སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ། — སྐབས་དང་པོའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་བཀོད།

章恰儿_副本 6666.jpg

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

DSC_8649.JPG

ཨ་སྨྱོན་བཀྲ་ཤིས་དོན་གྲུབ། 1967ལོར་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས། 1990ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོ་བྱས་ཤིང་།  ད་ལྟ་ལས་ཁུངས་དེའི་མི་རིགས་རིག་རྩལ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་དང་། 《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་འཁུར་ཡོད།  

image.jpeg

1988ལོ་ནས་རྩོམ་རིག་གསར་རྩོམ་གྱི་མགོ་བཟུང་སྟེ་བརྩམས་ཆོས་བརྒྱ་ཕྲག་གཅིག་ལྷག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་བཀོད། བསྒྱུར་རྩོམ་དེབ་ལ《དུས་རྒྱུན་གྱི་འཚོ་བ》ཞེས་པ་དང་།  《ཤེས་རབ་འཕེལ་བའི་བསྟན་བཅོས》ཞེས་པ་སོགས་ཡོད།  སྒྲུང་གཏམ་ཕྱོགས་བསྒྲིགས《སྟོན་གྱི་རང་སྒྲ》ཞེས་པར་རྒྱལ་ཡོངས་སྐབས་བདུན་པའི་གྲངས་ཉུང་མི་རིགས་རྩོམ་རིག་གི“རྟ་མཆོག་བྱ་དགའ”ཐོབ།

DSC_7871.JPG

 ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་།  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་མི་རིགས་རྩོམ་རིག་ཡིག་སྒྱུར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཡང་ཕྲག་ཏུ་བླངས་ཡོད།


སྤྱང་ཀི  ལུག་རྫི་དང་ཁོའི་ཆུང་མ།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ།


གཅིག

སྲིན་བུ་ཁ་གདུག་ཅན་ཞིག་གིས་སོ་བཏབ་པ་ལྟར་ལུག་རྫི་ཚེ་ལོའི་ལག་པ་གཡས་པའི་མཐིལ་ལ་ཟ་འཕྲུག་བཟོད་ཐབས་བྲལ་ཞིག་ལངས་པས་རྨི་ལམ་སྐྱིད་པོ་དེ་ཡང་གར་སོང་ཆ་མེད་དུ་ཡལ།  ཁོས་རིང་ལ་རྣོ་བའི་གཡོན་ལག་གི་སེན་མོས་ཟ་འཕྲུག་འབྱུང་སར་སེན་འབྲད་ལན་འགའ་བྱས་ཀྱང་།  དེ་ནི་སྐོམ་པས་གདུངས་པའི་མི་ཞིག་ལ་ཚྭ་ཆུ་བླུད་པ་ལྟར་སྔར་ལས་སྡོད་བཟོད་མེད་པར་གྱུར།

འབར་ཞུན་སྒྲོན་པའི“སིར་སྒྲ”ཞིག་དང་མཉམ་དུ་ཀ་བ་གདུང་ལྕམ་མེད་པའི་ཁང་བའི་ནང་ཧྲིལ་པོ་དམར་མདངས་བཀྲ་བར་གྱུར།  འདི་ནི་ལུག་རྫི་རྣམས་ཀྱིས་རི་མགོའི་ཉི་མ་འཕུད་ཐབས་བྱེད་སའི་ས་ཁུང་ཞིག་སྟེ།  མི་གཅིག་ཤོང་བའི་ཚ་ཐབ་ཀྱི་མདོ་ནི་ཐབ་ཀ་རེད།  དུད་ཁུང་དེ་ཚ་ཐབ་བརྒྱུད་ནས་ཕྱི་རོལ་ཏུ་བརྟོལ་ཡོད་པས། ཉལ་སར་དབྱར་དུས་ཀྱི་ཉིན་གུང་ལས་ལྷག་པའི་དྲོད་ཁོལ་འཁྱིལ་འདུག  ལུག་རྫི་ཚེ་ལོས་སློག་པ་སྐྱ་རིལ་བ་དེ་ཕར་དེད་ཅིང་གདོང་དཀར་མེའི་ཕྱོགས་སུ་འཁོར་ནས་སྐྱིལ་ཀྲུང་དུ་བསྡད་ཀྱང་།  ཟ་འཕྲུག་སྔར་ལས་ཇེ་ཆེར་འགྲོ་བའི་སྣང་བ་སྟེར་བས་ལག་མཐིལ་ལ་ཞིབ་ལྟ་ཞིག་བྱས་རྗེས་ཁོང་ཁྲོའི་ངང་ནས་སླར་ཡང་སེན་འབྲད་ལན་འགའ་བྱས།  ཁོ་ནི་ཕོ་ལོ་ལྔ་བཅུར་བུད་ཡོད་པའི་སྐྱེས་པ་ཞིག་སྟེ།  དོང་དུ་ལྷུང་བའི་མིག་གཡས་པའི་ནང་དུ་ཚ་རྡོག་ཅིག་ལྷུང་ཡོད་པ་མ་གཏོགས་རྣམ་རིག་གསལ་ཞིང་གྲུང་ཤ་དོད་པའི་མི་སྐུ་བསོད་ཅན་ཞིག་འདུག  སྡེ་དཔོན་སྨ་ར་ཅན་དེས་ཁམས་མཚོའི་རྨི་ལམ་ལ་གཞིགས་ཏེ་ལས་བགོ་བྱས་པར་བརྟེན། གྲོ་ལུང་སྡེ་བའི་ལུག་འཚོ་བའི་འགན་དེ་ཁོའི་ཕྲག་ཏུ་ལྷུང་བ་དང་།  རྗེས་སུ་ཡང་རང་ཁྱིམ་གྱི་ཡོང་སྒོར་དམིགས་ཏེ་རྫི་པོའི་ལས་གནས་དེ་འདོར་མ་ཐུབ་པར་ཁྱིམ་མཚེས་བྱམས་བཟང་ཚང་གི་ལུག་རྣམས་ཀྱང་ཁོས་འཚོ་བཞིན་ཡོད།  དྲང་མོར་བཤད་ན་ཁོ་ལུག་རྫི་བྱ་རྒྱུར་ཤིན་ཏུ་དགའ་ཞིང་རི་དྭགས་གཤོར་བར་དེ་བས་ཀྱང་དགའ།  དེར་བརྟེན།  སྲིན་པོ་རྫ་འདབས་ཀྱི་རྐང་ལམ་རེ་རེར་ཡང་ཁོ་གསལ་ཆ་ཡོད་པ་དང་།  ཆེ་བ་ཤ་དང་གླ་བ་ནས་ཆུང་བ་རི་བོང་ཡན་ཆད་ཀྱི་རི་དྭགས་མཐོང་ཚད་ཅིག་ཁོའི་མེ་མདའི་དམིགས་འབེན་དུ་མ་གྱུར་པ་མེད།  མི་དང་འཕྱི་བ་གཉིས་ཀྱིས་མནའ་བཅད་ཅིང་བྲོ་བོར་བའི་གཏམ་རྒྱུད་དེ་ལུག་རྫི་ཚེ་ལོ་ལ་ཡང་རྣ་ཐོས་ཡོད་མོད།  ཡིན་ནའང་ཁོས་འཕྱི་ཁུང་བྲུས་ནས་འཕྱི་བ་ཟིན་ཐེངས་རེར་དེས་མགོ་བོ་བསྐྱོར་ནས་ཞུ་བ་བྱེད་པར་སྣང་དོགས་ཙམ་ཡང་མེད་པར་དེ་མ་ཐག་སྐེ་གཅུས་ནས་གསོད་པར་མ་ཟད།  གསོད་ཐེངས་རེར་ཡང་མཆན་ཁུང་གི“མི་ཤ” དེ་བླངས་ནས་རྒྱང་རིང་དུ་གཡུགས་རྗེས་རྡོ་སྲེག་རྒྱག་པར་ངེས།

“དོ་དགོང་གི་ཟ་འཕྲུག་འདི་ཅི་ཡིན་ནམ།”

ཁོའི་གདོང་ལ་འུ་ཐུག་ཅིང་ཐབས་ཟད་པའི་ཉམས་ཤིག་མངོན་བཞིན་ཟ་འཕྲུག་འབྱུང་སར་སེན་འབྲད་ཚ་ཐག་ཆོད་པ་ཞིག་བྱེད་བཞིན་ཆིག་ལབ་བརྒྱབ།  ཡང་ཨ་མཆོད་སྐུ་དྲིན་ཅན་དེ་བཞུགས་དུས“འདི་ནི་བཟང་ན་ལག་ཡོང་ཡོད་པ་དང་ངན་ན་དགྲ་ཟླ་འབྱུང་བའི་སྔ་ལྟས་ཡིན”ཞེས་འགྲེལ་རྒྱག་པ་དེ་དྲན་པས། སེམས་ལ་གནོན་ཐབས་བྲལ་པའི་དགའ་སྤྲོ་ཞིག་ཀྱང་འཕེལ་འོངས།  རྒྱུ་མཚན་ནི་ས་འདི་གར་རང་ཉིད་ཀྱིས་མི་སེམས་ལ་སྡུག་ཅིག་བཞག་པ་མི་དྲན་པར་བརྟེན། དགྲ་བོ་ཞིག་ཡོད་པར་མི་འགྱུར་བས་ལག་ཡོང་ཡོད་པ་མིན་ནམ་ཅི་ཞིག་ཡིན་སྙམ་པ་རེད།  མངོན་དུ་མ་གྱུར་པའི་ཡོང་སྒོ་དེ་ག་འདྲ་ཞིག་ལགས་སམ།  ཤ་བ་ཞིག་གམ་ཡང་ན་གླ་བ་ཞིག་སྟེ།  གླ་བ་ཞིག་ཡིན་ཚེ་གླ་རྩིའང་ཡོད་པས་སྒོར་སྟོང་ཕྲག་ཅིག་མིག་བཙུམས་ཀྱང་ཆོག  ཁོས་དེ་ལྟར་བསམ་བློ་གཏོང་བཞིན་མིག་བཙུམས་མ་ཐག་ཀླད་པའི་ནང་ཧྲིལ་པོ་སྒོར་མོས་ཁྱབ་ཅིང་།  སྒོར་མོ་དེ་དག་ནི་ཟ་འཕྲུག་འཇོག་བྱེད་ཀྱི་སྨན་དང་འདྲ་བར་ལག་མཐིལ་གྱི་ཚོར་བ་ནི་རིམ་གྱིས་རྒྱུན་ལྡན་དུ་གྱུར།  ཁོའི་ས་གློ་བུར་མིག་ཕྱེ་ནས་ལག་མཐིལ་ལ་ཞིབ་ལྟ་ཙམ་བྱས་རྗེས་ཅི་ཡང་མ་རྙེད་པའི་ཉམས་ཀྱིས་ལག་ངོས་གཉིས་ཀ་སྦྱར་ནས་འཕུར་འཕུར་འགའ་བྱས།  ཟ་འཕྲུག་བཞག་རྗེས་ཀྱི་བདེ་སྣང་དེས་ཁོ་ལ་མྱུར་མོར་སློག་པའི་ཐུ་འོག་ཏུ་འཛུལ་འདོད་ཅིག་བྱུང་མོད།  ཉིན་འདི་གར་སྤྱང་ཀི་འགྲོ་འདུག་རྒོད་པས་དེ་ཚང་གི་གཡག་མི་འདུག་དང་།  གན་ཚང་གི་ལུག་བསད་སོང་ཟེར་བ་སོགས་གོ་རྒྱུ་མང་བ་དེ་དྲན་པས། སྒྱིད་ལུག་གི་རྣམ་པ་དང་བཅས་ཡར་ལངས་ནས་ས་ཁུང་སྒོར་བུད།

མཐོ་སྒང་གི་མཚན་མོའི་མཁའ་དབྱིངས་ནི་ཡུལ་གྲུ་ཀུན་ལས་དྭངས་ཤིང་གཙང་བས་ནམ་མཁའི་དཀྱིལ་དབུས་སུ་སླེབས་ཟིན་པའི་ཟླ་བའི་འོད་སྣང་ཡང་ཆེས་གསལ་ལ།  ཟླ་དཀྱིལ་གྱི་རི་མོ་སྟེ—ཨ་ཅེ་གསེར་བཟའ་མཚོ་དང་དངུལ་བཟའ་མཚོ་གཉིས་ཆུ་ལེན་དུ་འགྲོ་བའི་གཟུགས་བརྙན་ཡང་རབ་རིབ་ཅིག་མཐོང་ཐུབ།  ལུག་རྫི་ཚེ་ལོས་ཟླ་འོད་ལ་བརྟེན་ནས་ལུག་རའི་མཐའི་ཧྲིལ་པོར་བསྐོར་བ་ཙམ་བྱས་རྗེས་སྐད་གསང་མཐོན་པོས་ཀི་རིང་འགའ་བཏབ་པ་ན།  ཀི་སྒྲ་དེ་བྲག་ཅ་འཁྱིལ་ལེར་ལུང་བ་རེ་རེ་བརྒལ་ནས་རྒྱང་རིང་དུ་ཡལ།  གལ་སྲིད་ས་འདི་གའི་ཉེ་འཁོར་ན་སྤྱང་ཀི་ཞིག་ཡོད་ཚེ་རྔ་མ་ཤ་ལེར་བྲོས་འགྲོ་བ་ཁོ་ཐག་རེད།  ཁོ་ནི་རང་ཉིད་ཀྱི་སྦོམ་ཞིང་འགྲགས་པའི་སྐད་དེ་ལ་ཡིད་ཚིམ་བཞིན་སླར་ཡང་ཀི་རིང་ཞིག་བཏབ་རྗེས་དལ་དལ་ལྷོད་ལྷོད་ཀྱི་ངང་ནས་ཕྱིར་ས་ཁུང་ནང་དུ་འཛུལ།

ཡུད་ཙམ་ནས།  གསོན་ཤུགས་ཉག་གཅིག་མངོན་པའི་སྒོ་བར་གྱི་དམར་མདངས་ཆེ་བའི་འོད་སྣང་དེ་ཡང་ནག་འཚུབ་བེར་སོང་བ་དང་།  “མཐའ་འཁོབ”ཀྱི་མིང་གི་ལྷུ་རྐང་འཕྲོད་པའི་རི་ཀླུང་ཧྲིལ་པོས་ཟླ་འོད་ཀྱི་དར་གོས་གསར་བ་དེ་བཀླུབས་ནས་དབུགས་ཀྱི་རྒྱུ་བ་གཞི་ནས་ཆད་པ་ལྟར་ཁུ་སིམ་མེར་གྱུར།

གཉིས།

མཚལ་གྱིས་བྱུགས་པ་ཇི་བཞིན་དམར་པོ་དམར་རྐྱང་དུ་གྱུར་པའི་ཉི་མ་གཞོན་ནུ་རྟ་བདུན་གྱི་ཤིང་རྟར་ཞུགས་ནས་སྲིན་པོ་རྫ་རྒན་གྱི་རྩེ་ནས་དལ་བུར་འཕགས་པ་དང་མཉམ་དུ།  མཐོན་པོ་དགུང་ལ་སྙེག་པའི་རི་བོ་རྣམས་ཀྱིས་ཀྱང་གསེར་གྱི་ཞྭ་མོ་གོན་པ་ཇི་བཞིན་སེར་ལམ་མེར་འདུག  ལུག་རྫི་ཚེ་ལོ་ནམ་རྒྱུན་དང་འདྲ་བར་སྒོར་བུད་དེ་ལུག་རའི་སྒོ་ཕྱེ།  ལུག་རྣམས་ལ་ཁ་ལོ་སྒྱུར་མི་དགོས་པར་ཅང་མ་འགོར་བར་སྟོད་ཕྱོགས་ལབ་རྩེས་བརྒྱན་པའི་རི་བོ་སྒེག་ཉམས་ཅན་དེའི་ལྟོངས་སུ་ཁྱབ་ཅིང་།  རྒྱང་རིང་ནས་བལྟས་ན་གོས་ཆེན་སྔོན་པོ་གོན་པའི་མཛེས་མ་ཞིག་ལ་མུ་ཏིག་གི་མགྲིན་རྒྱན་བཏགས་པ་དང་མཚུངས་པས་ལྟ་ན་སྡུག།  སྒྱུ་རྩལ་མཁན་པོའི་སྨྱུག་རྩེ་ལས་ཐོན་འདྲའི་རང་བྱུང་གི་རི་མོ་འདི་ཉིད་ཁོའི་མིག་ལམ་དུ་ཉིན་རྒྱུན་མངོན་བཞིན་ཡོད་པས་རིན་ཐང་ཅི་ཡང་མེད་པ་ལྟར་བལྟས་ཙམ་བྱས་རྗེས་ཕྱིར་ས་ཁུང་ནང་དུ་འཛུལ།  ད་ལྟ་མདང་དགོང་དང་འདྲ་བར་མོག་པོར་སྣང་བའི་དཀར་མེ་དེ་བཀར་མི་འདུག་ཅིང་།  དེ་སྔོན་སྒོ་ལ་འབུད་ཁར་ཐབ་ཁུང་དུ་གཡུགས་ཟིན་པའི་ཨོང་བར་ཡང་མེ་འགོས་ཟིན་པ་འདྲ།  མིག་ལ་གཟན་པའི་དུ་བའི་རྒྱུན་ཞིག་དལ་བུར་འཕྱུར་བཞིན་པ་མཐོང་བས། ཁོ་ཐབ་མདོར་སྐྱིལ་ཀྲུང་དུ་བསྡད་ནས་བྱང་ཆ་ལྡན་པའི་ངང་ནས་ཁོལ་མོ(སྦུད་པ)རྒྱག་མགོ་བརྩམས།

ཇ་ཐུན་གཅིག་གི་ཡུན་ཙམ་ཡང་མ་འགོར་བར་ཨོང་བ་སྐམ་པོ་དེ་རྣམས་འུར་འུར་དུ་འབར་བར་གྱུར།  ད་ནི་ཇ་ཁོལ་རག་བར་དུ་ཁོམ་པ་ཅུང་ཙམ་ཡོད་པས་ལུག་རྫི་ཚེ་ལོ་དལ་བུར་ཡར་ལངས་པ་དང་། འཕོངས་ཀྱི་ས་རྡུལ་ལག་པས་སྤྲུག་སྤྲུག་ཙམ་བྱས་རྗེས་ཚ་ཐབ་སྟེང་དུ་བུད།  སྔས་མགོ་ན་སོ་མིན་རྙིང་མིན་གྱི་དཔེ་ཆ་འགའ་རེ་གཡུགས་འདུག་པ་མཐོང་བས་ཕར་སློག་ཚུར་སློག་ལན་འགའ་བྱས།  དཔེ་ཆ་དེ་དག་ནི་ཁྱིམ་མཚེས་བྱམས་བཟང་ཚང་གི་སློབ་གྲྭ་ཆེན་མོ་པ་འཇིགས་བྱེད་ཀྱིས་ཁྱེར་ནས་ཡོང་བ་རེད།  འཇིགས་བྱེད་ལོ་ན་ཆུང་ཡང་བོད་ཡིག་ལྟ་ཅི་རྒྱ་ཡིག་ཀྱང་དཔྱིས་ཕྱིན་པ་ཞིག་ཤེས་ལ།  ད་དུང་པེ་ཅིན་མཁར་ལ་ལྗོངས་རྒྱུར་ཕེབས་པའི་སྐྲ་སེར་པ་རྣམས་དང་དབྱིན་ཡིག་གི་ལམ་ནས་ཁ་བརྡ་ཡང་བྱེད་ཐུབ་ཟེར།  ཁོ་དབྱར་གནང་གི་གོ་སྐབས་དང་བསྟུན་ནས་ཕ་ཡུལ་དུ་ལོག་པ་དང་།  ཕ་རྒན་བྱམས་བཟང་གིས་མངགས་བཀོད་ལྟར་རྫ་མགོ་འདིར་ཡོང་ནས་ལུག་རྫི་ཚེ་ལོ་ཟླ་ཕྱེད་ཙམ་ལ་བརྗེ་བསམས་པ་ཡིན་མོད།  རྫ་དུག་ཕོག་ནས་ཉིན་གཉིས་ལའང་འདུག་མ་ཐུབ་པས་བྲོས་མ་སྔངས་ཀྱིས་ཕྱིར་ལོག་པ་དང་། དཔེ་ཆ་ཁྱེར་རྒྱུའང་རྩ་བ་ནས་བརྗེད་པར་གྱུར།  ལུག་རྫི་ཚེ་ལོས་བོད་ཡིག་སྒྲ་སྦྱོར་བྱེད་ཐུབ་པ་ཙམ་ལས་དབྱིན་ཡིག་སྨོས་ཅི་དགོས་རྒྱ་ཡིག་གིས་ཀྱང་རང་ཉིད་ཀྱི་མིང་ཡང་འབྲི་མི་ཤེས་པའི་ཡིག་རྨོངས་པ་ཞིག་ཡིན་པས་དཔེ་ཆ་དེ་དག་གི་ནང་དོན་མི་གོ་ཡང་།  འཇིགས་བྱེད་ས་ཁུང་འདིར་སླེབས་པའི་ཉིན་མོར་དཔེ་ཆ་དེ་རྣམས་རེ་རེ་བཞིན་ཁ་ཕྱེ་སྟེ་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་བྲིས་པ་ལྟ་བུའི་གཏམ་རྒྱུད་འགའ་རེ་བཤད་པ་དེས་ལུག་རྫི་ཚེ་ལོ་ཧ་ལས་སུ་བཅུག ཁོས་བློ་རྩེ་གཅིག་སྒྲིམ་གྱི་ངང་ནས་དཔེ་ཆ་དེ་དག་ཀློག་པའི་སྐབས་སུ། མཚམས་རེར་གད་མོ་ཤོར་པ་དང་ལན་རེར་ངོ་མཚར་བའི་ངང་ནས་པུས་མགོར་ཐལ་ལྕག་གིས་ཡང་གཞུས་པར་འགྱུར།  དེའི་དུས་མཉམ་མ་བཞག་ཀྱང་ད་ལྟ་བསམ་བློ་རེ་བཏང་ན། འཇིགས་བྱེད་ཀྱི་ནང་སེམས་ཀྱི་འགྱུར་བ་ཕྱི་རྣམ་པའི་སྟེང་ནས་མངོན་པ་དེས་ཁོ་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་འདྲ།  ལུག་རྫི་ཚེ་ལོར་དཔེ་ཆ་དེ་དག་ལ་བལྟ་འདོད་ཀྱི་འདུན་པ་དྲག་པོ་ཞིག་འཕེལ་བར་གྱུར་མོད།  ད་ནི་དཔེ་ཆའི་སྟེང་དུ་ཅེར་ནས་སྡོད་པ་ལས་དོན་གྱི་སྙིང་བོ་ལེན་པའི་ཐབས་ནི་ཉིན་གྱི་སྐར་མ་བཞིན་སྟོང་བས། ཕངས་སེམས་དང་བཅས་ཏེ་དཔེ་ཆ་རྣམས་སྔར་གནས་སུ་བཞག

“སིར”སྒྲ་ཞིག་གིས་སྣེ་དྲངས་ནས་སླ་ངའི་ནང་གི་ཇ་དེ་རིམ་བཞིན་ཁོལ་བྱུང་།  ལུག་རྫི་ཚེ་ལོས་སྐེ་བསྲིངས་ནས་ཐབ་ཀའི་སྟེང་ལ་ཐེངས་གཅིག་བལྟས་པ་དང་།  དེ་ནས་ཚ་ཐབ་ལས་མར་བབས་ཤིང་སྔ་མོར་གྲ་སྒྲིག་བྱས་ཡོད་པའི་ཐབ་མདོའི་གཡའ་ལེབ་སྟེང་དུ་ཨོང་མེ་ཞིག་བླངས་ཤིང་སྟེང་ལ་རྩམ་པ་སྤར་མོ་གང་བཏབ་སྟེ། དུ་བ་སྔོ་ལང་ལིང་བྱེད་བཞིན་སྒོ་ལ་བུད་དེ་ལུག་རའི་གྱང་སྟེང་དུ་བཞག་རྗེས།  སླར་ཡང་ས་ཁུང་དུ་འཛུལ་ཏེ་ཤིང་ཐོམ་ཞིག་གི་ནང་ལ་ཇ་ཁོལ་མ་གང་ཁྱེར་ཡོང་སྟེ“མཆོད་བླ་མ་ཡི་དམ་མཆོད།  དཔའ་བོ་མཁའ་འགྲོ་མཆོད།  ཆོས་སྐྱོང་སྲུང་མ་མཆོད……”ཟེར་བཞིན་ཡོད་ཚད་མཁའ་ལ་གཏོར་བ་དང་མཉམ་དུ།  སྟོད་ཕྱོགས་ཀྱི་ལུག་ཁྱུར་བྱ་ར་ཙམ་བྱས་ནས་སླར་ཡང་ས་ཁུང་ནང་དུ་འཛུལ།

གསུམ།

ནངས་ཇ་འཐུངས་རྗེས།  ལུག་རྫི་ཚེ་ལོའི་ལག་མཐིལ་ལ་སླར་ཡང་ཟ་འཕྲུག་ལངས་བྱུང་།  ཐེངས་འདིའི་ཟ་འཕྲུག་མདང་དགོང་ལྟར་བཟོད་ཐབས་བྲལ་པ་ཞིག་མ་ཡིན་མོད།  སྐད་ཅིག་སྐད་ཅིག་གི་ཡུན་ལ་བསྲན་མི་ཚུགས་པས་སེན་འབྲད་མི་བྱེད་ཀ་མེད་བྱུང་།  ཁོའི་སེམས་སུ་དེ་རིང་དངོས་གནས་ཡོང་སྒོ་ཆེན་པོ་ཞིག་ཡོད་ཁོ་ཐག་རེད་སྙམ་ནས། རང་ཉིད་དང་འགྲོགས་ཡུན་ཆེས་རིང་བའི་མེ་མདའ་དེ་བྱི་དོར་ལེགས་པོ་བྱས་ནས་ཁུར་རྗེས།  སྒོ་གཅོད་བྱེད་ཀྱི་ཕྱར་བ་ཧྲུལ་པོོའང་མར་ཕབ་ཅིང་སྣེ་གཉིས་རྡོ་ལོག་རེས་མནན་འཕྲལ། ལབ་རྩེའི་གཡས་གཡོན་ན་སྨུག་སྤྲིན་ལྟར་ཡན་པའི་ལུག་ཁྱུའི་རྗེས་སུ་བསྙེགས།

ལབ་རྩེ་དེ་སྤྱི་ལོ1793ལོའི་དབྱར་ཟླ་དྲུག་པའི་ནང་ལ་བསྟད་པ་སྟེ།  གཞན་སྡེ་ཟིལ་གནོན་གྱི་ལབ་རྩེ་ཞིག་རེད།  དེའི་དུས་ས་འདི་འབྲོག་རུ་བཙན་གྱི་སྡེ་བ་ཞིག་གིས་བཟུང་ཡོད།  བཙན་ཚོད་མེད་ཀྱི་ཚེ་ན་གྲོ་ལུང་སྡེ་བའི་གཉའ་ལ་རུ་བ་འབབ་པར་མ་ཟད།  སྡེ་དཀྱིལ་ཐུར་ལ་འུར་རྡོ་འཕེན་པའི་དུས་སྐབས་ཀྱང་བྱུང་།  དེའི་ཚེ་ན་སྡེ་བ་འདིར་གྲོ་ལོ་རྒྱལ་མཚན་ཟེར་བའི་སྔགས་པ་ཞིག་བྱུང་བ་དང་།  ཆུང་དུས་ནས་སྡེ་སྟོད་ཀྱི་བྲག་ཁུང་ནང་དུ་ལོ་བཅད་ཀྱི་མཚམས་ལ་བཞུགས་ནས་བསྙེན་པ་བསྒྲུབས་ཤིང་།  ཁམས་རྫོགས་ཆེན་སོགས་སུ་ཕྱིན་ནས་གསང་སྔགས་ལ་ནང་བྱན་ཆུད་པ་ཞིག་སྦྱངས་ནས་ཕྱིར་སླེབས་པས། ས་འདི་གའི་སྐྱ་སེར་ཕོ་མོ་ཀུན་གྱིས་བློ་སྙིང་བྲང་གསུམ་གཏོད་སར་གྱུར།  སྡེ་མི་ཡོངས་ཀྱིས་སྲིད་དུ་རིང་བའི་ལྷ་རྫས་བཏེགས་ནས་བཙན་སྡེས་བརྙས་བཅོས་བཟློག་ཐབས་ཀྱི་མན་ངག་ཅིག་ཅིས་ཀྱང་དགོས་ངེས་ཀྱི་ཞུ་བ་ཡང་ཡང་ཕུལ་པར་བརྟེན་ལབ་རྩེ་འདི་ཉིད་བསྟད་པར་གྲགས།  ལབ་རྩེ་བསྟད་ཉིན་དེར་འབྲོག་སྡེའི་ཕྱོགས་སུ་སེར་བ་བྱིས་པའི་ཁུ་ཚུར་ལས་ཀྱང་ཆེ་བ་མང་བོ་བབས་ཏེ་མི་ཕྱུགས་འགའ་རེར་གནོད་པ་མི་ཆུང་བ་ཞིག་ཀྱང་ཐེབས།  ལྟས་ངན་པ་དེ་བྱུང་བའི་རྐྱེན་གྱིས་བཙན་སྡེའི་ཕྱོགས་ནས་རྒད་པོ་འགའ་རེ་མངགས་ནས་སྔགས་པ་གྲོ་ལོ་རྒྱལ་མཚན་ལ་མགོ་བཏགས་པ་དང་།  རྒྱུ་སྟོབས་འབྱོར་དང་དཔུང་རྩ་ལག་ཡོད་པའི་དུད་ཁྱིམ་ཕལ་ཆེར་རྣམ་རྟོག་གིས་མ་བཟོད་པར་ལ་ཕར་ནང་ཚུར་ནང་དུ་མཆེད་ཅིང་།  ཁ་ཤས་ཤིག་མཚོ་སྔོན་པོའི་འགྲམ་དུའང་ཡོད་པར་བཤད།  ད་ལྟ་ད་དུང་འབྲོག་ཁྱིམ་བརྒྱ་གྲངས་མི་ལོང་བ་ཞིག་ཡོད་པ་ནི་སྐབས་དེར་དབུལ་དྲགས་པས་ལུས་སོང་བ་རེད།  མཚམས་དེ་ནས་བཟུང་འབྲོག་སྡེ་དེ་ཅི་ཞིག་གིས་བཏགས་པ་ལྟར་ཉམས་རྒུད་དུ་གྱུར་ནས་མགོ་དགྱེ་མ་ཐུབ་པ་དང་།  དབྱར་ཟླ་དྲུག་པའི་ཚེ་ན་གྲོ་ལུང་སྡེ་བའི་སྟག་ཤར་རེ་རེས་ཚོས་མདངས་ཅན་གྱི་བལ་ལི་བཏགས་པའི་ལབ་རྩེའི་མདའ་མདུང་མ་བུ་བཅུ་གསུམ་ཙམ་གྲ་སྒྲིག་བྱེད་པར་མ་ཟད།  གོས་གང་ཡག་དང་རྟ་གང་བཟང་བདམས་ནས་རི་རྩེ་འདིར་སླེབས་པ་དང་།  སླེབས་ནས་ཀྱང་བསང་དུད་སྤྲིན་དཀར་ལངས་འདྲ་ཞིག་ཕུད་དེ་ཁ་ལས་རླུང་རྟ་དར་བའི་སྨོན་ལམ་འདེབས་པར་མ་ཟད།  ཚེར་མ་རེ་བཅག་སྟེ་ལབ་རྩེའི་ཞོལ་གྱི་ཁུག་གཤོང་ན་རྡོ་འབུམ་ཞིག་ཡོད་པའི་ཉེ་འདབས་ནས་དགྲ་མནན་རྗེས།  རི་འདབས་ཀྱི་ཐང་དཀྱིལ་ནས་ཉིན་ཞག་ཆ་རེར་རྟ་རྒྱུགས་འགྲན་པ་དང་།  མདའ་རྩེད་བྱེད་པ།  གླུ་གར་ལ་རོལ་པ་སོགས་ཀྱི་ཡོ་ལང་རྒྱ་ཆེར་སྤེལ་པར་བྱེད།  ད་ལོའི་ལབ་རྩེ་ནི་ཟླ་གཉིས་ཀྱི་སྔོན་ལ་བསྟད་ཟིན་པས། དར་ཐིག་དང་མདའ་མདུང་སོགས་ཆར་ཆུས་མདངས་ཡལ་བར་བྱས་ཟིན་པས་སྔོན་ཆད་ཀྱི་གཟི་བྱིན་དེ་འཚོལ་དཀའ།  ལུག་རྫི་ཚེ་ལོས་ཚུལ་དེ་མཐོང་བས་ཡིད་ལ་སྐྱོ་སྣང་ཞིག་སྐྱེས་ཤིང་།  གཡས་འགྱེལ་གཡོན་འགྱེལ་གྱི་མདའ་མདུང་རྣམས་དྲང་མོར་བསླངས་པ་དང།  ལྷོད་ཟིན་པའི་དར་ཐིག་རྣམས་ཇེ་དམ་དུ་བཏང་ནས་ཆབས་ཅིག་ཏུ་བསྡམས་རྗེས། ཡར་ལྟ་མར་ལྟ་བྱེད་བཞིན་ལབ་རྩེར་བསྐོར་བ་ལན་གསུམ་བྱས།

ལུག་ཁྱུ་ལབ་རྩེའི་གཡས་གཡོན་གྱི་ནགས་གསེབ་ཏུ་གཟས་ལ་བཀྲམ་པ་དང་།  བྱ་རྒོད་བཅུ་གྲངས་ལོངས་པ་ཞིག་གིས་སྔ་ཕྱིར་སྲིན་པོ་རྫ་རྒན་གྱི་རྩེ་ནས་གྱེན་དུ་འཁྱིལ་བའི་འདབ་མ་སྒྱུར་བཞིན་སྨད་ཕྱོགས་ན་ས་འབུ་ནག་རིང་ཞིག་གི་དབྱིབས་དང་གཉིས་སུ་མ་མཆིས་པའི་རི་སྒང་ཞིག་ཡོད་པའི་ཕྱོགས་སུ་ཡུད་ཀྱིས་འཕུར།  རི་སྒང་དེ་ཕོ་རི་ཞིག་ཡིན་ལ་རི་མིང་ལ་རྣམ་རྒྱལ་སྒང་ཟེར།  བཤད་ཚུལ་ལ་དེ་ནི་རྨ་ཕ་རི་ནས་ཡོང་བར་གྲགས།  སྲིན་པོ་རྫ་རྒན་གྱིས་པང་པའི་ཚུལ་དུ་འདུག་པའི་ལབ་རྩེའི་རི་བོ་སྒེག་ཉམས་ཅན་དེ་ནི་མོ་རི་ཞིག་སྟེ།  གྲོ་ལུང་སྡེ་བའི་མོ་མགོ་མཐོ་བའང་རི་བོ་འདིའི་རྐྱེན་ཡིན་ཟེར།  རྣམ་རྒྱལ་སྒང་གིས་ལབ་རྩེས་བརྒྱན་པའི་མོ་རི་འདི་མཐོང་བས་ཉིན་རྒྱུན་སེམས་ཤོར་པ་དང་།  སྨག་མུན་ཆེས་ཆེར་འཐིབ་པའི་མཚན་མོའི་གོ་སྐབས་ཤིག་དང་བསྟུན་ནས་ས་འདིར་གསང་མཇལ་དུ་ཡོང་བ་ཡིན་མོད།  རྨ་ཆུ་ལི་མས་གེགས་བྱས་པས་ལབ་རྩེས་བརྒྱན་པའི་མོ་རི་འདིར་མཇལ་དབང་མ་བྱིན་པར་ནམ་ལངས་པ་དང་མཉམ་དུ་ཁ་སྐྱེངས་ནས་ས་དེ་གར་གཏན་དུ་ལུས་སོང་བ་རེད་ཟེར།  ལུག་རྫི་ཚེ་ལོའི་སེམས་ལ་རི་ཡིན་རུང་ལས་སྣང་དག་མི་འདུག་སྙམ་བཞིན་ལབ་རྩེའི་ཞོལ་ན་དེའུ་འབུར་ཞིག་ཡོད་པའི་སྟེང་ལ་བུད་ཅིང་།  རི་དྭགས་ཀྱིས་བསླུས་པའི་རྒྱལ་པོ་རཱ་མ་ཎ་དེ་ནུ་བོ་ལ་གྷཱུ་མ་ན་དང་།  མནའ་མ་སཱི་ཏཱ་གཉིས་ལ་གྱེས་ཁར་གཞུ་མཆོག་གིས་དེ་གཉིས་ཀྱི་མཐའ་ལ་རི་མོ་ཟླུམ་པོ་ཞིག་བྲིས་པ་ནང་བཞིན་རང་ཉིད་ཀྱི་མཐའ་ལ་གཅིན་པ་ཀོར་མོ་ཞིག་བཏང་རྗེས།  དུག་སྦྲུལ་གྱིས་མི་གནོད་པའི་གདེང་ཐོབ་པ་ལྟར་གོར་ཐིག་ཆེན་པོ་དེའི་དབུས་སུ་གན་རྐྱལ་དུ་ཉལ།

མཚམས་ཤིག་ལ་ལུག་ཁྱུ་ནི་ཅི་ཞིག་གིས་བསྡུས་པ་ལྟར་ཞོགས་ནས་ལབ་རྩེའི་ཞོལ་དུ་སླེབས་ཤིང་། མ་མོ་དང་ལུ་གུ་རྣམས་ནི་འབའ་སྐད་དི་རིར་སོང་།  ཁོ་གློ་བུར་ཡར་ལངས་ནས་ཕྱོགས་བཞིར་རྒྱང་ལྟ་བྱེད་དུས།  སྟོད་ཕྱོགས་ཀྱི་ཁིས་ལམ་ན་སྤྱང་ཀི་སྐྱ་བོ་ཡ་རུ་ཙམ་ཞིག་གིས་དར་གོས་དམར་པོ་ལྟར་སྲབ་ལ་མཉེན་པའི་ལྕེ་བསྣར་ནས་འགྱིང་སྟབས་སུ་འདུག་པ་མཐོང་བས།  ཚབ་ཚུབ་ཀྱི་ངང་ནས་མར་སྒུར་ཏེ་དེའུ་འབུར་གྱི་ཕག་ཏུ་ཡིབས་ནས་མེ་མདའི་ཁ་སྤྱང་ཀིའི་ཕྱོགས་སུ་གཏད།  ཁོའི་སེམས་ལ་དེ་རིང་གི་ཡོང་སྒོ་ནི་འདི་ཡིན་རྒྱུ་རེད་འདོད་པ་དང་།  ཡང་སྤྱང་ཀིས་ལུག་ཁྱུ་མཐོང་ཡང་མི་རྒྱུགས་པ་དེ་ཅི་བྱུང་བ་ཡིན་ནམ།  འཆི་བ་མི་རྟག་པ་སླེབས་ཚེ་བཟློག་ཐབས་མི་འདུག་ཟེར་བ་ཡང་བདེན་ཤས་ཆེ་སྙམ་བཞིན་སྤྱང་ཀིའི་དང་གར་དམིགས་ཏེ་འཕེན་པར་བྱས།  སྤྱང་ཀི་ཡོན་པའི་འགྲོས་ཀྱིས་ཁིས་ལམ་གྱི་གཡས་ཕྱོགས་སུ་ཡལ་ཟིན་ཀྱང་། མེ་མདའི་སྐད་ལས་འཕོས་པའི་བྲག་ཅ་རི་ཀླུང་ཀུན་ཏུ་འཁོར།  ལུག་རྫི་ཚེ་ལོས་སྤྱང་ཀིར་མེ་མདའ་ཕོག་པ་ཤེས་པས་གདོང་ལ་སྔར་མེད་ཀྱི་དཔའ་འཛུམ་ཞིག་ལངས་ཤིང་།  རང་ཉིད་དང་འགྲོགས་ཡུན་ཆེས་རིང་བའི་མེ་མདའ་ལོགས་སུ་གཡུགས་ཏེ་སྟོད་ཀྱི་ཁིས་ལམ་ལ་ཁ་གཏད་ནས་བརྒྱུགས།

དེ་ནི་སྤྱང་མ་ཞིག་སྟེ།  ལམ་ཞོལ་དུ་ཕ་བོང་གཡག་རོ་ཙམ་ཞིག་ཡོད་པ་དེར་ཐོགས་ནས་འགྱེལ་འདུག་ལ།  ཁྲག་དམར་ཡུར་ཆུ་ལྟར་བཞུར་བར་མ་ཟད།  ལྕེ་ཡང་ཁྲུ་གང་ཙམ་བསྣར་འདུག ཆེས་ཆེར་བགྲད་ཅིང་ཅེར་བའི་མིག་ཟུང་ནི་གསོན་པོ་ལྟར་སྣང་བས་མཐོང་བ་ཙམ་གྱིས་མགོ་སྐྲའང་གྱེན་དུ་གཟེངས་པར་བྱེད།  ལུག་རྫི་ཚེ་ལོས་ངང་ཚུལ་དེ་མཐོང་བས་ངག་ལས་དབང་མེད་དུ“ད་ཐེངས་འགྲིག་མ་སོང་།  ངའི་གཉན་ལག་འདི”ཟེར་ཞིང་ལུས་ཧྲིལ་པོ་དར་ལྕོག་རླུང་གིས་བདས་པ་ལྟར་ལྷབ་ལྷུབ་ཏུ་འདར་བཞིན་། སྲིན་པོ་རྫ་རྒན་གྱི་ཕྱོགས་སུ་འཁོར་ནས་བཟོད་གསོལ་གྱི་ཕྱག་ཡང་ཡང་འཚལ།

སྐབས་དེར།  གནམ་ངོ་གློ་བུར་རུབ་པ་དང་།  གར་ཡོང་ཆ་མི་འཚལ་བའི་སྨུག་པའི་ཡོལ་རས་ཀྱིས་རི་ཀླུང་ཡོད་ཚད་བཏུམས།  ལུག་རྫི་ཚེ་ལོའི་སེམས་ཁོང་གི་རྣམ་རྟོག་ཇེ་ཆེར་སོང་བས་ས་དཔྱད་ལེགས་པར་བཏང་རྗེས།  སྤྱང་རོ་ཁུར་ནས་ཕར་ཕྱོགས་ན་ཁུག་གཞོང་གོར་མོ་ཞིག་ཡོད་པ་དེར་ཕྱིན་ནས།  རང་ཉིད་ལ་བཀའ་དྲིན་ཆེ་བའི་མི་ཞིག་ལ་འདས་མཆོད་གཏོང་བ་ལྟར་དུར་འཇུག་བྱས་ཤིང་།  ཡུད་ཙམ་ལ་ས་དེར་ཙོག་པུར་བསྡད་ནས་བློ་ངོས་ན་ཡོད་པའི་འདོན་པ་མཐའ་དག་བཏོན་ཚར་བ་དང་མཉམ་དུ། ཕྱིར་ལྟ་ཡང་ཡང་བྱེད་ཞོར་ལུག་ཁྱུ་འཚོལ་དུ་ཕྱིན།

བཞི།

ལུག་རྫི་ཚེ་ལོ་ཕོ་ལོ་ལྔ་བཅུར་བུད་ཀྱང་དེ་རིང་ལྟ་བུའི་ཁ་ཏོན་ཞིག་ངག་ལས་བཟླས་མ་མྱོང་།  ཁོའི་ཚ་རྡོག་ལྷུང་བའི་མིག་གཡས་མའི་ནང་དུ་སེམས་ཁྲལ་གྱི་མདངས་ཤིག་ཤར་ཞིང་།  ཡིད་ལ་རང་ཉིད་ནི་མ་གཞི་ནས་ལག་རྡུམ་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་འདུ་ཤེས་ཤིག་འགོག་མེད་དུ་སྐྱེས་བྱུང་།  སྤྱིར“ནངས་སྔ་དགོང་འཕྱི”ནི་ལུག་རྫི་ཚེ་ལོས་མི་ལོ་ཉི་ཤུའི་རིང་ལ་ལུག་འཚོས་པའི་གོ་རིམ་བརྒྱུད་པ་ལས་བྱུང་བའི་ཉམས་མྱོང་ཡིན་ནའང་།  དེ་རིང་ནི་ནམ་རྒྱུན་དང་མི་འདྲ་བར“ནངས་སྔ་དགོང་སྔ”ཡི་ཚུལ་དུ་འདུག ཉིན་མོའི་བྱེད་པོ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་དགུ་རོང་ཉི་མ་ཐག་རྟོད་ཀྱིས་བཏགས་པ་ལྟར་ཡོ་མེད་འགུལ་མེད་དུ་འདུག་པ་དང་།  ལུག་ཁྱུས་འབའ་སྒྲ་ལྷང་ལྷང་སྒྲོག་བཞིན་ས་ཁུང་ཕྱོགས་སུ་ཡུད་ཀྱིས་གཤར་གྱིན་འདུག

ལུག་རྫི་ཚེ་ལོ་ས་ཁུང་དུ་འབྱོར་དུས་ཆུང་མ་ཁམས་མཚོ་སྔ་མོ་ནས་སླེབས་འདུག ལུས་གཟུགས་ཅུང་ཐུང་བ་མ་གཏོགས་འབྱུང་ཁམས་བཟང་བར་བརྟེན་མོ་ལོ་ལྔ་བཅུར་འབུད་ལ་ཉེ་བའི་བུད་མེད་ཅིག་དང་གཏན་ནས་མི་འདྲ།  མོས་འཕང་འཁེལ་བཞིན་ཉིན་རྒྱུན་ཆད་མེད་དུ་འདོན་པའི་དྲག་སྔགས་དེ་ཟློ་ཞིང་། མཚམས་རེར་གཟས་ནས་བལ་ལིའི་གསེབ་ཏུ་མཆིལ་མའང་ཡང་ཡང་འདེབས་པར་བྱེད།  མོས་ཟློ་བའི་དྲག་སྔགས་དེ་སུ་ལ་ཡང་སློབ་པར་མི་བྱེད་དེ།  ཐ་ན་མོ་དང་འགྲོགས་ཡུན་ཆེས་རིང་བའི་ཁྱོ་བོ་ཚེ་ལོར་ཡང་བསླབས་མ་མྱོང་།  དྲག་སྔགས་དེ་མོའི་ཕ་རྒན་གྱི་ངག་ལས་བརྒྱུད་ཡོང་བ་སྟེ།  མོའི་ཕ་རྒན་ནི་སེར་བ་ཞིང་བར་ནས་འཁྲིད་པར་ནུས་པའི་སེར་སྲུང་ཡ་མེད་ཅིག་ཡིན།  སེར་སྲུང་བཟའ་ཟླ་གཉིས་ལ་གཞོན་སོ་དཀར་གྱི་དུས་སུ་བུ་བུ་མོ་གཅིག་ཀྱང་མ་བྱུང་བས།  ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་པོ་ལ་སྦྱིན་པ་ཡང་ཡང་བཏང་མཐར་རྒན་མགོ་དཀར་གྱི་ཚེ་ན་ད་གཟོད་བུ་མོ་ཁམས་མཚོ་འདི་སྐྱེས།  མོ་སྐྱེས་དུས་མ་རྒན་གྱི་ལུས་ཟུངས་ཟད་པའི་རྐྱེན་གྱིས་བཙས་སྣ་མ་བརྟན་པར་གཤིན་རྗེའི་ལས་མཁན་གྱི་ལག་ཏུ་ལྷུང་བ་དང་།  ཨ་ཕ་ཡང་ཐབས་ཟད་བཞིན་མཛོ་མོ་ར་ཡས་མ་དེར་བརྟེན་ནས་མོ་བསྐྱངས།  སེར་སྲུང་རྒན་པོའི་འདོད་པ་ནི་བུ་ཞིག་ཡིན་ནའང་།  དེ་ལྟར་འདོད་ཐོག་ལ་མ་ཡོང་བའི་རྐྱེན་གྱིས་རེ་ཐག་ཆད་བཞིན་མེས་པོ་གོང་མའི་ངག་ལས་བརྒྱུད་ཡོང་བའི་དྲག་སྔགས་དེ་བུ་མོ་ཁམས་མཚོར་མི་སློབ་ཐབས་མེད་བྱུང་།  བུ་མོ་ཁམས་མཚོས་ཀྱང་ཉིན་རྒྱུན་བློ་རྩེ་གཅིག་སྒྲིམ་གྱིས་དྲག་སྔགས་དེ་ཟློ་བ་དང་། ཨ་ཕའི་ལག་རོགས་ཐུབ་མཚམས་ནས་བཟུང་འཕང་འཁེལ་རྒྱུར་དགའ་བས།  འཕང་འཁེལ་བཞིན་དྲག་སྔགས་ཟློ་བ་ནི་མོ་ཆེས་དགའ་ཞིང་ཆེས་རིན་ཐང་ལྡན་པའི་ལས་ཀ་ཞིག་ཏུ་གྱུར།  མོས་བཀལ་ཟིན་པའི་བལ་སྐུད་ཀྱིས་ཐགས་བཏགས་རྗེས་སྒྱེ་མོ་དང་ཕྱར་བ་སོགས་སྣོད་ཆས་མང་བོ་ཞིག་བཟོས་ཡོད།

ཉིན་ཞིག་སྨད་ཕྱོགས་ཀྱི་རི་རྩེ་ནས་སྤྲིན་ནག་གཟའ་རྒོད་འཁྱུག་པ་ལྟར་དྲིལ་ཡོང་ཞིང་།  འབྲུག་སྒྲ་ཡང་འུར་འུར་དུ་གྲགས་པས་སྟོན་སྡུད་ཀྱི་ལས་མགོ་བཟུང་མ་ཐག་པའི་སྡེ་མི་ཐམས་ཅད་ཟང་ཟིང་ལང་ལོང་དུ་བཏང་སྟེ།  ཚང་མའི་རེ་བའི་མིག་ཟུང“སེར་སྲུང”རྒད་པོའི་གདོང་ལ་གཏོད་དགོས་བྱུང་། སེར་སྲུང་རྒད་པོས་ཀྱང་ཆར་འགོག་ཡོ་ཆས་མཐའ་དག་བཟུང་ནས་སྒོར་འབུད་དུས།  བུ་མོ་ཁམས་མཚོས་སྒྱེ་མོ་མཁའ་ལ་འཕྱར་ཙམ་བྱེད་པ་མཐོང་།  དུས་མཚུངས་སུ་འབྲུག་སྒྲ་ཇེ་ཆུང་དུ་སོང་བར་མ་ཟད།  སྤྲིན་ནག་གི་ཕུང་བོ་ཡང་ཇེ་སྲབ་ནས་ཇེ་སྲབ་ཏུ་གྱུར་ཏེ་ཉི་མ་སྤྲིན་སྲུབས་ནས་བུད་པ་དང་།  ཕ་མཐའ་མི་མངོན་པའི་རི་ཀླུང་ཀུན་ལ་དྲོད་འཇམ་ཉི་འོད་ཀྱིས་ཁྱབ་པར་གྱུར།  སེར་སྲུང་རྒད་པོས་དྲག་སྔགས་ཀྱི་ནུས་པ་སྒྱེ་མོའི་ངོས་ལ་འཕོས་པ་ཤེས་པས། མཆོང་སྟབས་གཅིག་གིས་ཕར་བརྒྱུགས་ནས་བུ་མོ་ཁམས་མཚོའི་ལག་གི་སྒྱེ་མོར་ཞིབ་ལྟ་ཡང་ཡང་བྱེད་ཅིང་།  ཁ་ནས་དབང་མེད་དུ“ངའི་བུ་མོ་བུ་ལས་ལྷག་པ་བྱུང”ཟེར་ཞིང་དགོད་སྒྲ་ལྷང་ལྷང་སྒྲོགས་བཞིན་འཇིག་རྟེན་ཕྱི་མའི་ཡུལ་དུ་ཆས།

རང་ཉིད་དཔྲལ་བའི་མིག་འབྲས་ལྟར་གཅེས་པའི་ཕ་རྒན་དང་གློ་བུར་བྲལ་པས། མོ་ཁེར་རྐྱང་དང་རེ་ཆད་ཀྱི་སྡུག་བསྔལ་ཉིས་བརྩེགས་ཀྱིས་ཡོངས་སུ་མནར་བར་གྱུར།  ཡིན་ནའང་།  ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་དྲག་སྔགས་དེ་རང་ཉིད་ཀྱིས་རྒྱུན་འཛིན་བྱེད་ཐུབ་པའི་ཚུལ་དེ་དྲན་ཐེངས་རེར། མོར་སྨྲ་མི་ཤེས་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་འཕེལ་ཡོང་བ་དང་།  མུ་མཐུད་དུ་འཕང་འཁེལ་ཞིང་དྲག་སྔགས་དེ་ཟློ་བཞིན་མོ་ལོ་ཉི་ཤུར་བུད།

སྡེ་སྟོད་སྨད་ཀུན་ནས་མོའི་མག་པ་བྱེད་འདོད་ཀྱི་གསར་བུ་མང་བོ་ཞིག་བྱུང་ནའང་། ཁམས་མཚོས་བློ་ཐག་རྦད་ཆོད་ཀྱིས་མགོ་བོ་གཡུག་གཡུག་བྱས་ཏེ་ཁོ་ཚོའི་རེ་བ་སྟོང་ཟད་དུ་བཏང་།  དེ་ནི་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ།  མོ་ལོ་ན་བཅུ་དྲུག་ལ་བུད་པའི་ལོ་མཇུག་གི་ས་སྲོད་ཅིག་ལ།  ཁྱིམ་འདི་གར་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་ཨ་མཆོད་ལོ་ལོན་ཞིག་བྱུང་།  ཁོང་ཉིད་ཁམས་མཚོའི་ཨ་ཕའི་དབུས་གྲོགས་ཡིན་ཞིང་མོ་རྩིས་ལུང་བསྟན་ལ་ཤིན་ཏུ་མཁས་པར་བཤད།  ཨ་མཆོད་དེ་གཟའ་འཁོར་གཅིག་ཙམ་ལ་བསྡད་རྗེས་རང་ཡུལ་དུ་སྙེག་རྩིས་བྱས།  སེར་སྲུང་རྒད་པོས་ད་དུང་ཉི་མ་འགའ་རེར་བཞུགས་དགོས་པའི་ཞུ་བ་ཡང་ཡང་ཞུས་ཀྱང་མ་ཁོགས་པས། རྟ་ཕོ་ར་ར་ཞིག་གི་རྫོང་བ་དང་བཅས་འགྲུལ་པར་ལམ་འཇུག་བྱས།  ཨ་མཆོད་ལམ་ལ་ཆས་རྩིས་བྱེད་པའི་ནངས་མོ་དེར། སེར་སྲུང་རྒད་པོའི་དུས་ཡུན་རིང་བོར་སེམས་ཁོང་དུ་ཉར་བའི་ཞུ་བ་སྟེ། བུ་མོ་ཁམས་མཚོའི་ཚེ་འགྲོགས་དེ་གནས་གང་གི་སྐྱེས་བུ་ཅི་འདྲ་ཞིག་ཡིན་ཚུལ་གྱི་གཏམ་གློ་བུར་བ་དེ་དྲིས།  ཨ་མཆོད་ཀྱི་གདོང་ལ་གློ་བུར་གཟབ་ནན་གྱི་མདངས་ཤིག་ཤར་ཞིང་།  ཕྲེང་བ་ནག་པོ་དེ་ཕར་འདེད་ཚུར་འདེད་ཅིག་བྱས་ཤིང་།  མིག་བཙུམས་ནས་ཇ་ཡུན་ཙམ་ལ་བསྡད་རྗེས“ཁྱོད་ཚང་གི་མག་པ་དེ་ཡུལ་ཤར་ཕྱོགས་ན་ཡོད་ཅིང་།  མིག་གཡས་མའི་ནང་དུ་ཚ་རྡོག་ལྷུང་ཡོད་པ་ཞིག་ཡིན་ཏེ། ལོ་ལྔའི་རྗེས་ནས་མ་བོས་རང་འདུ་རྒྱག་ངེས་ཡིན”ཞེས་གསུངས་བྱུང་།

སེར་སྲུང་རྒད་པོ་དགའ་དྲགས་ནས་འཇིག་རྟེན་ཕྱི་མའི་ཡུལ་ལ་འགྲོ་རག་བར་དུ། ཁྱིམ་འདི་གར་ཕྱོགས་ཡར་མར་གྱི་འགྲུལ་པ་འགའ་རེ་བྱུང་བར་མ་ཟད།  ཕལ་ཆེ་བས་བུ་མོ་ཁམས་མཚོའི་མག་པ་བྱེད་འདོད(རྒྱུ་ལ་དམིགས་ནས)ཀྱི་ཞུ་བ་ཡང་ཡང་བྱས་ནའང་། དབང་བོ་སྐྱོན་ཅན་ཞིག་ལ་མ་ཕྲད་པའི་རྐྱེན་གྱིས་མོས་དང་ལེན་བྱེད་མ་ཕོད་པར།  ཨ་མཆོད་ཀྱི་མོ་རྩིས་ལུང་བསྟན་ལ་བརྟེན་ནས་སེམས་ཐག་བཅད་ཟིན་པའི་ཚེ་འགྲོགས་དེར་བསྒུགས་ནས་ལོ་ཟླའི་ཕྲེང་བ་རིམ་གྱིས་བསྐྱལ།

ཁམས་མཚོ་མོ་ལོ་ཉེར་གཅིག་ལ་བུད་པའི་ལོ་མཇུག་ཏུ་སླེབས་པར་ཉེ་བའི་མཚན་མོ་ཞིག་ལ།  མོའི་རྨི་ལམ་དུ་སྟོང་ལུག་དེད་ཡོང་བའི་གསར་བུ་མིག་གཡས་མའི་ནང་ལ་ཚ་རྡོག་ལྷུང་བ་ཞིག་འཁོར་བྱུང་།  ཁམས་མཚོ་གཉིད་ལས་སད་དུས་དྲོས་ཇ་སྔ་མོ་ནས་ཡོལ་ཟིན་པས་ཁ་སྐྱེངས་བཞིན་སྒོ་ལ་བུད།  དགའ་བར་འོས་པ་ནི་གཟུགས་ཀྱི་ཆ་བྱད་དང་གདོང་གི་རྣམ་པ་མཐའ་དག་མདང་དགོང་རྨི་ལམ་དུ་འཁོར་བའི་གསར་བུ་དེ་དང་གཉིས་སུ་མ་མཆིས་པའི་མི་ཆ་མེད་ཅིག་སྒོ་མདུན་གྱི་སྡོང་རྩ་ན་ཉལ་འདུག་པ་མཐོང་།  དེ་ནི་སྔ་མོ་ནས་ངོ་ཤེས་པ་ལྟར་ཤིན་ཏུ་འདྲིས་སླ་བ་ཞིག་ཡིན་པར་བརྟེན།  མོའི་རེ་བ་ལྟར་ཚེ་གཅིག་སྐྱ་ཡ་བྱ་རྒྱུ་ཁས་བླངས་ཏེ་ཁྱིམ་འདི་གར་གཞིས་སྡོད་བྱས།  རྗེས་སུ་གངས་སྐོར་ལ་འགྲོ་དུས་ད་གཟོད་ཨ་སྐྱོ་བ་ཞིག་གི་ཁ་ནས་ཁོ་ནི་མོ་རྩིས་ལུང་བསྟན་ལ་མཁས་པའི་ཨ་མཆོད་དེའི་ཉེ་ཚན་ཞིག་ཡིན་པ་རྟོགས།  དེའི་དུས་བུ་མོ་ཁམས་མཚོས་རང་ཉིད་ཨ་མཆོད་ཀྱི་གཡོ་འོག་ཏུ་ཚུད་པ་ཤེས་ནའང“ཐོད་པའི་རི་མོ་བསུབ་ཐབས་མེད”སྙམ་ཞིང་།  འཕང་འཁེལ་ཅིང་དྲག་སྔགས་དེ་ཤབ་ཤུབ་ཏུ་ཟློ་བཞིན་ད་བར་དུ་མི་ལོ་ཉི་ཤུ་ལྷག་འདས།

“ཡུལ་ནས་དོན་དག་འདྲ་བྱུང་བ་མ་ཡིན་ནམ།”

ལུག་རྫི་ཚེ་ལོས་ས་ཁུང་སྒོ་གཅོད་བྱེད་ཀྱི་ཕྱར་བ་ཧྲུལ་པོ་དེ་ཡར་འགྱོག་ཙམ་གྱིས། ནམ་རྒྱུན་མིག་འབྲས་ལྟར་གཅེས་པའི་མེ་མདའ་དེ་ནང་ལ་གཡུགས་རྗེས་ཁ་ཕྱིར་འཁོར་ནས་གློ་བུར་དྲིས།

ཆུང་མ་ཁམས་མཚོས“དོན་དག་གཞན་མ་རེད།  སང་ཉིན་བརྒྱད་པའི་ཚེས་གཅིག་ཡིན་པས་ཚང་མ་ཡུལ་ལྷའི་ལྷ་ཁང་ལ་འགྲོ་རན་སོང་།  ཁྱིམ་ཚང་རེ་ནས་སྐྱེས་པ་གཅིག་རེ་ཡོང་དགོས།  སུ་མ་ཡོང་ན་འོས་འཚམ་གྱི་ཆད་པ་གཅོད་རྩིས་འདུག”ཟེར་ཞིང་།  འཕང་འཁེལ་མཚམས་བཞག་སྟེ་སྨུག་སྤྲིན་གྱིས་བཏུམས་པའི་སྲིན་པོ་རྫ་རྒན་ལ་བལྟས་ཙམ་གྱིས“དེ་རིང་ཨ་མྱེས་སྲིན་རྒན་ཐུགས་བརྒྱལ་བཞེངས་འདུག་པ་འདྲ།  ཅི་བྱུང་བ་ཡིན་ནམ”ཟེར།

སྐད་ཆ་དེ་གོ་བས་ལུག་རྫི་ཚེ་ལོར་སྔར་མེད་ཀྱི་སྐྲག་འདར་གློ་བུར་བ་ཞིག་བརྒྱབ་པ་དང་།  རྐུན་ཇག་གཏུམ་སྤྱོད་ཅན་ཞིག་གིས་དེད་ནས་ཡོང་བ་ལྟར་ཚབ་ཚུབ་ཀྱི་ངང་ནས་ས་ཁུང་དུ་འཛུལ་ཏེ།  འཇིགས་བྱེད་ཀྱིས་ཁྱེར་ཡོང་བའི་དཔེ་ཆ་སོགས་དངོས་པོ་ཙག་ཙིག་རྣམས་ཏ་ལེན་རྙིང་བ་ཞིག་གི་ནང་ལ་བཅུག་རྗེས་མྱུར་མོར་སྒོ་ལ་བུད།  ཆུང་མ་ཁམས་མཚོས་འཕང་ཤིང་བཀོལ་ནས་ལུག་རྣམས་ཀྱི་གྲངས་ཀ་ལེན་པའི་ལས་ལ་བྲེལ་འདུག་ཅིང་།  ཁོས་ལུག་རའི་མཐའ་ཧྲིལ་པོར་བསྐོར་བ་ཙམ་བྱས་ནས། རང་ཉིད་ལ་ཤ་གཟན་རི་དྭགས་འདྲ་བ་བཅུ་ཡོད་པ་རྣམས་དེ་རིང་གི་སྨུག་ལོང་ཁྲོད་ནས་སྤྱང་ཀིའི་ཁ་ཟས་སུ་གྱུར་ཡོད་མེད་ཀྱི་རྩིས་གྲངས་བླངས་རྗེས།  བློ་བདེ་བག་ཕེབས་ཀྱི་ངང་ནས་ཚུར་ཡོང་སྟེ“ང་འགྲོ་རྒྱུ།  དོ་དགོང་ལུག་རའི་ནང་དུ་སྤྱང་ཀི་ལྡིང་ཡང་སྲིད།  སེམས་ཆུང་བྱོས”ཟེར་བཞིན་ཏ་ལེན་ཕྲག་སྟེང་དུ་འཕངས་རྗེས།  སྨད་ཕྱོགས་ཀྱི་གྲམ་མཐིལ་ལ་ཟུག་འདུག་པའི་རྐང་ལམ་ཕྲ་མོ་དེར་ཞུགས་ཤིང་།  ཕྱི་བལྟས་ཙམ་ཡང་མི་བྱེད་པར་དེའུ་འབུར་ཞིག་ཡོད་པའི་ཉེ་འདབས་ནས་ཡལ།

ལྔ།

“ཚེ་ལོ།”

སྐྱ་རེངས་ཀྱི་སྐྱ་མདའ་མ་ཆད་ཅིང་།  སྔོ་རེངས་ཀྱི་ཕོ་ཉ་མ་སླེབས་ཙམ་ལ་འཚུབ་ཆེ་བའི་འབོད་སྐད་གློ་བུར་བ་ཞིག་གིས་ཁོ་འཇིགས་ཡེར་བའི་རྨི་ལམ་གྱི་ཞིང་ཁམས་དེ་ནས་དཀྲོགས་པར་བྱས།  མདང་དགོང་ལུག་རྫི་ཚེ་ལོར་ཁྱད་མཚར་གྱི་གཏམ་རྒྱུད་འཆད་དུ་ཡོང་བའི་འཇིགས་བྱེད་ཀྱང་གྲིམ་རིལ་ཅིག་བརྒྱབ་ནས་ཡར་ལངས་བྱུང་།

“ཨ་ནེ་ཁམས་མཚོ་ཡིན་པ་འདྲ།”

འཇིགས་བྱེད་ཀྱི་གདོང་ལ་བློ་ཡུལ་ལས་འགོངས་པའི་མདངས་ཤིག་མངོན་བཞིན་ངག་ལས་གློ་བུར་དེ་སྐད་ཤོར།

“མདང་དགོང་ང་མ་བསྡད་པས་འགྲིག་མ་སོང་།”

ཁོས་དེ་སྐད་སྨྲ་བཞིན་གྱོན་ཆས་མཐའ་དག་གོན་མ་ཐག་སྒོ་འབྱེད་དུ་བརྒྱུགས།

ལུག་རྫི་ཚེ་ལོ་འཚུབ་དྲགས་པ་འདྲ།  སྒོ་གཏན་མ་བླངས་པར་ལྕགས་ལུང་ཕྱེ་བར་བརྟེན། རྗེས་ནས་སླེབས་ཡོང་བའི་འཇིགས་བྱེད་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་སྒོ་གཏན་ལེན་དགོས་བྱུང་།

“ལུག་རའི་ནང་དུ་སྤྱང་ཀི་ལྡིང་བ་ཨེ་རེད།”

རྒྱ་སྒོ་ཕྱེ་ཚེ་འབོད་མཁན་ནི་དངོས་གནས་ཆུང་མ་ཁམས་མཚོ་ཡིན་པ་མཐོང་འཕྲལ། ཁོས་བདེན་ཅོག་ཅོག་གིས་དེ་སྐད་དྲིས།

“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”

“ངས་ཁ་སང་སྲིན་པོ་རྫ་རྒན་གྱི་སྒོ་ཁྱི་བསད་ཟིན།”

“ངའི་ལས་འདི……”

སྐད་ཆ་མཇུག་མ་རྫོགས་གོང་ལ་ཆུང་མ་ཁམས་མཚོ་ནི་ཐོ་ཡོར་རླུང་གིས་བསྒྱེལ་པ་ལྟར་སྒོ་ནང་དུ་འགྱེལ་བར་གྱུར།

ལུག་རྫི་ཚེ་ལོས་མྱུར་མོར་མོ་བསྐྱོར་ཏེ་ངག་གི་སྒོ་མོ་ཆེས་ཆེར་ཕྱེ་ནས་ཁམས་མཚོའི་མིང་གིས་འབོད་པའི་དུས་མཚུངས་སུ། སྣ་མདོར་སེན་མོས་གནོན་ཅི་ཐུབ་བྱས།

ཡུད་ཙམ་ནས།  མོའི་ལུས་པོ་འགུལ་ཙམ་བྱས་པ་དང་མཉམ་དུ་མིག་ཀྱང་ཕྱེ་འོངས་།

“ལུག་མང་བོ་ཞིག་བསད་སོང་ངམ།”

མོའི་ངོ་མདངས་རྒྱུན་ལྡན་དུ་གྱུར་རྗེས།  ལུག་རྫི་ཚེ་ལོས་མུ་མཐུད་དུ་དྲི་བ་བྱས།

“མང་རྒྱུ་མི་འདུག  བཅུ་ཐམ་པ་བསད་སོང་།”

“སུ་ཚང་གི་ཡིན་ནམ།”

“འུ་ཚང་གི་རེད།”

“ཤ་གཟན་ཡིན་ནམ།  མ་མོ་རེད།”

“ཤ་གཟན་ཡ་མེད་དེ་བཅུ་བོ་རེད།”

“ང་འཆུགས་སོང་།”

དྲིས་ལན་དེ་དག་གོ་བས་ལུག་རྫི་ཚེ་ལོའི་ངག་ནས་གློ་བུར་དེ་སྐད་ཤོར་ཞིང་།  གཟུགས་མེད་ཀྱི་འདྲེ་གདོན་ཞིག་གིས་རང་ཉིད་ཀྱི་སྙིང་བལ་བ་ལྟར་བྲང་ཁོང་རྡུང་ཅི་ཐུབ་བྱས།

འཇིགས་བྱེད་ཀྱི་ཡིད་ལ་དེ་སྔོན་རྫ་མགོར་ཁྱེར་བའི་དཔེ་ཆ་དེ་དག་གི་ཁྲོད་ཀྱི་བྱུང་རིམ་མང་བོ་ཞིག་རིམ་བཞིན་ཤར་ཡོང་ཞིང་།  སྤྱང་ཀི་ཞིག་ལ་ཕོག་ཐུག་བཏང་སྟེ་སྨྱོན་པ་ལྟར་གྱུར་པའི་ལུག་རྫི་ཚེ་ལོ་དང་།  ཁོའི་ཆུང་མ་གཉིས་ཀྱི་ཁ་བརྡ་དང་རྣམ་འགྱུར་ལ་ཅེར་ནས་མགོ་བོ་གཡུག་གཡུག་བྱེད།

དྲུག

ལུག་རྫི་ཚེ་ལོས་དེ་རིང་རྐང་མགྱོགས་བསྒྲུབས་ཟིན་པ་འདྲ།  བརྒྱལ་མ་གསོན་གྱི་ཆུང་མ་ཁམས་མཚོ་མལ་དུ་བསྙལ་རྗེས།  ཐད་ཀར་ཐོས་བསམ་གླིང་དུ་བརྒྱུགས་ནས་སྔགས་པ་བདུན་བརྒྱད་ཙམ་གདན་འདྲེན་བྱས་ཤིང་།  དེར་མཐུད་ནས་ཁྱིམ་མཚེས་བྱམས་བཟང་ཚང་ལ་ཕྱིན་ཏེ་མཆོད་གནས་རྣམས་ལ་ཅི་མཁོ་སྦྱིན་འོས་ཀྱི་ལས་རྣམས་བཅོལ་གདམས་མཛད་ཅིང་།  དེ་ནས་སྡེ་བའི་གསར་བུ་རྣམས་ཀྱི་རྗེས་མ་ཟིན་ཙམ་གྱིས་ཡུལ་ལྷའི་ལྷ་ཁང་དུ་སོང་ནས་སྐྱབས་འཇུག་ཡིད་ཚིམས་པ་ཞིག་ཞུས་པ་དང་།  རྐུབ་ཐང་ལ་འཇོག་ལོང་ཡང་མ་བྱུང་བར་རང་ཉིད་ཀྱིས་མི་ཚེའི་ཕྱེད་ཀ་འཐིམ་སའི་ས་ཁུང་དུ་འབྱོར།  དཔྲལ་བའི་མིག་འབྲས་ལྟར་གཅེས་པའི་ཤ་གཟན་བཅུ་པོའི་པགས་པ་བཤུས་ཏེ་སྤྱང་ཕྲུག་རྣམས་ལ་སྦྱིན་པ་བཏང་ཚར་བ་དང་མཉམ་དུ།  ད་ཅི་ཡུལ་ནས་ཁྱེར་ཡོང་བའི་བསང་རྩི་ཏ་ལེན་གང་བོ་ཁུར་ནས་དེ་སྔོན་སྤྱང་ཀི་དུར་འཇུག་བྱེད་སའི་གནས་དེར་སླེབས།  སུ་རུའི་སྟེང་ལ་ཨོང་བ་མང་བོ་ཞིག་བསྒྲིགས་ཏེ་བསང་མེ་དམར་ཐག་ཆོད་པ་ཞིག་གསོས་རྗེས།  བསང་རྩི་ཡོད་ཚད་བླུགས་ནས་ཁ་སང་དང་འདྲ་བར་སྲིན་པོ་རྫ་རྒན་ལ་འཁོར་ནས་འགྱོད་བཤགས་ཀྱི་ཕྱག་ཡང་ཡང་འཚལ།

ཉི་མ་ནུབ་ལ་ཉེ་དུས།  སྲིན་པོ་རྫ་རྒན་དར་གོས་ཆེན་པོ་ཡུག་གཅིག་གིས་བཏུམས་པ་ལྟར་དཀར་ཆིལ་ལེར་མངོན་པའི་སྨུག་སྤྲིན་ནི་རིམ་གྱིས་ཕར་ཡོ་ཚུར་ཡོ་བྱས་ནས་བར་སྣང་ཁམས་སུ་འཐིམ་པ་དང་།  དཔངས་མཐོ་བའི་རྫ་རི་དེ་ཡང་ཅི་ཞིག་གིས་ཚིམས་པ་ལྟར་བརྗིད་ཆགས་ཤིང་སྔོ་ཤིག་གེར་འདུག ལུག་རྫི་ཚེ་ལོས་ངང་ཚུལ་དེ་མཐོང་བས་ཚ་རྡོག་ལྷུང་བའི་མིག་གཡས་མའི་ནང་གི་སེམས་ཁྲལ་གྱི་མདངས་དེ་གློ་བུར་ཡལ་ཞིང་།  འཛུམ་གྱིས་ཁེངས་པའི་གདོང་ལ་འཆི་བདག་གི་ཁ་ལས་ཐར་འདྲའི་སྤྲོ་སྣང་ཞིག་མངོན་བཞིན་ཕྱིར་ས་ཁུང་དུ་ལོག

དེའི་དུས།  མུན་ཡོངས་སུ་རུབ་སོང་།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།