱ་པ་གཅེས་ཕྲུག་ཅེས་འབོད། ཡིན་ཡང་རྗེས་ནས་ཁོ་ཚོས་ང་ཆེ་རུ་ཕྱིན་འདུག་སྙམ་ནས་ང་རང་གཉེར་བའི་ལག་ཏུ་སྤྲད་པ་དང་།དེ་ནས་བཟུང་ང་རང་ས་འོག་ཁང་པར་བསྡད་པ་ཡིན། ད་ལྟ་ཁྱོད་ཀྱིས་གནས་དེ་མཐོང་ཐུབ་པ་དང་ཁང་མིག་དེ་ཡང་རིག་ཐུབ། ང་ནི་ཁང་པ་དེའི་བདག་པོ་ཡིན། རྒྱུ་མཚན་ནི་ང་དང་གཉེར་བ་དེའི་འབྲེལ་བ་དེ་ཙམ་ཡིན། ཐོག་ཁང་དང་བསྡུར་ན་གནས་དེ་ནི་དངོས་གནས་ཤིན་ཏུ་ཆུང་བའི་གནས་ཤིག་ཡིན་མོད། འོན་ཀྱང་ང་ནི་དེ་རུ་ཧ་ཅང་བདེ་བར་བསྡད་ཡོད་ལ། ཐོག་ཁང་ནང་བསྡད་ཡོད་པ་བཞིན་བྱིས་པ་དག་གིས་བདའ་འདེད་བྱེད་པའམ་ཤ་གཅུས་རྒྱག་པ་མེད་པ་དང་ང་ལ་སྔོན་ཆད་ལས་ལྷག་པའི་ཁ་ཟས་བཟང་པོ་ཐོབ་ངེས། ང་ལ་རང་ཉིད་ཀྱི་མལ་གདན་ཡོད་པར་མ་ཟད་ད་དུང་མེ་ཐབ་ཅིག་ཀྱང་ཡོད། དེ་ནི་དུས་ཚིགས་འདིར་མཚོན་ན་འཛམ་གླིང་སྟེང་གི་དངོས་པོ་ཆེས་བཟང་པོ་དེ་ཡིན། ང་རང་མེ་ཐབ་དེའི་ཞབས་སུ་འགོས་ནས་དེ་རུ་བདེ་བར་མལ་ལ་ཉལ་ཆོག ཨ། ངས་ད་དུང་མེ་ཐབ་དེ་རྨི་ལམ་དུ་རྨི་བཞིན་འདུག འབ། འབ། ད་ནི་ཚར་སོང”ཞེས་བཤད།

གངས་མིས“མེ་ཐབ་དེ་ནི་ང་བཞིན་དུ་མཛེས་སྡུག་དང་ལྡན་པ་ཞིག་ཡིན་ནམ”ཞེས་དྲིས།

“དེ་དང་ཁྱོད་གཉིས་ནི་ལྡོག་ཟླ་ཡིན། དེ་ནི་ནག་པོ་སོལ་བ་འདྲ་བ་ཞིག་ཡིན་ལ། དེར་སྐེ་རིང་པོ་ཞིག་དང་ཟངས་སེར་གྱིས་བཟོས་པའི་གསུས་པ་ཞིག་ཡོད། དེས་བུད་ཤིང་མིད་པ་ན་ཁ་ནང་ནས་མེ་འདོན་པ་ཡིན། ཁྱོད་རང་དེའི་ཉེ་འགྲམ་མམ་ཡང་ན་ཞབས་འོག་ནས་ཉལ་ནས་བསྡད་ན་དེ་ནི་ཧ་ཅང་སྐྱིད། ཁྱོད་ཀྱིས་ཁྱོད་རང་འགྲེང་ཡོད་སའི་གནས་དེ་ནས་དྲ་མའི་ཕར་ཕྱོགས་ལ་བལྟས་ན་དེ་ཉིད་རིག་ཐུབ་པ་ཡིན།”

གངས་མིས་བལྟས་ཤིང་བལྟས་པ་ན། ཟངས་སེར་གྱི་གསུས་པ་ཅན་གྱི་གཙང་མར་ཕྱིས་ནས་འོད་འཚེར་བཞིན་པའི་དངོས་པོ་ནག་པོ་ཞིག་མཐོང་བ་དང་། མེ་ནི་དེའི་ཁོག་སྨད་ན་འུར་འུར་དུ་འབར་བཞིན་འདུག གངས་མིར་ཡ་མཚར་སྐྱེས་ཤིང་ཁོའི་ལུས་སྟེང་ནས་སྐད་ཆས་གནས་ལུགས་བརྗོད་པར་དཀའ་བའི་བརྩེ་བ་ཞིག་ཕྱིར་འཕྲོ་བཞིན་པ་ཚོར་བྱུང་། ཁོའི་ལུས་སྟེང་དུ་འགྱུར་ལྡོག་ཅིག་བྱུང་སོང་རུང་ཁོས་ནི་ཅུང་ཟད་ཀྱང་མི་ཤེས། ཡིན་ནའང་མི་གཞན་པ་ཡོད་ཚད་དེ། གངས་ཀྱིས་བཟོས་པ་མིན་པའི་དངོས་པོ་མཐའ་དག་གིས་ཤེས་ངེས་ཡིན།

གངས་མིའི་སེམས་སུ་མེ་ཐབ་ནི་བུད་མེད་ཅིག་ཡིན་པར་སྙམ་ནས།“འོ་ན་ཁྱོད་རང་ཅིའི་ཕྱིར་མོ་དང་ཁ་བྲལ་བ་ཡིན་ནམ། ཁྱོད་རང་ཅིའི་ཕྱིར་དེ་འདྲའི་བདེ་འཇམ་གྱི་མལ་གནས་ཤིག་དང་ཁ་བྲལ་བ་ཡིན་ནམ”ཞེས་དྲིས།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ང་ནི་མི་འདོད་བཞིན་དུ་ཁ་བྲལ་བ་ཡིན། ཁོ་ཚོས་ང་རང་སྒོར་བདའ་བ་དང་ལྕགས་ཐག་ཅིག་གིས་འདི་རུ་བཏགས་སོང་། ངས་ནི་བདག་པོ་ཆུང་ཆུང་དེའི་རྐང་པར་ཐེངས་གཅིག་རྨུགས་མྱོང་། རྒྱུ་མཚན་ནི་ཁོས་ངས་མུར་བཞིན་པའི་རུས་པ་དེར་རྡོག་ཐོས་གཞུས་སོང་། དེ་བས་ངའི་སེམས་སུ‘རུས་པ་རུས་པར་བརྗེ’སྙམ་སོང་། ཁོ་ཚོ་ནི་བྱེད་སྟངས་དེའི་རིགས་ལ་མི་དགའ། དེ་ནས་བཟུང་ང་རང་ལྕགས་ཐག་འདིར་བཏགས་བྱུང་ལ། དུས་མཚུངས་སུ་ངའི་ལྡིར་ཞིང་གསལ་བའི་སྐད་སྒྲ་དེ་ཡང་མེད་པར་གྱུར། ཁྱོད་ཀྱིས་ངའི་སྐད་འགག་ཡོད་པ་མ་གོའམ། འབ། འབ། ད་ནི་ཚར་སོང་། དོན་དག་ནི་དེ་ལྟར་ཚར་སོང”ཞེས་བཤད།

ཡིན་ནའང་གངས་མིས་མུ་མཐུད་དུ་མི་ཉན་པར། གཉེར་པ་བསྡད་ཡོད་པའི་ས་འོག་ཁང་པ་དེར་བལྟས་པ་དང་། ཁོས་ནི་ཁང་མིག་དེ་རུ་རྐང་པ་བཞི་བོའི་ཁར་འགྲེང་ནས་ཡོད་ཅིང་གངས་མི་དང་ཆེ་ཆུང་མཉམ་པའི་མེ་ཐབ་དེར་བལྟས་ནས་བསྡད་འདུག

ཁོས“ངའི་ལུས་སྟེང་དུ་ཟ་འཕྲུག་ལངས་པ་ལྟ་བུའི་ཚོར་སྣང་ཁྱད་པར་བ་ཞིག་འདུག ང་རང་གན་ཕྱོགས་སུ་ཐེངས་གཅིག་སོང་ན་ཆོག་གམ། དེ་ནི་རྣམ་དག་གི་རེ་འདུན་ཞིག་ཡིན་པ་དང་། ང་ཚོའི་རྣམ་དག་གི་རེ་འདུན་བསྐང་ངེས་ལ། དེ་ནི་ངའི་ཆེས་མཐོ་བའི་འདུན་པ་ཉག་གཅིག་ཀྱང་ཡིན། གལ་ཏེ་འདུན་པ་འདི་བསྐང་མ་ཐུབ་ན་དངོས་གནས་དྲང་གཞག་མ་རེད། ང་རང་ངེས་པར་སྒེའུ་ཁུང་བརྟོལ་ནས་འགྲོ་དགོས་རུང་མོའི་ཉེ་འགྲམ་དུ་ཐེངས་ཤིག་བཅར་ན་འདོད”ཅེས་བཤད།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ཁྱོད་གན་ན་གཏན་ནས་འགྲོ་མི་རུང་། གལ་ཏེ་ཁྱོད་རང་མེ་ཐབ་དང་ཉེ་བར་བཅར་ཚེ་ཁྱོད་ནི་ཚར་འགྲོ། དངོས་གནས་ཚར་འགྲོ”ཞེས་བཤད།

གངས་མིས“ང་ཡང་ཕལ་ཆེར་ཚར་བ་དང་མཚུངས། ངས་བསམས་ན་ངའི་ཕུང་པོ་ཡོངས་སུ་གས་འགྲོ་རྒྱུ་རེད”ཅེས་ཟེར།

ཉིན་ཧྲིལ་པོར་གངས་མི་སྒེའུ་ཁུང་དུ་གཏད་ནས་ནང་དུ་བལྟས་ཤིང་། ས་སྲོས་ཀྱི་སྐབས་སུ་ཁང་མིག་དེ་ནི་སྔར་བས་མི་སེམས་སྤྲོ་བ་ཞིག་ཏུ་གྱུར། དྲོད་ཁོལ་གྱི་མེ་ལྕེ་ཞིག་ཉི་མ་དང་མི་འདྲ་ལ་ཟླ་བ་དང་ཡང་མི་མཚུངས་པར། མེ་ཐབ་ནས་འཕྱུར་བྱུང་། མིན་ཏེ། དེ་ནི་མེ་ཐབ་ཅིག་ལ་བུད་ཤིང་བསྣན་རྗེས་འདོན་ཐུབ་པའི་འོད་སྣང་དེའི་རིགས་ཡིན་པ་རེད། སྒོ་ཕྱེ་ཐེངས་རེ་རེར་མེ་ལྕེ་ནི་དེའི་ཁ་ནས་འཕྱུར་བར་བྱེད་པ་དང་། དེ་ནི་མེ་ཐབ་ཀྱི་གོམས་སྲོལ་ཞིག་རེད། མེ་ལྕེ་ནི་གསལ་པོའི་སྒོ་ནས་གངས་མིའི་དཀར་མདོག་གི་གདོང་བར་འཕྲོས་ཤིང་། འོད་སྣང་དམར་པོ་ཞིག་འཕྲོས་ནས་ཁོའི་ཁོག་སྟོད་ཡོངས་སུ་དམར་པོར་བསྒྱུར།

ཁོས“ངས་དངོས་གནས་བཟོད་པར་མི་ནུས། མོའི་ལྕེ་ཆུང་རིམ་གྱིས་ཕྱིར་ཕྱུངས་སྐབས་མོ་ནི་ཅི་འདྲའི་མཛེས་པ་ལ་ཨང”ཞེས་བཤད།

མཚན་མོ་ནི་ཤིན་ཏུ་རིང་བ་ལ། ཡིན་ནའང་གངས་མིར་མཚོན་ནས་བཤད་ན་གཏན་ནས་རིང་རྒྱུ་མེད། ཁོ་རང་དེ་རུ་འགྲེང་ནས་ཁོའི་མཛེས་སྡུག་གི་འཆར་སྣང་ཁྲོད་སིམ་ཡོད་པ་དང་། ཁོ་ལ་གྲང་འཁྱག་ཁྲོད་ནས་ཟ་འཕྲུག་ལངས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་།

ཞོགས་པའི་དུས་སུ། ས་འོག་ཁང་པའི་སྒེའུ་ཁུང་གི་ཤེལ་ངོས་སུ་དར་སྲབ་མོ་ཞིག་ཆགས་འདུག་པ་དང་། དར་ནི་གངས་མི་དགའ་ཞིང་ཆེས་མཛེས་སྡུག་གི་མེ་ཏོག་ཏུ་གྲུབ་འདུག ཡིན་ནའང་དེ་དག་ནི་མེ་ཐབ་དེས་ཡོངས་སུ་བསྒྲིབས་འདུག དེ་དག་ནི་སྒེའུ་ཁུང་གི་ཤེལ་ངོས་སུ་ཞུ་བར་མི་འགྱུར་ཞིང་། ཁོས་ཀྱང་ཁོ་མོ་ཡང་བསྐྱར་མཐོང་མི་ནུས། ཁོའི་ལུས་པོའི་ཕྱི་ནང་ཀུན་ཏུ་ཟ་འཕྲུག་ལངས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་སོང་། དེ་ནི་ཏག་ཏག་གངས་མི་ཞིག་གིས་རོལ་མྱོང་བྱེད་པའི་འཁྱག་གྲང་གི་ནམ་ཟླ་དེ་ཡིན་མོད། འོན་ཀྱང་ཁོས་ནི་ནམ་ཟླ་འདིའི་རིགས་ཉམས་སུ་མྱོང་མི་ཐུབ། དོན་དངོས་སུ་ཡང་ཁོས་སེམས་ནས་བདེ་སྐྱིད་དུ་བསམ་ཡང་ཆོག་ལ་འོས་ཀྱང་འོས་སོ། ། ཡིན་ནའང་ཁོར་མེ་ཐབ་ལ་དུངས་པའི་དྲན་གདུང་ནད་ཀྱིས་གཟིར་བའི་སྐབས་སུ་ཁོ་ནི་བདེ་ཞིང་སྐྱིད་ངེས་སམ།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“ནད་འདིའི་རིགས་ནི་གངས་མི་ཞིག་ལ་མཚོན་ནས་བཤད་ན། ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཡིན། ང་རང་ཉིད་ཀྱིས་ཀྱང་སྡུག་བསྔལ་འདིའི་རིགས་མྱངས་མོད། ད་ནི་འགག་སྒོ་ལས་ཡོངས་སུ་ཐར་ཡོད། ད་ཚར་སོང་། ད་ཚར་སོང་། ད་ལྟ་ནམ་ཟླ་མྱུར་བར་འགྱུར་རྒྱུ་རེད”ཅེས་བཤད།

ནམ་ཟླ་དངོས་གནས་འགྱུར་སོང་། གངས་རིམ་གྱིས་ཞུ་མགོ་བརྩམས།

གངས་ཇི་ལྟར་ཞུ་བ་མང་ན། གངས་མི་ཡང་དེ་བཞིན་ཉམས་དམས་སུ་གྱུར་པ་དང་། ཁོས་ཅི་ཡང་མི་བཤད་ལ་སྡུག་སྨྲེ་གང་ཡང་འདོན་པར་མི་བྱེད། དེ་ཡིས་ཏག་ཏག་དྲན་གདུང་ནད་ཀྱི་ཚབས་ཆེན་གསལ་བཤད་བྱེད་ནུས།

ཉིན་ཞིག་གི་ཞོགས་པར། ཁོ་རང་གློ་བུར་དུ་འགྱེལ་སོང་། ལྟོས་དང་། ཁོ་རང་འགྲེང་ཡོད་སའི་གནས་དེ་རུ་ཕྱགས་མ་ཞིག་གྲོང་ངེར་ས་ལ་འཛེར་ནས་རྩེང་ཡོད་ལ། དེ་ནི་བྱིས་པ་དག་གིས་གངས་མི་ལས་སྐབས་ཀྱི་རྟེན་གཞི་དེ་ཡིན་འདུག

ར་སྐོར་སྲུང་མཁན་གྱི་ཁྱི་རྒན་གྱིས“ད་ལྟ་ངས་ཁོའི་དྲན་གདུང་ནད་ཀྱིས་དེ་ལྟར་གཟིར་བའི་རྒྱུ་མཚན་རྟོགས་སོང་། མ་གཞིར་གངས་མིའི་ལུས་ཕུང་ཁྲོད་དུ་མེ་གཡོག་ཅིག་ཡོད་འདུག དེས་ཁོའི་སེམས་པ་དཀྲུག་བཞིན་ཡོད་པ་དང་། ད་ནི་ཁོར་མཚོན་ན་ཡང་འགག་སྒོ་ལས་ཡོངས་སུ་ཐར་འདུག འབ། འབ། ད་ནི་ཚར་སོང”ཞེས་བཤད།

མི་འགྱངས་པར་དགུན་ཁ་འདས་སོང་།

ར་སྐོར་སྲུང་བའི་ཁྱི་རྒན་གྱིས“འབ། འབ། ད་ནི་ཚར་སོང”ཞེས་ཟུག་པ་དང་། ཁང་མིག་ཆུང་ཆུང་དེ་ནས་ན་ཆུང་གཞོན་ནུ་མ་དེས།

གསར་ཞིང་མཛེས་སྡུག་ལྡན་པའི། ལྗང་མདོག་གི་ཁྲེ་ཡེ་རྩྭ་ལྗང་། མྱུ་གུ་མགྱོགས་པོར་འབུས་ཤོག

ཨ། རྒྱ་ལྕང་ཨ། ཁྱོད་ཀྱི་བལ་འཇམ་ལྟ་བུའི་འཇམ་མཉེན་གྱི་གོས་གསར་དེ་དུད་རོགས།

ཁུ་བྱུག་དང་འཇོལ་མོ་ཡ། འདིར་ཕེབས་ནས་གཞས་གཏོང་བར་ཤོག་ཅིག

ཟླ་གཉིས་པ་འདས་པ་ན། དེར་མཐུད་ནས་སླེབས་པ་ནི་དཔྱིད་ཀ་ཡིན་སོང་།

ངས་ཀྱང་ལེན་ཡ། ཏིས་ལེ། ཏིས་ལེ། ཏིང་ཏིང་།

ཕེབས་ཤོག མགྱོགས་པོར་ཕྱིར་ཕེབས་ཤོག བརྩེ་ལྡན་གྱི་ཉི་མ།

ཞེས་གླུ་གཞས་བླངས་སོང་།

དེ་བས་སུ་ཞིག་གིས་ཀྱང་གངས་མི་དེ་དྲན་པར་མི་བྱེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།