རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས། — སྐབས་དང་པོའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་བཀོད།

55.jpg

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

赤烈曲扎.jpg

འཕྲིན་ལས་ཆོས་གྲགལགས་ནི།  1937ལོའི་ལོ་མཇུག་ལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྐྱེས།  1959ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་ནས་སྔ་ཕྱིར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་། བོད་ལྗོངས་གནའ་རྫས་གཤམས་སྟོན་ཁང་གི་དབུ་འཛིན་བཅས་ཀྱི་འགན་བཞེས་མྱོང་ལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་ཡང་བཞེས།

བརྩམས་ཆོས་ལ། སྔ་རྗེས་སུ་ལོ་ངོ་བཞི་ཅུའི་རིང་དགེ་རྒན་དང་ལོ་ཙཱ། རྩོམ་སྒྲིག་བཅས་ཀྱི་ལས་ཀ་གཉེར་བའི་ཞོར་དུ།  རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྟེང་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་ལོ་རྒྱུས་མཛད་རྣམ་ཞེས་པ་དང་། བོད་ལྗོངས་དམངས་གླུར་རགས་ཙམ་དཔྱད་པ། གེ་སར་སྒྲུང་གི་རིག་གནས་མཚོན་དོན་དང་བོད་ཀྱི་རིག་གནས་ཁྱད་ཆོས་གླེང་བ་སོགས་དཔྱད་རྩོམ་མང་པོ་སྤེལ་མྱོང་ཞིང་། གཞན་དང་མཉམ་འབྲེལ་གྱིས་གཙོ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་། མཉམ་འབྲེལ་གྱིས་ལོ་ཙ་དང་ཞུས་ཆེན་མཛད་པའི་ཆུ་ངོགས་གཏམ་རྒྱུད་བོད་འགྱུར་མར་རྒྱལ་ཡོབས་བོད་ཀྱི་ལོ་ཙྰའི་བྱ་དགའ་ཨང་དང་པོ་ཐོབ། ད་དུང་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་རྒྱ་ཡིག་ལ་བསྒྱུར་བ་དང་། ཀྲུང་གོ་མི་རིགས་རིག་གནས་སྤྱི་བཤད་ཞེས་པའི་བོད་ལྗོངས་ལེའུ་ཁག་གི་རྩོམ་སྒྲིག་བྱ་བར་ཞུགས། ཁོང་གིས་སྡུད་གསོག་དང་ཕྱོགས་སྒྲིག་བྱས་པའི་བོད་ལྗོངས་དམངས་གླུ་ཞེས་པར་རྒྱལ་ཡོངས་ཕུལ་བྱུང་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།  བོད་ལྗོངས་ནི་ང་ཡིས་ཕ་ཡུལ་ཞེས་པའི་དབྱིན་ཡིག་དཔར་དང་། འཇར་མན་ཡི་གེའི་དཔར། ཞེ་པན་ཡའི་ཡི་གེའི་དཔར་སོགས་པེ་ཅིན་འཛམ་གླིང་གསར་བའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།  བོད་ཀྱི་འཁེལ་ཐག་ལག་རྩལ་ལོ་རྒྱུས་དབྱིན་འགྱུར་མ་ཐེ་གོ་ནས་དཔེ་སྐྲུན་འགྲེལ་སྤེལ་བྱས་ཤིང་། དེར་བོད་ལྗོངས་རིག་གནས་ལས་ཀའི་མཛད་རྗེས་ཁྱད་འཕགས་པ་བོད་ལྗོངས་ཇོ་མོ་གླང་མའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། 2010ལོའི་ཟླ2པར་བོད་ལྗོངས་ལོ་ཙའི་རིགས་ལམ་རྣམ་བཤད་བློ་གསར་འཇུག་ངོགས་ཞེས་བྱ་བ་བཞུགས་སོ་ཞེས་པ་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

རྩོམ་པ་པོའི་ངོ་སྤྲོད་ནི<<དེང་རབས་བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་དཀར་ཆག>>ལས་བཀོད།


 རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས།

--- དཔལ་ཞྭ་ལུ་གསེར་ཁང་ལ་ལྟ་སྐོར་དུ་ཕྱིན་པའི་མཐོང་ཐོས།

འཕྲིན་ལས་ཆོས་གྲགས།

དྲན་ཐོག་ཏུ་ལོ་བཅུ་ཕྲག་སྔོན་དུ་ངའི་དགེ་རྒན་དམ་པས་གངས་ཅན་བོད་ཀྱི་མཁས་དབང་བུ་སྟོན་རིན་ཆེན་གྲུབ་ཀྱི་ལོ་རྒྱུས་སྐོར་ཡང་ནས་ཡང་དུ་གསུངས་མྱོང་།

ཀུན་མཁྱེན་སྐད་གཉིས་སྨྲ་བ་དེ་ཉིད་དཔལ་ཞྭ་ལུ་གསེར་ཁང་དུ་ཕེབས་ནས་སངས་རྒྱས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ་བུ་སྟོན་ལུགས་ཀྱི་གྲུབ་མཐའ་གསར་དུ་བཏོད་པར་མ་ཟད། ལྷག་པར་དུ་ཁ་བ་ཅན་འདིར་བཅུ་ཕྲག་རིག་པའི་གནས་རྣམས་གོང་དུ་སྤེལ་བའི་མཛད་འཕྲིན་རྒྱས་པ་བྱུང་ཡོད།  གནའ་ཤུལ་གྲགས་ཅན་དེར་རྟག་ཏུ་ས་ཕྱོགས་ཀུན་ནས་གནས་མཇལ་ལྟ་སྐོར་དུ་ཡོང་བའི་མི་རྒྱུན་མི་ཆད་པ་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་ཞིབ་འཇུག་མཁན་ཚོས་གཙུག་ལག་ཁང་དེར་ཧ་ཅང་མཐོང་ཆེན་བྱེད་པའི་རྒྱུ་མཚན་ནི། གཙུག་ལག་ཁང་དེའི་ལོ་རྒྱུས་ཧ་ཅང་རིང་བ་དང་། དེར་རྒྱ་བོད་སྤུན་ཟླ་མི་རིགས་དབར་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་དོན་སྙིང་ཆེ་བའི་རྐྱེན་གྱིས་ཡིན། ད་ཆ་མི་དམངས་སྲིད་གཞུང་གིས་ཞྭ་ལུའི་གཙུག་ལག་ཁང་དེ་གནད་ཆེའི་གནའ་ཤུལ་གྲགས་ཅན་གྱི་ཁོངས་སུ་བཞག་སྟེ་ཉམས་གསོ་བདག་གཅེས་ལེགས་པར་གནང་ཡོད་པ་རེད།

སྟབས་ལེགས་པ་ཞིག་ལ་ཕྲན་རང་ན་ནིང་དབྱར་སྟོད་དུ་སྤུན་ཟླའི་ཞིང་ཆེན་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་མཉམ་དུ་མྱང་སྨད་ཞྭ་ལུའི་རྒྱུད་དུ་ལྟ་སྐོར་དུ་འགྲོ་བའི་གོ་སྐབས་བཟང་པོ་ཞིག་རྙེད་བྱུང་།

ཟླ་བ་དྲུག་པའི་དུས་སུ་ས་མཐོར་དྲོད་འཇམ་ཉི་མ་རབ་ཏུ་འཕྲོས་པས་བརྗིད་ཆགས་ཉམས་དགའ་བའི་མུ་འབྲེལ་གངས་རི་རྣམས་དགའ་མའི་ལུས་ཀྱི་བདེ་དྲོད་འཕེལ་ནས་རྔུལ་ཆུ་ཐོན་པ་ཇི་བཞིན་ཆབ་རོམ་ཞུ་བའི་ཆུ་རྒྱུན་འབབ་སྒྲ་ཤང་ཤང་རྣ་བར་སྙན་པ་དང་། ས་གཞི་ཀུན་ཏུ་རྩྭ་འཇམ་གསར་བ་སྔོ་ཐིང་ངེར་སྐྱེས་པའི་སྟེང་དུ་ཁྲ་ཚོམ་མེ་ཏོག་གིས་རབ་ཏུ་བརྒྱན་ཅིང་རྨད་བྱུང་ངོ་མཚར་གྱི་བཀོད་པས་ཡོངས་སུ་ཁེངས་ནས་འདུག དེ་ལྟ་བུའི་དབྱར་གྱི་དགའ་སྟོན་ལ་ཉེ་བར་གྱུར་པའི་སྐབས་དེར། ང་ཚོ་ཁ་བའི་ལྗོངས་ཀྱི་འཛིན་མའི་ལྟེ་བར་འཕགས་པ་དབུས་ཀྱི་ལྷ་ས་ནས་ཐོན་ཏེ་དབུས་གཙང་གི་མཚམས་སུ་གྲགས་པའི་གམ་པ་ལ་མོ་བརྒལ་བ་དང་།  གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་རྒྱན་དུ་གྱུར་པའི་གྲགས་ཅན་ཡར་འབྲོག་གཡུ་མཚོའི་ལྗོངས་དེ་མིག་ལམ་དུ་ཤར་བ་དང་ང་ཚོའི་ཡིད་དབང་རབ་ཏུ་ཕྲོགས་བྱུང་།

ཨན་ད་རྙིལ་གྱི་མདོག་ལྟར་སྔོ་བའི་མཚོ་མོའི་སྟེང་དུ་ཉ་འཛིན་གཡོར་གྲུ་ཚར་དུ་དངར་བ་ཆལ་ཆིལ་རླབས་ཀྱི་ཕྲེང་བས་མདུན་དུ་སྐུལ་ཞིང་།  མཚོ་དཀྱིལ་གླིང་ཕྲན་སྒང་དུ་ཆུ་བྱའི་ཚོགས་རྣམས་འདུས་ཏེ་བག་ཕེབས་རྩེད་འཇོར་རོལ་བཞིན་པ་དང་མཚོ་འགྲམ་གྱི་ཐང་དུ་རྩྭ་འཇམ་གསར་བས་ཁེབས་ཤིང་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུས་དྲི་ཞིམ་བཅུད་དང་ལྡན་པའི་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་འདུག  གཟིགས་དང་། རྒྱང་དུ་ཡོད་འོང་ལྷུན་སྡུག་རང་དཀར་མདངས་སུ་བཀྲ་བའི་ས་འཛིན་མངོན་པར་མཐོ་བས།  མདུན་དུ་ནམ་མཁའི་ཆུ་མོ་སྔོ་བསངས་མ་ས་གཞིའི་ཕུན་ཚོགས་མྱོང་སླད་དུ་ཆུ་བོའི་གཟུགས་ཀྱིས་ཐང་ལ་བབས་པ་ཇི་བཞིན་ངོ་མཚར་ཆེ།  དེ་ལྟ་བུའི་ཉམས་དགའི་བཀོད་པས་རབ་ཏུ་མཛེས་པའི་ལྗོངས་དེ་མཐོང་དུས། ངའི་བློ་ངོར་དེ་སྔོན་མཁས་དབང་ཚོས་གཡུ་མཚོ་དེའི་ལྗོངས་ལ་བསྟོད་པའི་སྙན་ངག་ཅིག་ལྷང་ངེར་དྲན་བྱུང་བ་སྟེ།

དབང་སྔོན་མེ་ལོང་ཕྱིས་འདྲའི་གཡུ་མཚོའི་མཐའ།  །

མེ་ཏོག་རབ་མཛེས་འཁྲི་ཤིང་ཚལ་གྱིས་བསྐོར། །

ལོ་ཕྱུགས་རབ་འཕེལ་འདོད་ཡོན་ཕུན་སུམ་ཚོགས། །

ཨེ་མ་སུམ་རྩེན་གནས་མཆོག་འདིར་འཕོས་སམ། ། ཞེས་གསུངས་པ་དེ་མངོན་སུམ་དང་ལྡན་པ་ཞིག་རང་འདུག

ང་ཚོ་མཚོ་མཐའི་བདེ་ཞིང་ཁོད་སྙོམས་པའི་གཞུང་ལམ་བརྒྱུད་དེ་མདུན་དུ་སོང་ནས་ནམ་མཁའ་རེག་ལ་བརྒྱབ་རྗེས་རིམ་གྱིས་མྱང་གསེར་གཞུང་རིང་མོའི་རྒྱུད་དུ་སླེབས་བྱུང་།  ལྷོ་བྱང་གཉིས་སུ་ས་འཛིན་གྱི་ཕྲེང་བ་བསྟར་དུ་བརྒྱུས་པའི་དཀྱིལ་ན་མྱང་ཆུ་རིང་མོ་དལ་གྱིས་ནུབ་ཏུ་རྒྱུགས་པའི་ལུང་ཤུར་དེ་རྒྱུད་དུ་ས་བཅུད་ཆེ་བ་དང་།  ཆུ་བཟང་བ། བསིལ་དྲོད་སྙོམས་པ་བཅས་ལ་བརྟེན་འབྲུ་རིགས་སྣ་ལྔ་སྨིན་ཅིང་།  ལྗོན་པའི་རིགས་དང་རྩི་ཐོག་ཕུན་སུམ་ཚོགས་པ་སྐྱེ་བས་འདོད་རྒུའི་དཔལ་ཡོན་ལྡན་པ་ཡོད།  གཟིགས་དང་།  མྱང་ཆུའི་འགྲམ་ཁ་གཡས་གཡོན་དུ་མཚམས་དང་མཚམས་སུ་གྲོང་དང་གྲོང་རྡལ་གྱིས་གང་ཞིང་། དཀར་གསལ་དང་བ་དོད་པའི་དུད་ཁྱིམ་སོ་སོའི་དུ་ཁུང་ནས་སྔོ་འཕྱུར་དུ་བའི་གཡས་ཞགས་འཁྱིལ་བཞིན་འདུག ཕུ་ན་སྔོ་ལྗང་གཡུ་ཡི་མདངས་ཀྱི་དཔལ་འཕྲོག་པའི་སྤང་རིའི་ལྡེབས་སུ་གཡང་དཀར་ལུག་གི་ཁྱུ་ཚོགས་ནམ་མཁའི་སྐར་ཚོགས་ལ་འགྲན་པ་ལྟ་བུ་དང་། རི་བོའི་འདབས་སུ་འབྲོག་སྡེ་ཆེ་ཆུང་མང་པོ་ཕྱུགས་གསུམ་དཀར་གསུམ་གྱི་དཔལ་ལ་ལོངས་སུ་སྤྱོད།  མདའ་ན་སྔོ་ལྗང་ལོ་འདབ་རབ་ཏུ་རྒྱས་པའི་ཞིང་ནང་དུ་སོ་ནམ་པ་ཕོ་མོ་རྒན་གཞོན་མང་པོ་ཚོ་དང་ཚོ་བཅས་པས་ཞིང་ནང་བདག་གཉེར་གྱི་ལས་ལ་བྲེལ་བཞིན་འདུག་པ་དང་། སོ་ནམ་པ་གཞོན་ནུ་ཕོ་མོ་ཚོས་དགའ་སྤྲོའི་འཛུམ་མདངས་ཕྱུང་ནས་སྙན་ཞིང་འཇེབས་པའི་ལས་གཞས་བཏང་བ་སྟེ།

དྲོད་སྐྱིད་ཉི་མ་ཤར་བྱུང་། །

ལུས་ཀྱི་བདེ་དྲོད་འཕེལ་སོང་། །

སྲིད་ཇུས་དོན་དུ་འཁྱོལ་སོང་། །

སྤྲོ་བ་སྙིང་ནས་རྒྱས་སོང་། །

ཐོན་སྐྱེད་འགན་གཙང་ལམ་ལུགས། །

ང་ཚོའི་སེམས་ལ་བབས་སོང་། །

འུ་ཅག་དམངས་ཀྱི་བདེ་སྡུག །

དྲིན་ཅན་ཏང་གིས་བསྐྱངས་བྱུང་། །

ཏང་གི་སྲིད་ཇུས་ཡག་སོང་། །

ང་ཚོའི་སེམས་ཤུགས་འཕེལ་སོང་། །

དབུལ་བཅོས་ཕྱུག་པོ་ཆགས་རྒྱུར། །

ཐེ་ཚོམ་ཡེ་ནས་མི་འདུག །

གསོན་དང་།  ཞིང་པ་ཕོ་མོ་རྒན་གཞོན་ཚོའི་སྙིང་ཁོང་ནས་ཐོན་པའི་གླུ་གཞས་ཀྱི་ནང་དོན་ནས་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་མཛད་ཕྱོགས་སྲིད་ཇུས་རྣམས་མངོན་སུམ་དོན་དང་འཚམས་ཤིང་ལེགས་འབྲས་གསལ་བོ་ཐོན་པར་ར་འཕྲོད་ཐུབ་ཀྱི་མི་འདུག་གམ།

སྐབས་དེར་ང་ཚོའི་རླངས་འཁོར་ཁ་ལོ་པས་ཁ་བཀག་སྟེ་ཆུ་ལེན་པར་སོང་བས། ང་ཚོས་སྐབས་དེ་དང་བསྟུན་ནས་ལམ་སང་ཉེ་འགྲམ་གྱི་ཞིང་ཁའི་མཐའ་ཇ་སྐོལ་གྱིན་སྡོད་པའི་རྒན་མོ་ཞིག་འདུག་པ་དེའི་རྩར་སོང་ནས་གནས་ཚུལ་སྐད་ཆ་དྲིས་པས། རྒན་མོས་བཤད་དོན།  ཉེ་ལམ་ལོ་ཤས་ནང་ཏང་གི་ཡང་དག་པའི་སྲིད་ཇུས་རབ་དང་རིམ་པ་མངོན་སུམ་དོན་འཁྱོལ་བྱུང་བར་བརྟེན་ང་ཚོ་ཞིང་གྲོང་གི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།  ཐོན་སྐྱེད་གོང་དུ་འཕེལ་བ་དང་མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོའི་ལེགས་བཅོས་བྱུང་བ་ནི་ངས་ཞུ་མི་དགོས་པར་ཞིང་ནང་གི་ཕོ་མོ་རྒན་གཞོན་ཚོའི་རྣམ་འགྱུར་ནས་ཀྱང་གཟིགས་ཐུབ།  ཅེས་ཟེར་བ་དང་དེ་མུར་རྒན་མོས་ཉེ་འགྲམ་གྱི་གསར་དུ་བརྒྱབ་པའི་སྡོད་ཁྱིམ་ཚར་དུ་དངར་བར་མཛུབ་བསྟན་ཏེ་མུ་མཐུད་དུ་ཤོད་གྲབས་ཀྱི་སྐབས་དེར་ང་ཚོའི་རླངས་འཁོར་ཁ་ལོ་པས་དུང་བརྡ་བསྒྲགས་པ་ཐོས་ནས་རྒན་མོས། ཨ་ཙི། ད་དེ་ཁྱེད་ཚོ་ཕེབས་རན་སོང་། ངའི་སྡོད་ཁྱིམ་ནི་མདུན་གྱི་དཀར་རག་གསོལ་བའི་ཉིས་ཐོག་ཤེལ་ཁྲ་ཅན་དེ་ཡིན།  ཁྱེད་ཅག་ཚོ་ཚུར་ལམ་ཡིན་ཅིག་གསོལ་ཇ་ལ་ཕེབས་ཤོག་ཀྱེ། ཞེས་ཟེར་གྱི་འདུག དེ་ནས་ང་ཚོ་མུ་མཐུད་མདུན་དུ་འགྲོ་མུར་རིང་མིན་གཞིས་རྩེ་རྫོང་རྒྱ་མཚོ་ཆུས་ལ་སླེབས་ཤིང་། དེ་ནས་ཁ་ལྷོ་རུ་གཏད་དེ་ཡུད་ཙམ་སོང་བ་ན། བོད་ཀྱི་སྟོད་སྨད་བར་གསུམ་དུ་སྙན་པའི་གྲགས་པ་ཆེ་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དཔལ་ཞྭ་ལུ་གསེར་ཁང་ཕྲ་མོར་སླེབས་བྱུང་།

ཕྱོགས་གསུམ་རི་བོས་བསྐོར་པའི་གཤོངས་ས་ནར་མོ་བ་དེ་རྒྱུབ་དུ་ཞིང་ནང་ལོ་ཏོག་གསར་བའི་མྱུ་གུ་རབ་ཏུ་རྒྱས་ཤིང་སྔོ་ལྗང་གཡུ་ཡི་དཔལ་འཕྲོག་པ་ལྟར་དུ་མཛེས་པའི་དབུས་སུ་དཔལ་ཞྭ་ལུའི་གཙུག་ལག་ཁང་དེ་གཟེངས་སུ་ཐོན་ནས་འདུག

དཔལ་ཞྭ་ལུའི་གཙུག་ལག་ཁང་དེ་ནི་གངས་ལྗོངས་སྟོད་སྨད་བར་གསུམ་གྱི་ལྷ་ཁང་དང་དགོན་པའི་འཛུགས་སྐྲུན་གྱི་བཀོད་པ་དང་མི་འདྲ་བར།  གཙུག་ལག་ཁང་གི་དབུ་རྩེར་གཡུ་རྩི་སྔོན་མོའི་རྒྱ་ཕིབས་ཁ་སྤྲོད་དུ་བརྒྱན་པ་དང་།  རྒྱ་ཕིབས་ཀྱི་འདབ་སྣེ་བད་ཀ  གཙང་ཁང་དབུས་མའི་སྒོའི་དབྱིབས་དང་མདུན་གྱི་གསུམ་སྐས་བཅས་འཛུགས་སྐྲུན་གྱི་བཀོད་པའི་ཆ་ཡོངས་ནས་བལྟས་ན་རྒྱ་ནག་གི་དགོན་པ་དང་ལྷ་ཁང་རྣམས་ཀྱི་བཀོད་པའི་ཁྱད་ཆོས་དང་ཤིན་ཏུ་མཐུན་པ་འདུག  ང་ཚོས་ཡ་མཚན་ཆེན་པོས་བལྟ་སྐྱོར་བྱེད་པ་སྐུ་གཉེར་གྱིས་གཟིགས་ཏེ་ང་ཚོའི་འཁྲིས་སུ་ཕེབས་ནས་གསུངས་དོན། གཙུག་ལག་ཁང་དེ་ནི་རྒྱ་བོད་མི་རིགས་དབར་རིག་གནས་སྤེལ་རེས་དང་མཛའ་མཐུན་མཉམ་ལས་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་པས་མི་ཚད།  དེ་ནས་རྒྱ་བོད་མི་རིགས་དབར་གྱི་སྤུན་ཟླའི་མཛའ་འབྲེལ་ཟབ་མོའི་ལོ་རྒྱུས་ཀྱང་མཚོན་ཐུབ། གཟིགས་དང་།  གཙང་ཁང་དབུས་མའི་སྟེང་ཐོག་རྒྱ་ཕིབས་དང་བཅས་པ་ནི་རྒྱ་རིགས་བཟོ་བོ་མཁས་ཅན་ཚོས་བཟོ་སྐྲུན་བྱས་པ་དང་།  དེའི་གཡས་གཡོན་གྱི་གཙང་ཁང་གཉིས་པོའི་རྒྱ་ཕིབས་དང་བཅས་པ་ནི་རྒྱ་རིགས་བཟོ་བོ་ཚོའི་རོགས་རམ་འོག་བོད་རིགས་བཟོ་པ་ཚོས་བསྐྲུན་པ་ཡིན་སྐད་འདུག གཙུག་ལག་ཁང་དེ་ཉམས་གསོ་རྒྱས་བསྐྲུན་བྱས་པ་བརྒྱུད་དེ། རྒྱ་རིགས་ཀྱི་ཤིང་བཟོ།  རྡུང་བཀྲོད། རྫ་སོ་གཡུ་རྩི་སོགས་ཀྱི་ཕུལ་བྱུང་ལག་རྒྱུན་བོད་དུ་སྤེལ་ནས་བོད་རིགས་ལག་རྩལ་པ་ཁག་ཅིག་གསོ་སྐྱོང་འཚར་ལོངས་བྱུང་བར་དོགས་པ་མི་དགོས་པ་ཡིན་ཞེས་གསུངས་བྱུང་།

འོ་ན་གཙུག་ལག་ཁང་དེ་ག་དུས་བཞེངས་པ་དང་། སུས་ཕྱག་བཏབ་པ། དེའི་འཕེལ་རིམ་གྱི་ལོ་རྒྱུས་ཇི་ལྟར་ཡིན་པའི་གནས་ཚུལ་ཞིབ་པར་ཤེས་རྟོགས་ཐུབ་རྒྱུའི་འདུན་པ་དྲག་པོ་བསྐྱེད་བྱུང་བས་སྐུ་གཉེར་ལ་ངོ་སྤྲོད་གནང་རོགས་ཞེས་རེ་སྐུལ་ཞུས་པ་ལྟར། སྐུ་གཉེར་བགྲེས་སོང་དེས་ཕྱག་གིས་སྨ་ར་བྱིལ་བྱིལ་གནང་བཞིན་འཛུམ་དམུལ་དམུལ་གྱི་ངང་ནས།  དེ་སྔ་འགའ་ཞིག་གིས་ལྷ་ཁང་དགོན་སྡེ་ཞིག་གཟིགས་པ་དང་ལམ་སང་རྗེས་ལུས་རྨོངས་དད་ཁོ་ནའི་ངོས་འཛིན་གྱིས་སྣང་ཆུང་ཁྱད་གསོད་གནང་དེ་ནི་ཤིན་ཏུ་མི་འཚམས་པའི་རྒྱུ་མཚན་ནི། རང་རེའི་བོད་འདིར་སངས་རྒྱས་བསྟན་པ་དར་ནས་ལོ་སྟོང་ཕྲག་ལྷག་སོང་བས་དེའི་རིང་གི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ནི་ཆོས་ལུགས་དང་ཁ་འབྲལ་དུ་མེད།  རང་ལྗོངས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་རྟོག་ངོ་མ་ཞིག་གནང་དགོས་ན་བོད་ཀྱི་ལྷ་ཁང་དགོན་སྡེ་སོ་སོའི་འཕེལ་རིམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་དགོས་པ་དེའང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པར་སེམས། ད་ལྟ་སྐབས་སུ་བབས་པའི་གཙུག་ལག་ཁང་འདིའི་ལོ་རྒྱུས་ཆ་ཚང་ནི་ཧ་ཅང་རིང་བས་ཞུས་ནས་མི་ཚར།  འདིར་གནད་ཆེ་ཕྱོགས་བསྡུས་ཀྱིས་ཆེ་ལོང་ཙམ་ཞུ་བར་བྱའོ།  །

དེ་ཡང་སྔར་པུར་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་ཁྲི་ཐོག་མཇུག་མ་དར་མ་འུ་དུམ་བཙན་གྱིས་དབུས་གཙང་ཁུལ་དུ་འདུལ་བའི་བསྟན་པ་བསྣུབས་པའི་རྗེས་སུ་སྐྱེས་ཆེན་དམ་པ་གཙང་རབ་གསལ་དང་། གཡོ་དགེ་འབྱུང་། དམར་ཤྰཀྱ་མུ་ནེ་བཅས་མདོ་སྨད་ཕྱོགས་སུ་ཕེབས་ཏེ་བཞུགས། དེ་ནས་དུས་ཡུན་གང་འཚམས་སོང་རྗེས་དབུས་གཙང་མཁས་པ་མི་བདུན་གྱིས་མདོ་སྨད་དུ་སྡོམ་རྒྱུན་ཡོད་པར་ཐོས་ཏེ་དེར་གཤེགས། དེ་རྣམས་ཀྱིས་དགེ་སློང་དང་དགེ་བསྙེན་སོ་སོའི་སྡོམ་པ་ཞུས་ཏེ་ཕྱིར་ལོག་པའི་ལམ་དུ་ཡང་ཕྱི་མ་མི་ལྔ་བཞུད་པ་དང་འཕྲད་པར། ངེད་ཚོས་བསླབ་པ་ལེགས་པར་བླངས་ན་ཡོད་པས་འབོགས་པར་བྱེད་དོ་ཞེས་ཁོང་ལྔ་བོར་སོ་ཐར་གྱི་སྡོམ་པ་སྤྲད། དེ་ནས་དབུས་གཙང་ས་གནས་སོ་སོར་འདུལ་བའི་སྡེ་བཙུགས་ནས་བསྟན་པའི་མེ་རོ་བསླངས།

སྐབས་དེར་ལོ་སྟོན་རྡོ་རྗེ་དབང་ཕྱུག་མྱང་སྨད་རྒྱན་གོང་དུ་ཕེབས་ཤིང་།  ས་ཕྱོགས་དེ་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུའི་རྣམ་པ་ལྷུན་གྱིས་གྲུབ་པ་སྟེ། བྱང་ཕྱོགས་རི་པདྨའི་འདབ་མ་ལྟར་སྣང་བ་དང་།  བྱང་ཆུ་སྔོན་མོ་ཟླ་བ་ཆུ་ཤེལ་ལྟར་གྲུབ་པ།  ཚོང་འདུས་རིན་པོ་ཆེའི་གླིང་།  གསང་གནས་འདོད་རྒུ་འབྱུང་བའི་རྟེན་འབྲེལ་དང་ལྡན་པ།  བྱང་ཆུ་སྔོན་མོ་ཟླ་བ་ཆུ་ཤེལ་ལྟར་གྲུབ་པ།  ཚོང་འདུས་རིན་པོ་ཆེའི་གླིང་།  གསང་གནས་འདོད་རྒུ་འབྱུང་བའི་རྟེན་འབྲེལ་དང་ལྡན་པ།  བྱང་ཆུབ་དགེ་གནས་ཀྱི་ལྟེ་བ་རྩ་འདབ་འཁོར་ལོའི་དབྱིབས་སུ་གནས་པ།  ལོ་པཎ་མཁས་གྲུབ་དུ་མས་ཐེག་པ་ཆེ་ཆུང་གི་ཆོས་འཁོར་བསྐོར་བའི་ལྟས་བཟང་བ་དང་། ས་ཕྱོགས་རྣམས་ཀྱང་གྲོག་སྦུར་ལ་སོགས་པའི་སྲོག་ཆགས་ཕྲ་མོ་ཉུང་ཞིང་།  དེར་འདུས་སྐྱེ་བོ་ཐམས་ཅད་རང་བཞིན་གྱི་རྒྱུད་དུལ་བ། ཕན་ཚུན་ཕ་མ་ལྟར་བྱམས་པའི་སེམས་དང་ལྡན་པ་སོགས་འགྲོ་བ་རྣམས་ཀྱི་སྲིད་ཞིའི་རྒུད་པ་མཐའ་དག་སྦྱོང་ཞིང་། མངོན་མཐོ་ངེས་ལེགས་བདེན་འབྲས་མཐའ་དག་འབད་མེད་དུ་བསྐྲུན་པའི་རྟགས་རྟེན་མཚན་མ་གྲུབ་པས། མེ་མོ་བྱའི་ལོར(སུང་ཊིན་ཙུང་ཁྲི་ལོ་དང་པོ་སྤྱི་ལོ998)ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་གཙོ་བོ་མཛད།  ཉེ་གནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞབས་ཏོག་ཞུས་ཏེ་རྒྱན་གོང་གཙུག་ལག་ཁང་དང་བཅས་པ་བཞེངས། རིང་མིན་ཁ་ཆེ་པན་ཆེན་ལ་སོགས་པའི་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། ལོ་སྟོན་གྱི་སློབ་རྒྱུད་དངོས་རྣམས་རིམ་བཞིན་སོ་སོར་གྱེས་ནས་འདུལ་བའི་བདུད་རྩིའི་ཉིང་ཁུའི་སྡེ་ཚོ་ཤིན་ཏུ་མང་པོ་བཙུགས།

དེ་ནས་ལོ་བཅུ་ཕྲག་འགའ་ཞིག་སོང་བའི་དུས་རབས་བཅུ་གཅིག་པའི་དུས་མགོར་བླ་མའི་དྲུང་དུ་བཞུགས་པའི་དངོས་སློབ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཀྱང་དགོན་པ་ཞིག་འདེབས་པར་དགོངས་ནས་བླ་མ་མདའ་སྙེག་པར་གནས་གཞི་ཞྭ་ལུ་ཙམ་ཞིག་བརྩིག་པར་ཞུ་ཞུས་པར་དེ་བཞིན་གྱིས་གསུངས། དེ་ནས་མདའ་མོ་གསེར་གྱི་ལྟོང་ཁ་ཅན་ཞིག་ཕུལ།  ལོ་སྟོན་གྱིས་ཕྱག་མདའ་གསིར་གསིར་ལན་གསུམ་བསྒྲགས་པ་དང་ལྕེ་བཙུན་ཤེས་རབ་འབྱུང་གནས་ཆེའོ། ། ཞེས་གསུངས་ནས་འཕངས། མདའ་དེ་ད་ལྟའི་གཙུག་ལག་ཁང་འདིའི་གཞོགས་སུ་ཟགས་པས་དེར་མདའ་འབུས་ཞེས་སུ་གྲགས། དེ་ནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བླ་མའི་ཕྱག་མདའ་ཟགས་པའི་གནས་དེ་རང་དུ་ཞྭ་ལུའི་གཙུག་ལག་ཁང་བཞེངས་ནས་དཔལ་ཞྭ་ལུ་གསེར་ཁང་ཕྲ་མོ་ཞེས་འབྲེལ་བ་རྒྱུ་མཚན་དུ་བྱས་པར་བརྟེན་ནས་མིང་ཐོགས། དཔལ་ཞྭ་ལུ་གསེར་ཁང་བཞེངས་རྗེས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་སྤྱན་རས་གཟིགས་ཁ་སར་པ་ཎི་སྤྱན་དྲངས།  དེ་ནས་རིང་མིན་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཏེ་ཞྭ་ལུའི་གཙུག་ལག་ཁང་ལ་རབ་གནས་ཞུས་པས་དེ་མུར་ལོ་པཎ་མཁས་གྲུབ་མང་པོ་འདིར་འདུས་ནས་ཆོས་གཞུང་བསམ་གྱིས་མི་ཁྱབ་པ་བསྒྱུར་ཅིང་སྒྲའི་གནས་བརྒྱད་པ་ལ་སོགས་ཀྱང་བརྩམས། སངས་རྒྱས་བསྟན་པ་ཤིང་སྐམ་ལ་མེ་མཆེད་པ་བཞིན་དུ་འཕེལ་ཞེས་སུ་གྲགས། ཡོན་རྒྱལ་རབས་ཀྱི་དུས་སུ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་གཅུང་པོ་ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་སྲས་མོའི་ཆུང་བ་མ་གཅིག་མཁའ་འགྲོ་འབུམ་ས་སྐྱ་འགྲོ་མགོན་ཕྱག་ནའི་ཇོ་མོར་ཕེབས་པས་ས་ལྕེ་གཉིས་སྐུ་གཉེན་དུ་འབྲེལ་བ་དང་།  དེ་ནས་བཟུང་ལྕེའི་གདུང་རྒྱུད་རྣམས་ལ་ཆེན་པོ་དང་སྐུ་ཞང་གི་མིང་ཐོབ། ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་སྐུ་ཚེའི་སྨད་ལ་སེ་ཆེན་རྒྱལ་པོའི་སྨོན་འགྲོ་སྟོང་སྐོར་མཛད།  སྐུ་ཞང་མགོན་པོ་དཔལ་ལ་ཞྭ་ལུ་ཁྲི་སྐོར་ལྷ་སྡེ་མི་སྡེ་གནང་།  དེ་རྗེས་ཡང་སྐུ་ཞང་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་ཕེབས་པས་སེ་ཆེན་གོང་མ་ཆེན་པོས་ཁོང་ལ་དབུས་གཙང་མངའ་རིས་སྐོར་གསུམ་གྱི་བདག་པོ་ཧུ་ཤྲི་དུ་དབེན་ཤས་ཀྱི་འཇའ་ས་གནང་། སྐུ་ཞང་དེའི་དུས་སུ་ཞྭ་ལུའི་ཕུ་ནས་ཆུ་སྨྱོན་ཀྱི་འཇིགས་པ་བྱུང་སྟེ་དེ་རྒྱུད་ཀྱི་གཙུག་ལག་ཁང་དང་བཅས་པར་ཉམས་ཆག་ཆེན་པོ་བྱུང་བར་གྲགས། དེ་རྗེས་ཞྭ་ལུང་གོང་མ་མཆོད་ཡོན་གྱི་སྐུ་རིམ་དུ་དམིགས་ནས་གསེར་དངུལ་ལས་གྲུབ་པའི་རྟེན་གསུམ་གཙུག་ལག་ཁང་དང་བཅས་རྒྱས་བསྐྲུན་བྱེད་དགོས་པའི་བཀའ་དང་སྦྲགས་གསེར་བྲེ་ཆེན་བརྒྱད་དང་། དངུལ་བྲེ་ཆེན་ལྔ་བརྒྱ་སོགས་གནང་སྦྱིན་བཟང་པོ་ཆེད་རྫོངས་ཐོག་རྒྱ་ཡུལ་ནས་བཟོ་པོ་མཁས་པ་མི་ཉུང་བ་འབྱོར་ཏེ།  གཙུག་ལག་ཁང་ཉམས་གསོ་རྒྱས་བསྐྲུན་གནང་ཐོག་དབུ་རྩེར་རྒྱ་ཕིབས་སུམ་རྩེག་ཏུ་ཡོད་པ་བཅས་ད་ལྟ་ཚང་མའི་མཐོང་ཆོས་སུ་གྱུར་བ་དེ་ལྟར་རོ། །

སྦྱིན་བདག་ཆེན་པོའི་ལྷག་བསམ་རྨ་མེད་ཀྱི་མཐུ་ལ་བརྟེན་ནས།  མ་བྱོན་སྐལ་བཟང་འདུན་པ་ཆོས་ཀྱི་རྗེ།  ། ཀུན་མཁྱེན་སྐད་གཉིས་སྨྲ་བ་ཐུགས་རྗེ་ཅན། ། འགྲོ་མགོན་བུ་བཞིན་སྐྱོང་བའི་རྩ་ལག་མཆོག ། སྟོན་པ་རྒྱལ་ཚལ་བུ་སྟོན་རིན་ཆེན་གྲུབ། མཆོག་དེ་ཉིད་ལྕགས་ཕོ་སྦྲེལ་ལོ(སྤྱི་ལོ1320)དགུང་ལོ་སུམ་ཅུ་སོ་གཅིག་ལ་ཕེབས་དུས་སུ་དཔལ་ཞྭ་ལུ་གསེར་ཁང་དུ་ཕྱག་ཕེབས། ཞྭ་ལུའི་ཁྲི་དཔོན་གྱིས་སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞབས་ཏོག་ཇི་ལྟར་ཞུས་པ་ལྟར་དུ་ཆོས་རྗེ་དེ་ཉིད་ལ་གུས་པ་ཆེན་པོས་ཞབས་ཏོག་ཚུལ་བཞིན་བྱས།  ལུས་ལོངས་སྤྱོད་གཉེན་འབངས་འཁོར་དང་བཅས་པ་ཐམས་ཅད་ཕུལ་ནས་སྤྱིར་སངས་རྒྱས་བསྟན་པ་དར་བ་དང་། སྒོས་སུ་ཞྭ་ལུ་ཡོན་མཆོད་དར་ཞིང་རྒྱས་པ་ཡོང་བའི་སྐྱབས་ཞུ་ལྟར་བདག་ཉིད་ཆེན་པོས་དགྱེས་པར་ཞལ་གྱིས་བཞེས།

མཁས་གྲུབ་བུ་སྟོན་ཆོས་རྗེས་དེ་ཉིད་མཁྱེན་རང་རྨད་དུ་བྱུང་བའི་གྲུ་གཟིངས་དེ་ཉིད་མཁྱེན་རབ་རྨད་དུ་བྱུང་བའི་གྲུ་གཟིངས་ལ་བརྟེན་ནས་མདོ་རྒྱུད་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་ཏེ་དོན་གཉིས་ནོར་བུ་བླངས་ཐོག་ལས་ཅན་གྲངས་མེད་ཀྱི་བློའི་དབུལ་བ་སེལ་བར་མཚད་མུར་ཞྭ་ལུའི་ཕུ་ན་ཆོས་རྗེ་རང་ཉིད་ཀྱིས་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་བཞེངས།  དམ་པ་དེ་ཉིད་ཀྱིས་གདན་ས་འདིའི་མཁན་པོ་ལོ་སུམ་ཅུ་སོ་བདུན་མཛད། དེའི་ཡུན་དུ་མདོ་རྒྱུད་འགྲེལ་ཆེན་ལ་མཆན་བུ་དང་གསང་འདུས་འགྲེལ་བ་དོན་གསལ་ཀྱི་ཊིཀྐ་བཏབ།  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འགྲེལ་མང་དུ་མཛད། བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་དང་། བསྟན་རྩིས་ཆེན་མོ་བརྩམས་།  དེ་བཞིན་རིག་གནས་ཆུང་ངུའི་བཞེད་རྒྱུན་བཀའ་རྩོམ་ཤིན་ཏུ་མང་།  མདོར་ན་སྐབས་དེར་ཡི་གེ་པ་རྣམས་ཀྱི་ཆོས་རྗེའི་མཐའ་བསྐོར་ནས་ཡིག་སྒྱུར་དང་རྩོམ་པ་རིགས་མི་གཅིག་པ་གྲངས་ལས་འདས་པ་མཛད་ནས་གངས་ལྗོངས་ཀྱི་རིག་གནས་ཆེ་ཆུང་རྣམས་གོང་དུ་སྤེལ་བའི་མཛད་འཕྲིན་རླབས་ཆེ་བ་བསམ་བརྗོད་ལས་འདས་སོ་ཞེས་གསུངས་བྱུང་།  དེའི་མཚམས་སུ་སྐུ་གཉེར་བགྲེས་སོང་ཡར་བཞེངས་ཏེ་ང་ཚོར་གསོལ་ཇ་གང་རེ་གནང་རྗེས་ཁོང་ཉིད་ཀྱིས་ཀྱང་རང་གི་གསོལ་ཞལ་ཡར་བཞེས་ནས་ལྗགས་བརླན་ཙམ་གནང་རྗེས་མུ་མཐུད་དུ་གསུངས་དོན། གོང་དུ་ཞུས་པ་ནི་འདི་གའི་ལོ་རྒྱུ་སྙིང་བསྡུས་ཀྱི་ངོ་སྤྲོད་སྟབས་བདེ་ཙམ་ཞིག་ཡིན་དེའི་ནང་ནས་ང་ཚོས་དོན་གྱི་སྙིང་པོ་བླང་བྱ་ནི། ད་ཆ་རང་ཅག་མི་རིགས་ལ་རིག་གནས་ཕུན་སུམ་ཚོགས་པ་དེ་ལྟ་བུ་མངའ་བ་ནི་སྔོན་བྱོན་མཁས་གྲུབ་དུ་མས་དཀའ་བ་ཇི་སྙེད་ཁྱད་དུ་བསད་དེ་རྒྱུན་བསྲིངས་འབད་པ་དོན་དུ་གཉེར་བའི་འབྲས་བུ་ཡིན་པ་བརྗེད་མི་རུང་། ང་ཚོས་དེ་རྣམས་ཆུ་ཟོས་སུ་མ་སོང་བར་ལེགས་པར་རྒྱུན་འཛིན་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱིས་མཐུན་ཕྱུག་ཤེས་རིག་ལྡན་པའི་བོད་གསར་འཛུགས་སྐྲུན་ཀྱི་དོན་ལ་སྨིན་པར་འབད་བརྩོན་གནང་དགོས་པ་དང་། རང་རེས་ཕ་མེས་རྣམས་ཀྱི་མཛད་སྤྱོད་མིག་དཔེར་བཞག་ནས་རྒྱ་བོད་སྤུན་ཟླ་མི་རིགས་དབར་གཅིག་ལ་གཅིག་རྟེན་དང་མཐུན་སྒྲིལ་མཉམ་རོགས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་གོང་དུ་སྤེལ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་གནང་དགོས་པ་འགངས་ཆེ་ཞེས་གསུངས་རྗེས་ང་ཚོ་གཙང་ཁང་སྟེང་ཤོང་དུ་ལྟ་སྐོར་ལ་ཁྲིད་པ་གནང་བྱུང་།  གཙང་ཁང་དབུས་མར་རྡོ་གཡམ་ཐོག་ཇོ་བོ་རང་བྱོན་དུ་བྱུང་བར་གྲགས་པ་ཞིག་འདུག་པ་དེ་ནི་སྔོན་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་སྐུ་མཆེད་གཡུ་ཐོག་སྨྲ་གསེར་བཟང་གི་དུས་སུ་གཡས་རུ་བྱེ་མ་གཡུ་ཟུར་ས་ཞིང་སྔོ་ཞིང་ཡིད་དུ་འོང་བ།  ནེའུ་གསིང་མེ་ཏོག་དཔག་ཏུ་མེད་པ་འཁྲུངས་བ།  བྱ་ཚོགས་སྙན་པའི་སྒྲ་སྒྲོག་པ། རི་དྭགས་སྣ་ཚོགས་དགའ་བའི་གར་བྱེད་ས་དེར་རང་བྱོན་ངོ་མཚར་ཆེ་བའི་ཇོ་བོ་དེ་ཉིད་བཞུགས་པ་དགེ་བསྙེན་ཚོས་རིག་སྟེ་དེ་འཕྲལ་ཁྲུས་གསོལ་ཞུས་ཏེ་གཙུག་ལག་ཁང་དུ་སྤྱན་དྲངས་ནས་ད་བར་དུ་ལོ་བརྒྱད་བརྒྱ་ཙམ་སོང་བ་འདི་ནི་འདི་གའི་གཙུག་ལག་ཁང་གི་ནང་རྟེན་གཙོ་བོའི་གྲས་ཤིག་ཡིན་ཞེས་གསུངས་བྱུང་བ་དང་།  ཡང་གཙང་ཁང་དབུས་མའི་སྒོ་ཁར་རྡོ་གཞོང་ཤིན་ཏུ་ཆེ་བ་ཞིག་འདུག་པས། དེ་ནི་སྔར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིས་མཁན་པོ་དང་། སྤྱི་བོ་ལྷས་པ་བྱང་ཆུབ་འོད་སོགས་ཀྱིས་སློབ་དཔོན་མཛད་ནས་ས་པཎ་ལ་དགེ་བསྙེན་གྱི་སྡོམ་པ་གནང་སྐབས་དབུ་སྐྲ་བསིལ་བའི་རྡོ་གཞོང་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

དཔལ་ཞྭ་ལུ་གསེར་ཁང་དེ་ནི་དབུས་གཙང་ཁམས་གཙུམ་གྱི་ལྷ་ཁང་དགོན་སྡེ་ཆེ་ཁག་གི་འཛུགས་སྐྲུན་གཞི་རྒྱ་དང་བསྡུར་ཐབས་མེད་རུང་། གཙག་ལག་ཁང་དེ་ཡི་བཀོད་པ་ཐུན་མོང་མིན་པའི་ངོ་མཚར་ཆེ་བ་དང་། ལྷག་པར་དུ་དེའི་ལོ་རྒྱུས་རིང་ལ་དོན་སྙིང་ཤིན་ཏུ་ཆེ་ཞིང་།  དེར་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ལ་སོགས་པ་སྐྱེས་ཆེན་དམ་པ་དུ་མས་རྒྱུད་སྡེ་མང་པོའི་འཆད་ཉན་བཙུགས་ནས་ཞྭ་ལུ་པའི་གྲུབ་མཐའ་གསར་དུ་བྱུང་བ་དང་དེ་

དར་རྒྱས་ཆེན་པོ་བྱུང་བར་མ་ཟད།  གངས་རིས་བསྐོར་བའི་སྭ་ལའི་སྨན་ལྗོངས་འདིར་རིག་གནས་ཆེ་ཆུང་མཐའ་དག་དར་རྒྱས་གོང་འཕེལ་རླབས་པོ་ཆེ་བྱུང་བ་དང་། རྒྱ་བོད་སྤུན་ཟླ་མི་རིགས་དབར་གྱི་མཛའ་མཐུན་རོགས་རེས་ཀྱི་ལོ་རྒྱུས་སྙན་པའི་གླུ་དབྱངས་ཕྱི་རབས་སྐྱེ་བོ་ཀུན་ཀྱི་མགྲིན་པའི་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་གྱུར་ཏོ། །

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།