སིངྒལའི་ལོ་རྒྱུས་སྐོར། གཉིས་པ།

དགེ་འདུན་ཆོསགའཕེལ།  

དགོན་པ་རེ་རེ་བཞིན་སྟོན་པའི་སྐུ་བཞུགས་པའི་ལྷ་ཁང་གཅིག མཆོད་རྟེན་གཅིག བྱང་ཆུབ་ཤིང་གཅིག གློ་བུར་བ་ལ་འབོགས་པའི་མགྲོན་ཁང་གཅིག ངྷརྨཤྱལྱ་བྱ་བ་ཆོས་སྟོན་པའི་མདུན་ཁང་གཅིག སཱེ་མ་སྟེ་མཚམས་བྱ་བའི་ཁང་ཆེན་ཕྱོགས་ཀུན་ནས་རྡོ་རྟགས་བཙུགས་རེ་ས་མཚམས་གཅིག་ཡོད་པ་དེ་ནི་འདུལ་བའི་ལས་གསོ་སྦྱོང་། མདོ་འདོན་པ་སོགས་ཐམས་ཅད་བྱེད་པ་ཡིན། ཁྱིམ་པ་ནང་དུ་འགྲོར་མི་ཉན་པ་སོགས་རང་ཅག་གི་མགོན་ཁང་བཞིན་དུ་གཉན། དགེ་སློང་རྣམས་སངས་རྒྱས་དང་རྒན་པ་གཉིས་ལས་གཞན་ལྷ་མི་སུ་ལ་ཡང་ཕྱག་འཚལ་བའི་སྲོལ་མེད་པ་རང་རེའི་ཆག་ལོས་རྡོ་རྗེ་གདན་དུ་ཇི་ལྟར་གཟིགས་པ་དེ་ཁོ་ན་ལྟར་སྣང་། ཁྱིམ་པ་མི་ཆེན་སུ་འདྲས་བཀུར་བསྟི་བྱས་ཀྱང་ལན་དུ་མགོ་ཙམ་གུག་པའི་སྲོལ་ཡང་མེད། གཙུག་ལག་ཁང་རྣམས་སུ་སྟོན་པ་བཞུགས་པ། བཞེངས་པ་དང་གཟིམ་པའི་སྐུ་གསུམ་རེ་སྤྱོད་ལམ་བཞིའི་དོད་དུ་ཡོད། ཤྭ་རིའི་བུ་དཀར་པོ་དང་། མཽགལ་བུ་ནག་པོ་ཞིག་བཞེངས་སྲོལ་གདའ། མར་མེ་མཛད་སོགས་བྱང་ཆུབ་སེམས་པའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདས་པའི་སངས་རྒྱས་ཉི་ཤུར་གྲགས་པ་དག་དང་། སངས་རྒྱས་བདུན་ཕྲག་བདུན་གྱི་སྤྱོད་ལམ་མཛད་པ་རྣམས་ཤས་ཆེར་ཡོད། བཞེངས་བདེ་བའི་ཁྱད་ཡིན་ནམ་སྟོན་པ་མྱ་ངན་ལས་འདས་པའི་སྐུ་ཤིན་ཏུ་ཆེ་བ་དག་དགོན་རེ་རེ་བཞིན་བཞུགས། མྱང་འདས་སྐུ་འདི་རྒྱ་ནག་ལ་སོགས་པའི་ཡུལ་གཞན་ན་ཡང་ཤིན་ཏུ་དར་ཆེ་བ་ལ་བོད་ན་ཡེ་མཐོང་རྒྱུ་མེད་པ་ཡ་མཚན། སངས་རྒྱས་གྲོངས་པ་ལྟས་ངན་ཡིན་སྙམ་པ་སེམས་ཀྱི་ཕུག་ན་ཡོད་པར་འདུག ཉན་ཐོས་སྡེ་པ་རྣམས་ནི་ཆོས་ཀྱི་གོ་བ་བཟང་ཞིང་། མྱ་ངན་ལས་འདས་ཚེ་གོ་འཕང་མཐར་ཐུག་བརྙེས་པར་འདོད་པས་རྟེན་གྱི་གཙོ་བོ་ཡང་དེ་ལ་བྱེད། གནས་བརྟན་བཅུ་དྲུག་གི་སྡེ་ཚན་འདི་ཁོང་རྣམས་ལ་མ་གྲགས། འོན་ཀྱང་འཁོར་གྱི་གཙོ་བོ་བརྒྱད་ཅུར་གྲགས་པའི་ནང་ན་བཅུ་དྲུག་པོ་ཡང་འདུ། དེ་དག་ཀྱང་ཁྱིམ་པ་དད་པར་བྱེད་པ་འཆར་ཀ། གནས་མལ་བསྐོ་བ་གྱད་བུ་ནོར་སོགས་སྟོན་པའི་ལུང་བསྟན་ཐོབ་པའི་དགེ་སློང་མདོ་ན་ལོ་རྒྱུས་གསལ་བ་དག་ཡིན། སྒོ་ཁང་དུ་སྲིད་པའི་འཁོར་ལོ་བྲིས་པ་ཡང་མེད། དེ་མཚུངས་འཁར་གསིལ་ཡང་མེད། དེ་གཉིས་ལ་ཁོང་རྣམས་ཀྱིས་མདོ་ཁུངས་ཀྱང་མེད་ཟེར། དགོན་པ་འགའ་ལ་མགོན་ཁང་བཞི་རེ་ཡོད་པའི་ནང་ན་ཀུན་བཟང་དང་། སྤྱན་རས་གཟིགས། ཁྱབ་འཇུག གདོང་དྲུག་རྣམས་ཡོད། སྤྱན་རས་གཟིགས་ལ་ནཱ་ཐ་སྟེ་མགོན་པོ་ཟེར་ཞིང་གོ་ས་ཡང་དེ་ག་ཡིན། དེ་བཞི་ཀ་ཡང་བྱང་སེམས་སུ་བརྩི་ཞིང་ཁྱིམ་པའི་མཆོད་གནས་དང་། དགེ་སློང་གི་བཀའ་སྡོད་ཙམ་ཡིན། འོན་ཀྱང་ད་ལྟའི་ལོ་ལྔ་བརྒྱ་ཙམ་གྱི་སྔར་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱེད་པའི་དགེ་སློང་དུ་མ་དང་། དེ་དག་གིས་མཛད་པའི་བསྟོད་པ་མཛེས་པ་དག་ཀྱང་ཡོད། བྲག་ལ་བརྐོས་པའི་སྤྱན་རས་གཟིགས་ཞིག་ཀྱང་བེལུགམ་བྱ་བར་སྣང་། གཙུག་ལག་ཁང་འགའ་རེའི་སྒོ་འཕྱོར་དུ་རི་དྭགས་འཛིན་གྱི་མ་དང་མགོན་མེད་ཟས་སྦྱིན་གཉིས་ཀྱི་སྐུ་བརྙན་ཡོད། དེ་གཉིས་ཀྱང་ཆོས་སྐྱོང་འདྲ་བ་ཞིག་ཡིན། ལྷག་པར་རི་དྭགས་འཛིན་གྱི་མ་སགམམ་དེ་གཡང་ལྷ་དང་། བུ་ལྷ་ལྟ་བུ་ཞིག་ཏུ་བརྩི། སྟོན་པའི་འཁྲུངས་སྐར་དང་། དགུང་ལོ་དང་། དབང་ཐང་སོགས་རེའུ་མིག་ཏུ་བཀོད་པ་མགུལ་དུ་བཏགས་ཏེ་སྲུང་འཁོར་དུ་བྱེད།

དགེ་སློང་དག་གི་ནར་མའི་ཀུན་ཏུ་སྤྱོད་པ་ནི། ནངས་སྔ་བར་ལངས་ཏེ་སོ་ཤིང་ཟ་བཞིན་ཕྱག་མ་ཡུ་བ་རིང་པོ་སྒུར་མི་དགོས་པ་ཞིག་བཟུང་ནས་མཆོད་རྟེན་དང་བྱང་ཆུབ་ཤིང་གི་རྭ་བར་གད་དར་བྱེད། དེ་ནས་གདོང་དང་རྐང་པ་བཀྲུས་ཏེ་སངས་རྒྱས་དང་། མཆོད་རྟེན་དང་། བྱང་ཆུབ་ཤིང་རྣམས་ལ་ཕྱག་འཚལ་ཞིང་སོ་སོའི་ཚིགས་བཅད་རྣམས་འདོན། དེ་ནས་མཁན་པོ་དང་། རྒན་པ་ལ་ཕྱག་འཚལ་ནས་རུང་ཁང་དུ་སླེབས་པ་ན། ནངས་མོའི་བསོད་སྙོམས་འབུལ་བ་སྦྱོར། ཟས་ཟིན་པ་དང་། དཀྱུས་མའི་བྱ་བ་དག་བྱེད། དྲིལ་བུ་བརྡུང་བ་དང་ཐམས་ཅད་ཁྲོན་པའི་དྲུང་དུ་སོང་སྟེ་ལུས་ཡོངས་རྫོགས་བཀྲུ་ཞིང་གོས་གཤེར་བ་བརྗེས། གཞོན་ནུ་རྣམས་རྒྱ་མཚོའི་འགྲམ་ལ་ཉིན་ལྟར་འགྲོ་ཞིང་ཁྱིམ་པ་དག་གིས་མི་མཐོང་བ་དང་། ཆུ་ལ་རྐྱལ་བ། གཅེར་བུར་རྒྱུགས་པ་སོགས་འཕགས་པ་བཅུ་བདུན་སྡེའི་རྣམ་ཐར་རྣམས་ཀྱང་སྐྱོང་། སླར་ལོག་སྟེ་གདུགས་ཚོད་གསོལ། ཟས་ཟིན་པ་དང་མལ་དུ་ལོག་སྟེ་ཡུད་ཙམ་ཉལ། འདི་ཚ་བའི་ཡུལ་ཐམས་ཅད་ན་སྲོལ་དུ་ཡོད། ཕྱེད་ཡོལ་ནས་འོ་མ་མེད་པའི་ཇ་རྒོད་དཀར་ཡོལ་གང་ཙམ་རེ་བཏུང་། དགུང་ག་ཡང་ཇ་བཏུང་ཞིང་བཀྲེས་པ་དག་གིས་བུ་རམ་འདྲ་ཟ། ས་རུབ་ནས་ཐམས་ཅད་གཙུག་ལག་ཁང་དུ་ཚོགས་ཏེ་ཚིགས་བཅད་འདོན། གཞོན་པ་རྣམས་ཀྱིས་རྒྱན་པ་ལ་ལྟུང་བ་བཤགས། སླར་གྲལ་རིམ་བཞིན་འཁོད་དེ་ཡུན་རིང་ཙམ་ཞིག་ཏིང་ངེ་འཛིན་ལ་སྡོད་པའམ་སྡོད་ཁུལ་བྱེད། ཐམས་ཅད་བསམ་གཏན་གྱི་དངོས་གཞི་ལ་སྙོམས་པར་ཞུགས་ཏེ་མིག་ཟུམ་མེ་ཡོང་པའི་སྒང་ལ་གནས་བརྟན་གྱིས་འདི་སྐད་བདག་གིས་ཐོས་པ་ཞེས་མདོའི་དབུ་བསྐུལ་བ་དང་མཉམ་དུ་གཞན་རྣམས་ཀྱང་མིག་ཧར་གྱིས་བསྒྲད་ནས་མཉམ་དུ་འདོན། དཀོན་མཆོག་རྗེས་དྲན་དང་། རྟེན་འབྲེལ་གྱི་མདོ། བྱམས་པའི་མདོ་ལ་སོགས་པ་རེ་མོས་སུ་སྒྲོག མཆོད་རྟེན་དང་། བྱང་ཆུབ་ཤིང་དྲུང་དུ་ཡང་སོང་ནས་ཚིགས་བཅད་རེ་འདོན། རྒན་པ་ལ་ཕྱག་འཚལ་ནས་རང་རང་གི་མལ་དུ་ལོག དཔེ་བལྟ་བ་དང་གླེང་མོ་འདྲ་བྱེད་བཞིན་ནམ་གུང་ཐུག་ཐུག་ལ་སྡོད། དེ་ནས་རྐང་པ་བཀྲུས་ཏེ་ཆོས་གོས་གྱོན་ནས་ཉལ། མཚན་ལ་དགེ་སློང་རྒན་པོ་རྣམས་གཉིད་སད་རེས་ཀྱིས་དངངས་སྐྲག་གི་ཉམས་དང་བཅས་ཏེ་འདུས་བྱས་ཐམས་ཅད་མི་རྟག་པའོ། མི་རྟག་པའོ། མི་རྟག་པའོ། སབྦཱསཾཀཱརཱ་ཨནིཧྱ། ཨནིཧྱ། ཨནིཧྱ། སོགས་དང་། ཡང་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སྐད་གསང་མཐོན་པོས་འཆོལ་ལེ་བ་ཞིག་བསྐྱོར་ཏེ་ཉེ་འཁོར་ཡས་མས་ན་ཡོད་པ་ཐམས་ཅད་གཉིད་བཀྲོགས་པས་དད་པ་དང་ཚིག་པ་གཉིས་ཀ་རེ་མོས་སུ་བྱེད་དགོས་པ་ཞིག་ཡོད། དགེ་སློང་འགའ་རེས་ཕྲེང་བ་བཟུང་ནས་སྔགས་འདྲ་བ་ཞིག་འདོན་གྱིན་འདུག་པར་མཉན་ན་གོང་གི་ཚིག་དེ་རྣམས་འདོན་གྱིན་འདུག ཡང་འགའ་རེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས་ལྷ་དང་མི་རྣམས་ཀྱི་སྟོན་པ་བྱ་བའི་བར་དང་། འགའ་རེ་ཚིག་དེ་རྣམས་ཀྱི་རྒྱ་སྐད་ཐོག་མའི་ཡིག་འབྲུ་རྣམས་བཟླ་ཞིང་འདུག ཁོང་རྣམས་དེ་ལ་སྒོམ་བྱེད་པ་ལས་སྔགས་བཟླས་པའི་ཐ་སྙད་མི་འདོགས། མི་ཞིག་ཕྲེང་བ་ཐོགས་པ་མཐོང་ན་ཡང་། ཁོང་གིས་བྷཱབན། སྒོམ་བྱེད་ཀྱིན་འདུག་ཅེས་ཟེར། བགྲང་བ་དང་གཞལ་བའི་སྒོམ་གསུངས་པས་ཐ་སྙད་དེ་འདྲ་འདོགས་ཀྱང་འོས་པར་མངོན།

དབྱར་སྔ་མ་རང་རེའི་ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་དང་། ཕྱི་མ་བདུན་པའི་བཅུ་དྲུག་ནས་ཚུགས་ཏེ་ཟླ་འཁོར་གསུམ་སྡོད། དབྱར་གྱི་སྒང་ལ་ཟས་སོས་པ་འབུལ་བའི་སྦྱིན་བདག་མང་བས་དགེ་སློང་ཚོ་ཤ་རྒྱག་ཏུ་འགྲོ་བའི་གཏམ་དཔེ་ཡང་འདུག དབྱར་སྔ་མའི་དགག་དབྱེ་ཟིན་ནས་ཉེ་འཁོར་གྱི་གྲོང་པ་ཐམས་ཅད་ཚོགས་ཏེ་ཀཋནེདཱན་(ཆོས་གོས་མི་འཁུམས་པར་བརྐྱང་པའི་དོན)སྲ་བརྐྱང་གི་སྦྱིན་དང་ངུར་སྨྲིག་གི་དུས་སྟོན་བྱེད། དེ་ཡང་ གྲོང་པའི་སྐྱེས་པ་བུད་མེད་བྱིས་པ་ཐམས་ཅད་ནམ་གུང་ཙམ་ན་ཡར་ལངས་ཏེ་སེར་ཕྲེང་བཞིན་བསྒྲིགས། མར་མེ་ཆེན་པོ་རྣམས་འཁྱེར། ཐམས་ཅད་ཀྱི་སྤྱི་བོར་མཁར་གཞོང་ཆེན་པོ་རེའི་ནང་དུ་ཆོས་གོས་ཀྱི་རྒྱུ་རས་དཀར་པོ་ཡུག་ཆེན་དང་། སྣམ་ཕྲན་དང་། གླེགས་བུ་ལྡང་བ་སོགས་ཅི་འབྱོར་བ་རེ་བཞག སུངྷཱུའི་སྒྲ་དང་། རོལ་མོ་སྣ་ཚོགས་བཅས་ཡུལ་དེའི་མཆོད་རྟེན་སོགས་ཡོད་ཚད་ཀྱི་དྲུང་དུ་བསྐོར། མཐར་གཙུག་ལག་ཁང་དུ་འོངས་ཏེ་དགེ་སློང་རེ་རེ་བཞིན་ལ་འབུལ། སྐྱ་རེངས་ཤར་བ་ཙམ་ལ་སྟེགས་བུ་ཆེན་པོ་མེ་ཏོག་གིས་སྤྲས་ཤིང་དྲི་བཟང་གིས་བྱུག་པའི་སྟེང་དུ་རས་ཡུག་ཆེན་ཞིག་བཏིང་། དགེ་སློང་བཞིས་གྲིའུ་ཆུང་ཐིག་སྐད་ཁབ་སོགས་འཁྱེར། དེ་ནས་གུར་གུམ་གྱིས་སྦངས་པའི་ཐིག་སྐུད་རིང་པོའི་སྣེ་གཅིག་དགེ་སློང་དང་། སྣེ་གཞན་དེ་སྦྱིན་བདག་གིས་བཟུང་བའི་རྒྱབ་ཀྱི་ཕར་ན་སྐུད་པའི་མཐའ་བྱིས་པ་རྣམས་ཀྱིས་འཚང་ག་རྒྱབ་སྟེ་བཟུང་ནས་རྨ་ཆུའི་ཁ་ན་གྲུ་ཐག་འཐེན་པའི་བཟོ་འདྲ་ཞིག་བྱས། དེ་ནས་ཐིག་བཏབ་པ་དང་མཉམ་དུ་ཕྱི་རོལ་ནས་ཁྱིམ་པ་ཐམས་ཅད་ཀྱིས་ཅིག་ཅར་དུ་སཱངྷཱུ། སུངྷཱུ་ཟེར་ཞིང་རྔ་བོ་ཆེ་བརྡུང་། སྟོན་པའི་བསྟན་པ་གནས་སོ། །ཚུལ་ཁྲིམས་ཀྱི་རྒྱ་མཚོ་མ་ཉམས་སོ་སོགས་ཅ་ཅོ་ཆེན་པོ་དང་བཅས་རོལ་མོ་སྒྲོག གླུ་གར་བྱེད། ཆོས་གྲྭ་བ་སོགས་ཐམས་ཅད་ལ་འདུལ་བའི་སྔགས་མང་པོ་འདོན་རྒྱུ་ཡོད། ཀུན་རིག་གི་བདག་འཇུག་ལས་ཀྱང་རྒྱ་ཆེ། མདོར་ན་ཆོས་གོས་གྲུབ་པ་དེ་ཉན་ཐོས་དགེ་སློང་རྣམས་ཀྱི་ལོ་གཅིག་གི་སྒྲུབ་མཆོད་ཆེ་ཤོས་དེར་སྣང་། དེ་ནས་ཉིན་གུང་བར་ཐམས་ཅད་ལག་རུབ་ཀྱིས་ཆོས་གོས་ཤིག་བཙེམས་ཏེ་ཁ་ཡང་བསྒྱུར། དགེ་འདུན་ལ་ཕུལ་ཏེ་དགེ་སློང་མཁོ་བ་ཞིག་ལ་སྟེར། ཆོ་ག་དེས་ངེད་ཀྱི་ཡིད་འཕྲོག་དྲགས་ཏེ་འདིར་ཡང་ཞིབ་ཙམ་བྲིས། ངུར་སྨྲིག་གི་དུས་སྟོན་དེ་རང་རེའི་ཧོར་ཟླ་དགུ་པ་ཙམ་ལ་ཡིན། ཟླ་བ་དེ་ལ་ངུར་སྨྲིག་གི་ཟླ་བར་ཡང་འབོད། ཟླ་བ་དེར་གླིང་འདིར་ཆར་ཞོད་ཤིན་ཏུ་ཆེ་བ་ཡོང་བས་དེ་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་མཐུ་ཡིན་སོགས་ཟེར། ཆོས་གོས་ནི་གླེགས་བུ་ཕྱེད་དང་། གསུམ་ལ་རྣམ་ཕྲན་ལྔ་པ་རྐྱང་ཡིན། འོན་ཀྱང་རྣམ་ཕྲན་ཉེར་ལྔའི་བར་བྱེད་པ་ལ་འགལ་བ་མེད་ཟེར་ནས། འགའ་ཞིག་གིས་རེའུ་མིག་ཕྲ་མོས་གང་བའི་སྣམ་སྦྱར་ཡང་གྱོན། ཆོས་གོས་གྱོན་སྟངས་དེ་ཤིན་ཏུ་ཡ་མཚན། གྲྭ་གཉིས་མཉམ་པར་གཤིབ་ནས་ཕྱོགས་གཅིག་ཏུ་སྒྲིལ། དྲིལ་བའི་མཐའ་དཔུང་པ་གཡས་ནས་རྒྱབ་ཏུ་བསྐོར་ཏེ་མཆན་འོག་ནས་ཚུར་བླངས་པའི་སྣེ་མོ་ལག་པས་བཟུང་བས་མགྲིན་པ་ནས་ཤམ་ཐབས་ཀྱི་མཐའི་བར་ཁེབས་པའི་ཡ་མཚན་ཞིག་འདུག ཅུང་ཟད་གོམས་ན་མིག་ལ་ཡང་ཆེར་མཛེས། རྒྱ་གར་གྱི་སྐུ་བརྙན་རྙིང་མ་ཀུན་དང་། རྒྱ་ནག་ཙནྡན་ཇོ་བོའི་བཟོ་ལུགས་དེ་ཀུན་ལ་ཆོས་གོས་འདི་ལྟར་ཡོད། གྲྭ་གཅིག་ཕྱག་གིས་བཟུང་བ་ཡང་དེ་ཀུན་ལ་ཡོད། དབང་བསྐུར་མཇུག་ཏུ་སློབ་མ་ལུང་སྟོན་སྐབས། ཤཱཀྱ་ཐུབ་པ་ཕྱག་གཡོན་གྱི་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བཟུང་བ་སོགས་བཤད་པ་ཡང་ཆ་ལུགས་འདི་རང་དུ་སེམས། འོན་ཀྱང་ཁོང་པའི་ཆོས་གོས་དཔང་དུ་ཁྲུ་ལྔ་རེ་ཡོད་པ་དེ་ལ་གྱོན་ལུགས་འདི་བཏུབ་ཀྱི་རང་རེའི་ཆོས་གོས་ཆུང་དྲགས་པས་མི་བཏུབ།

དེ་ལ་གླིང་འདིའི་དགེ་སློང་ཐམས་ཅད་ཀྱང་གནས་བརྟན་སྡེ་པ་ཁོ་ན་ཡིན་ཅིང་། ནང་གསེས་ཀྱི་མཁན་བརྒྱུད་མི་འདྲ་བ་ལས་ཕྱེས་པ་ཤྱཾནི་ཀ སྔོ་སངས་ཅན་གྱི་སྡེ་དང་། ཨམརཔུརནིཀཡ་འཆི་མེད་གྲོང་གི་སྡེ། རཱམནྱནཀིཡ་དགའ་བ་ཅན་གྱི་སྡེ་བྱ་བ་གསུམ་ཡོད། གནས་བརྟན་པ་རྣམས་ཀྱི་མིང་མཐར་འབྱུང་གནས། གོ་ཆ་སོགས་ཡོད་པར་བཤད་མོད། འདིར་མིང་ལ་ངེས་པ་མི་འདུག་ཅིང་། གོ་ཆའི་མིང་ནི་མི་སྲིད་པ་ཙམ་ཡིན། ནགས་ཀྱི་རིན་ཆེན་བྱ་བའི་མིང་ཡང་མང་། དེ་ལ་ཤྱཾམ་པ་རྣམས་ནི་སྡེ་གསུམ་ཀ་ལས་འབྱོར་ཞིང་དབང་ཆེ། སྟོན་པའི་ཚེམས་མཆེ་བ་དང་། བྱང་ཆུབ་ཤིང་གི་བདག་པོ་ཡང་ཁོང་རྣམས་ཡིན། རིགས་ཆེན་པོའི་མི་རབ་ཏུ་བྱུང་བ་རྐྱང་ཡིན། སྔར་རིགས་དམན་ཀྱང་རབ་ཏུ་འབྱིན་པ་ལ་རྒྱལ་བློན་སོགས་ཀྱིས་ཕྱག་འཚལ་བའི་ཚེ་མ་བཟོང་པར་སྟན་ལས་ལངས་པ་སོགས་བྱས་པས་དེ་ཕྱིན་ཆད་དེ་རྣམས་རབ་ཏུ་འབྱིན་པ་བཀག་ཟེར། ཆོས་གོས་རང་རེ་བཞིན་དཔུང་པ་ཡ་གཅིག་ལ་བགོ སྨིན་མ་ཡང་བཞར། དེ་ནི་འདུལ་བར་ཁའི་སྤུ་བྲེགས་བྱ་བ་ལ། གདོང་གི་སྤུ་བྲེགས་བྱ་བའི་དོན་དུ་མཛད་པའི་ལུགས་ཡིན། ཨམརཔུར་པ་རྣམས་ནི་ཆོས་གོས་དཔུང་པ་གཉིས་སུ་བགོ དགོན་གནས་ཤིན་ཏུ་མང་། རཱམ་ཏྱཔ་ནི་འདུལ་བའི་ལག་ལེན་གུ་དོག་པའི་མཐར་ཐུག་བསྙེན་རྫོགས་བྱེད་པ་ན་མཚམས་ཀྱང་ཆུའི་དབུས་སུ་གྲུ་ལ་བསྡད་དེ་བྱེད་དགོས། སྡེ་གཞན་གཉིས་ཀྱི་མཁན་བརྒྱུད་མ་དག་པས་ཁོང་རྣམས་ལ་བསྙེན་རྫོགས་མཚན་ཉིད་པ་ཡང་མེད་ཟེར་ཞིང་། དེ་དག་དང་ལྷན་དུ་མདོ་འདོན་པ་དང་། ཟས་ཟ་བ་ཡང་མི་བྱེད། དེའི་རྐྱེན་གྱིས་སྡེ་གཞན་གཉིས་ཁོང་ཅག་ལ་སྡང་བར་བྱེད། འོན་ཀྱང་ཁྱིམ་པ་རྣམས་ནི་ཐམས་ཅད་ལས་ཁོང་ཅག་མོས། རིགས་ངན་ཤ་སྟག་རབ་ཏུ་བྱུང་བ་ཡིན། རས་ཀྱི་ཆར་གདུགས་ཀྱང་འཛིན་དུ་མི་རུང་བས། ཏ་ལའི་ལོ་མ་ལས་བྱས་པའི་གདུགས་ཉ་ལྕིབས་ཀྱི་དབྱིབས་འདྲ་བ་དག་ཁྱེར། སྦྱངས་ཡོན་ལ་གནས་པའི་མཆོག་ནི་ཁོང་ཚོ་ཡིན། དེའི་ནང་ནས་ཀྱང་དགེ་བའི་གདུང་གི་སྡེ་ཀལྱནབཾཤ་བྱ་བ་དེ་ཀུན་ལག་ལེན་དོག་པའི་མཐར་ཐུག

སྤྱིར་སིངྒལའི་དགེ་སློང་དེ་ཀུན་རང་ལུགས་ཁོ་ན་མཆོག་འཛིན་བྱེད་ཅིང་། གཞན་ལུགས་ལེགས་ཉེས་གང་ཡིན་ཡང་དབྱེ་བསལ་མེད་པར་ཧྲིལ་གྱིས་འདོར། འོན་ཀྱང་ཐེག་པ་ཆེན་པོའི་ལྟ་བའི་ཆ་ལ་མོས་པ་ཙམ་ནི་མང་། དབུ་མའི་རྩ་བ་བློ་ལ་ཡོད་པ་འགའ་ཡང་འདུག་ལོངས་སྐུ་སོགས་རྒྱ་ཆེ་བའི་རྣམ་གཞག་གཞན་ནི་མུ་སྟེགས་ཀྱི་ཚངས་པ་ཆེན་པོའི་འདྲ་བཀབ་སྟེ་བཤད་པ་ཡིན་སོགས་ཟེར། ལྷག་མེད་ཀྱི་བེམ་རིག་རྒྱུན་ཆད་པ་ལ་གོ་བ་ཟབ་ཅིང་ཉོག་པ་ཞིག་བྱེད་རྒྱུ་འདུག དགྲ་བཅོམ་ལས་བྱང་ཆུབ་སེམས་དཔའ་ལྷག་བྱ་བ་དེ་མུ་སྟེགས་ཀྱི་རྒྱལ་རིགས་རྣམས་ཀྱི་ངག་སྒྲོས་ཡིན་ཟེར། གཞན་ཡང་། ཕལ་ཆེ་བ་རྣམས་ཀྱིས་དཀོན་མཆོག་བརྩེགས་པའི་མདོ་དང་། རྡོ་རྗེའི་མོའི་བུ་པ་དག་གིས་སྒྱུ་མ་དྲྭ་བའི་རྒྱུད་བརྩམས་སོ་སོགས་ཐོ་རིང་པོ་ཞིག་ཡོད་ཀྱང་། ཁྱེད་རྣམས་འཁོན་ཀ་གཏུག་པར་མི་འདོད་པས་འདིར་མ་བཀོད། ཐོ་དེའི་མཇུག་ཏུ། དེ་ལྟ་མོད་ཀྱི་བདེ་བར་གཤེགས་པའི་བསྟན་པའི་སྙིང་པོ་ཙམ་ནི་དེ་ཀུན་ཁྲོད་ན་མ་ཉམས་པར་བཞུགས་ཤིང་། ལྷག་པར་གངས་རི་པའི་སྡེ་རྣམས་ཀྱིས་འདོན་པའི་སྡེ་སྣོད་གསུམ་ནི། སངས་རྒྱས་རང་གི་ཞལ་ནས་གསུང་པ་དག་དང་ཚིག་དོན་གཉིས་ཀའི་ཆ་ས་ཤིན་ཏུ་འདྲ་བ་ཡིན་ནོ་སོགས་བྲིས་སོ། །གངས་རི་པ་དེ་གནས་བརྟན་སྡེ་པ་ལས་གྱེས་པར་སློབ་དཔོན་ལེགས་ལྡན་གྱིས་གསུང་པས་ཁོང་རྣམས་ཀྱི་མདོ་དང་། གནས་བརྟན་པ་དག་གི་མདོ་ནི་འདོན་པ་མཐུན་པར་ངེས་པས། འདྲ་ཚུལ་ཡང་དོན་ལ་དེ་བཞིན་པར་འདུག་གོ། །ཁོང་རྣམས་ལ་ཉན་ཐོས་སྡེའམ། ཐེརབད་སྟེ་གནས་བརྟན་སྨྲ་བར་འབོད་པ་ལས་ཧིནཡཱནསྟེ་ཐེག་དམན་དུ་བོས་ན་འབར་དུ་འོངས། མིང་དེ་སྐད་སུས་བཏགས། འོ་ན་སངས་རྒྱས་ལ་ཡང་སྟོན་པ་དམན་པར་སྨྲོས་ཤིག་སོགས་ཟེར། ལྷག་པར་ཡང་རྡོ་རྗེ་ཐེག་པ་ནི་ཡ་ང་བའི་གནས་ཞིག་ཏུ་བརྩི་པཉྩམཀར་སྟེ་མ་ཡིག་ལྔ་པ་ཞེས་སྨོད། ངས་བོད་ན་བུ་སྟོན་དང་། རྗེ་ཙོང་ཁ་པ་ལྟ་བུའི་དགེ་སློང་ཡང་སྔགས་ལ་མོས་སྨྲས་པས་རྣ་བར་མ་སོང་བ་བྱེད་ཀྱིན་འདུག དགེ་སློང་ཞིག་མི་ལ་རས་པའི་ལོ་རྒྱུས་ཐོས་ནས་ཁོ་དགེ་བསྙེན་བཟང་པོ་ཞིག་ཡིན་འདུག་སྙམ་ནས་མོས་པ་དགའ་རབ་འདུག་པ་ལ། ངས་ཁོ་ཡང་གསང་སྔགས་པ་ཡིན་སྨྲས་པས་གཏམ་གྱི་འཕྲོ་ཡང་མི་མཉན་པར་ལངས་ཏེ་སོང་། མ་ཡིག་ལྔར་བསྡུས་པའི་བཤད་པ་དེ་འདྲ་རང་རེའི་རྒྱུད་ན་ནི་ཡོད་པར་མ་མཐོང་ལ། མུ་སྟེགསཀྱི་རྒྱུད་དུ་ནི་ངེས་པར་དུ་སྣང་། དེ་ནི་དཔེར་ན། ནག་མོ་རྣམ་སྒེག་གི་རྒྱུད་ལས། མཧྱཾམཱསཏཐཱམཏྶྱམུཏྲཱིམཻཐུནམེབཙ། པཉྩཏཧྭབིཧིནཱཨཱཾནཕལོངྦྷབཿ། ཆང་དང་ཤ་དང་དེ་བཞིན་ཉ། །ཕྱག་རྒྱ་མོ་དང་གཉིས་སྦྱོར་ཏེ། །དེ་ཉིད་ལྔ་ཡིས་དམན་པ་ཡི། །མཆོད་པ་རྣམས་ལ་འབྲས་མི་འབྱུང་། །བྱ་བ་སྟེ་དེ་དག་གི་རྒྱ་སྐད་ལ་མ་ཡིག་ལྔ་ཡོད་པ་ཡིན།

དེ་བཞིན་ཐེག་ཆེན་སློབ་དཔོན་ཡུལ་འདིར་སྔར་བྱོན་པ་འཕགས་པ་ལྷ་དང་། ཤནྟི་པ་སོགས་ཀྱི་ལོ་རྒྱུས་ཙམ་ཡང་མེད། གུརུ་ལྷོ་ཕྱོགས་པས་སིངྒལའི་ཀཎྡེཡུལ་དུ་མཇལ་གསུངས་པའི་ཤནྱི་པའི་དངོས་སློབ་དེ་སྙེད་དུ་རེ་བས་བདག་ཡུལ་དེར་ཟླ་ཕྱེད་ལྷག་བསྐོར་ཀྱང་སུ་ལ་ཡང་རྒྱུས་མི་འདུག་དེ་དུས་དགུང་ལོ་བདུན་བརྒྱ་ལོན་འདུག་གསུངས་པས་ད་ནི་དགུ་བརྒྱ་ལྷག་ཡིན་རྒྱུ་ལ། ཡང་ན་ནི་སྐུ་འདས་པར་ངེས། དེ་མིན་ཐེག་ཆེན་པ་མི་གཅིག་བོད་ནས་འོངས་པ་ལ་མཇལ་ཁ་ནི་ཅིའི་ཕྱིར་མི་གཏོང་སྙམ་པ་བྱུང་། དེ་བཞིན་གནས་བརྟན་རྡོ་མོའི་བུ་ཡང་གར་བཞུགས་ཀྱི་ས་མིག་སུ་ལའང་རྒྱུས་མི་འདུག་པས། ཕྱིས་འགྲོ་མཁན་ཞིག་བྱུང་ན། མ་སྡེན་ཏ་ལའི་རི་སུལ་དུ་འཚོལ་བར་ཞུ། ན་ད་རིགས་སོགས་ནི་དེ་ལས་ཀྱང་ག་ལ་ཤེས། འོན་ཀྱང་སྔར་ཐེག་ཆེན་དར་བ་ནི་ཀུན་ལ་རྒྱུས་ཡོད་ཅིང་རྒྱལ་རབས་ནང་ན་ཡང་རྒྱས། སྔོན་གྱི་དགེ་བསྙེན་ཀུརུཀུལླགོམི་བྱ་བའི་ཐེག་ཆེན་པ་ཞིག་གིས་མཛད་པའི་བྱང་ཆུབ་ཤིང་གི་རྒྱལ་རབས་སོགས་སྣང་། འདིས་ཐེག་ཆེན་གྱི་མདོ་འགྲེལ་འགའ་ཡང་བྱས་ཟེར། སིངྒལའི་དགེ་བསྙེན་སའི་རྩ་ལག་གིས་མཛད་པའི་སྙིང་རྗེ་པད་དཀར་གྱི་འགྲེལ་པ་ཞེས་བུའི་བསྟན་འགྱུར་དཀར་ཆག་ཏུ་ཡང་ཚུད་པ་དེ་འདི་དང་གཅིག་གམ་སྙམ། དེས་ན་གདོན་མི་ཟ་བར་དགེ་བསྙེན་དེའི་མཚན་ཡང་གཽཀུལགོམི་བྱ་བར་ངེས།

དེ་ལ་མཧཱབེཧར་གཙུག་ལག་ཁང་ཆེན། ཛོཏབན། རྒྱལ་བྱེད་ཚལ། ཨབྷྱགིརི འཇིགས་མེད་རི་བོ་གསུམ་ནི་སྔོན་གླིང་འདིའི་གནས་གཞི་ཀུན་གྱི་རྩ་བ་ཡིན་ཅིང་། རིམ་པ་བཞིན་རྒྱལ་པོ་སྐར་རྒྱལ་དང་། སྡེ་ཆེན་དང་། འཇིགས་མེད་རྣམས་ཀྱིས་བཞེངས། དེ་གསུམ་གའི་ཤུལ་ན་མཆོད་རྟེན་རི་འདྲ་བ་རེ་དང་། སྔོན་གྱི་དགོན་རོ་མིག་རྒྱང་གིས་མི་ཆོད་པ་ཙམ་དང་། གནས་འཛིན་གྱི་དགོན་ཆུང་ངུ་རེ་བཅས་པ་སྣང་། འདི་གསུམ་ནི་སྡེ་པ་བཅོ་བརྒྱད་ཀྱི་གྲངས་སུ་བྱུང་བའི་རྒྱལ་བྱེད་ཚལ་གནས། འཇིགས་མེད་རིར་གནས། གཙུག་ལག་ཁང་ཆེན་པ་གསུམ་གྱི་རྩ་བའི་གནས་གཞི་དག་ཡིན་པར་ཐེ་ཚོམ་མི་འདུག་ཅིང་། དེ་གསུམ་ག་གནས་བརྟན་པ་ཡིན་ཚུལ་ཡང་པདྨ་འབྱུང་གནས་དང་། དུལ་བའི་ལྷ་གཉིས་ཀས་གསལ་བར་གསུངས། འདི་གསུམ་ཕན་ཚུན་མི་མཐུན་ཞིང་རྩོད་པའི་གནས་ཚུལ་ཡང་སིངྒལའི་རྒྱལ་རབས་རྣམས་ན་ཤིན་ཏུ་རྒྱས་ཤིང་། ལྷག་པར་དུ་འཇིགས་མེད་རི་བོ་པ་རྣམས་ཀྱིས་ཐེག་ཆེན་གྱི་ལྟ་སྤྱོད་ཡིད་མི་མཐུན་པ་ལན་གསུམ་གྱི་བར་དུ་བླངས་ཞེས་གྲགས། རྟོག་གེ་འབར་བ་སོགས་སུ་འདྲེས་ལུགས་མང་དུ་མཛད་ཀྱང་། འདི་གསུམ་ཡེ་མ་བཀོད་པ་ཡང་། དེ་གསུམ་ཕྱི་དུས་ཙ་ན་གྲགས་པའི་རྒྱུ་མཚན་གྱིས་ཡིན་སྙམས། དེ་ཡང་ཡོད་སྨྲ་བ་ལ་སོགས་པའི་ཁྲོད་དུ་ཐེག་ཆེན་གྱི་པཎྜིཏ་རྟོག་གེ་ལ་བྱང་བ་མང་དུ་བྱུང་སྐབས། གནས་བརྟན་པ་དག་ནི་དེ་དག་ལ་རྩོད་པའི་སྤོབས་པ་ཡང་མེད། བཅོམ་ལྡན་འདས་ཀྱི་ལུང་དྲི་མ་མེད་པ་དག་འདོར་དུ་ཡང་ཕངས་ནས། ཡུལ་དབུས་བཏང་སྟེ་ལངྐའི་ཡུལ་དུ་འདུས་པ་ཡིན་ནོ་ཞེས་ཟེར། གནས་བརྟན་པ་དག་དེང་སང་དབུས་ནས་ཡུལ་བཏོན་ཏོ་བྱ་བ་རྒྱའི་བཙུན་པའི་ལམ་ཡིག་ཏུ་ཡང་གསལ།

གནས་བརྟན་པའི་སྡེ་སྣོད་རྣམས་ནི་གླེགས་བམ་གྱི་རྩིས་གདབ་ན་བོད་ཀྱི་བཀའ་འགྱུར་འདིའི་གསུམ་ཆ་ལྷག་ཙམ་བཞུགས། དེ་ལ་སྡེ་སྣོད་གསུམ་ལས། འདུལ་བ་ལ་ཕམ་པ། ལྟུང་བ། སྡེ་ཚན་ཆེན་པོ། སྡེ་ཚན་ཆུང་ངུ་། འཁོར་གྱི་ལམ་བྱ་བའི་ཚན་པ་ལྔ་དང་། མའི་སོ་ཐར་བཅས་ཡོད། མདོ་སྡེ་ལ་ནི། ལུང་རིང་པོ། ལུང་བར་མ། ཡང་དག་པར་ལྡན་པ། གཅིག་ལས་འཕྲོས་པ། ཕྲན་ཚེགས་ཏེ་ལྔ་ཡོད་ཅིང་། ལུང་རིང་པོ་ལ་ཚངས་པ་འདྲ་བའི་མདོ་སོགས་མདོ་ཕྲན་སོ་བཞི་དང་། དེའི་ཁྲོད་ན་རྟོག་གེ་འབར་བར་གསལ་བའི་ཤིང་གི་ཕུང་པོ་ལྟ་བུའི་མདོ་ཡང་བཞུགས། མདོ་དེ་ནི་སྟོན་པས་ཤིང་སྡོང་མེ་འབར་བ་ཞིག་ལ་གཟིགས་ཏེ་ཚུལ་འཆལ་གྱི་ཉེས་པ་གསུངས་པས། དགེ་སློང་དྲུག་ཅུ་ཁྲག་ཚབས་ཆེར་སྐྱུགས་ནས་ཤི། གཞན་དྲུག་ཅུས་བསླབ་པ་ཕུལ། གཞན་དྲུག་ཅུས་འབྲས་བུ་ཐོབ་པ་སོགས་དྲུག་ཅུ་ཚན་མང་པོ་ཞིག་གི་སྐོར་ཡོད། ལུང་བར་མ་ལ་ནི་མདོ་ཕྲན་བརྒྱ་དང་ལྔ་བཞུགས་ཤིང་། མདོ་སྡེ་ཀུན་གྱི་གཙོ་བོར་བྱེད། གཅིག་ལས་འཕྲོས་པ་ལ་མདོ་ཆེན་ཉིས་སྟོང་སུམ་བརྒྱ་དང་བརྒྱད་བཞུགས། ལུང་ཕྲན་ཚེགས་སུ་སྡེ་ཚན་བཅོ་ལྔའི་ནང་ན་ཆེད་དུ་བརྗོད་པའི་ཚོམ་འདྲ་བའི་གཞུང་ཞིག་དང་སྐྱེས་རབས་སོགས་བཞུགས། མངོན་པ་ལ་སྡེ་བདུན་ལས་ངྷརྨསངྒྷནིཆོས་ཀྱི་ཚོགས། བིབྷངྒ་རྣམ་འབྱེད། ཀཐབྠུཏ་གཏམ་གྱི་གཞི། པུགྒལཔྟི་གང་ཟག་གདགས་པ། ངྷཱཏུགཐ་ཁམས་ཀྱི་གཏམ། ཡམཀཾ་ཆ་ལྡན། པཊྛནཾ་རབ་ཏུ་འཇུག་པ་རྣམས་ཡིན། འདིར་ཁ་ཆེ་བྱེ་བྲག་སྨྲ་བའི་སྡེ་བདུན་ནི་ཛྙཱནསྲསྠན་ཡེ་ཤེས་ལ་འཇུག་པ་སངྒིཏིཔརྱཡ་འགྲོ་བའི་རྣམ་གྲངས་སོགས་ཡིན་པས་འདི་དག་དང་མིང་མི་འདྲ། གཞུང་ངོ་བོ་གཅིག་གམ་མ་ཤེས། ཁ་ཆེ་བའི་སྡེ་བདུན་དེ་རྒྱ་ནག་སྐད་དུ་བཞུགས་པར་གྲགས། དེ་ལྟ་བུའི་སྡེ་བདུན་དེ་དག་སྟོན་པའི་བཀའ་ཡིན་པ་དང་། ལྷའི་འཁོར་ལ་གསུངས་པར་འདོད། སློབ་གཉེར་གྱི་གཙོ་བོ་ཡང་དེ་ལ་བྱེད། ལྷག་པར་བྷརམའི་ཡུལ་ན་སྔོན་ཤིན་ཏུ་དར་ཆེ་ཟེར། མདོ་རྣམས་ལ་སྟོན་པ་རང་གི་ཞལ་ནས་གསུངས་པའི་ཚན་གཅིག་དང་། སྡུད་པ་པོ་རྣམས་ཀྱི་ངག་ཏུ་རྟོགས་པ་ཨཋཀཐ་བྱ་བའི་ཚན་གཉིས་གཉིས་ཕྱེས་ཏེ་ཤིན་ཏུ་ངོས་གཙང་བ་ཞིག་ཡོད། རང་རེའི་མདོ་རྣམས་ལ་ཆ་གཉིས་ཀ་མ་ཕྱེས་པར་ཡོད་འདུག འདུལ་བ་ལྟ་བུ་ལ་འདི་དག་གི་ལོ་རྒྱུས་དང་། རང་རེའི་དེ་དག་མཐའ་ཆོད་པ་ཞིག་བསྡུར་རྒྱུ་བྱུང་ན་གཅིག་ལ་མི་གསལ་བ་གཅིག་ལ་གསལ་བ་དང་། ཕྱོགས་གཅིག་ཏུ་འདྲེན་བཟོད་པ་དང་། ཡེ་མི་མཐུན་པ་ལ་སོགས་པ་ངོ་མཚར་མང་པོ་ཞིག་ཡོད་པར་མངོན། དཔེར་ན། བལ་ཐོགས་ཀྱི་སྤང་ལྟུང་སྐབས་དྲུག་སྡེ་བལ་ཡུལ་དུ་སོང་ཞེས་རང་རེའི་འདུལ་བར་ཤིན་ཏུ་གསལ་བ་ལ། འདི་དག་གི་ལུང་ན་བྱང་ཕྱོགས་ཀྱི་ཡུལ་ཞིག་ཏུ་སོང་བྱ་བ་ཙམ་ལས་མེད། དེ་བཞིན་འཆར་ཀ་དམར་པོ་གནས་ངན་ལེན་སྤྱོད་པ་ཞིག་དང་། འཆར་ཀ་ནག་པོ་ཕྱིས་དགྲ་བཅོམ་འཐོབ་པ་གཉིས་བཤད་དེ། རང་རེའི་ལུང་ན་མི་གསལ་ཅིང་། མི་མཐུན། འཕགས་སྐྱེས་པོ་མིང་ཆེན་གྱི་ཁྱིམ་དུ་སོང་བའི་ཤུལ་དུ་ཁྱིམ་ཆུས་བཀྲུས་པའི་སྙིང་ནད་ཀྱིས་ཤཱཀྱ་རྣམས་བསད་ཅིང་། རྒྱ་མཚོའི་རླབས་ཀྱིས་དྲངས་ཏེ་དམྱལ་བར་སོང་ཟེར་ཏེ། འདི་ཡང་ཅུང་མི་མཐུན། དེ་བཞིན་གཅུང་དགའ་བོ་སུནྡརི་ཆུང་མར་བླངས་ན་སྐལ་བ་ཆད་པར་དགོངས་ཏེ། བག་སྟོན་གྱི་ཉིན་ཁོ་ན་ལ་རབ་ཏུ་ཕྱུངས་ཟེར་ཏེ། རང་རེ་ལ་མི་གསལ་ཅིང་། ལག་རྒྱུད་འགྲོག་གནས་ལ་གཏམ་རྒྱུད་དེ་སྦྱར། གྲགས་འཛིན་མ་རབ་ཏུ་བྱུང་སྟེ་དགྲ་བཅོམ་བརྙེས་པ་དེ་ཡང་རང་རེའི་ལོ་རྒྱུས་དག་ན་མེད་པ་སྙམ། དམ་ཆོས་པད་དཀར་དུ་གྲགས་འཛིན་མ་དགེ་སློང་ཡིན་པའི་སྒྲོས་ཞིག་ཡོད་དམ་སྙམ་པས་གཟིགས་པར་ཞུ།

ཀུན་དགའ་བོ་གནས་ནས་ཕྱུངས་པའི་ལོ་རྒྱུས་ཀྱང་ཤིན་ཏུ་སྐྱོ་བ་ཞིག་ཡོད། རྒྱལ་བྱེད་ཚལ་དུ་སོང་བ་ན། དགེ་སློང་དེར་གནས་པ་དག་ལྷན་གཅིག་ཏུ་སྨྲ་བར་མི་བྱེད། འདོན་པར་མི་བྱེད་ནས་མཐའ་གཅིག་ཏུ་སོང་སྟེ་གནས་མལ་བྱས་ནས་འཁོད་དེ་ནངས་མོ་རེ་བཞིན་སྟོན་པའི་དྲི་གཙང་ཁང་སྟོང་པར་སོང་སྟེ། ཆུ་དང་ཚེམས་ཤིང་སྟོབས་པ་སོགས་ཞལ་བཞུགས་དུས་བཞིན་བྱས། བྱང་ཆུབ་ཤིང་གི་ཡལ་ག་ཞིག་བླངས་ནས་དྲི་གཙང་ཁང་གི་སྒོར་བཙུགས་པ། ཕྱིས་ཨཱནནྡབོངྷི་བྱ་བ་ཤིང་དུ་གྱུར་ཏེ། དགེ་སློང་ལྗོངས་རྒྱུ་བ་རྣམས་ཕྱག་བྱེད་དོ་སོགས་བཤད། ཤིང་དེ་བཙུན་པ་ཐང་ཟན་གྱིས་ཀྱང་གཟིགས་ཞེས་གསུངས།

སྔོ་བསངས་ཅན་གྱི་ཕ་མ་ནད་ཡམས་ལ་འཇིགས་ནས་རྩིག་པ་བརྟོལ་ཏེ་བྲོས་པ་ལམ་དུ་ཤི་ནས་མོ་འཁྱམས་པ་ན་གངས་ཅན་གྱིས་བུ་མོའི་ཚབ་ཏུ་བྱས་པ་དང་། ནོར་ལྷས་བྱིན་དང་ཤར་པའི་བར་དུ་ཡོལ་བས་བཅད་དེ་མཚན་མི་སྡུག་པར་སྒྲགས་ཏེ། འདུལ་སྦྱོང་སློབ་སྐབས་ཉིན་གཅིག་ནོར་བ་ལ་ཤར་པས་ཁ་ཆེན་མ་ཞེས་སྦྱར། མོ་ཁྲོས་དེ་ཡོལ་བ་རལ་བ་ལས་ཆགས་ཏེ་བྱ་ཚང་དུ་སྡོད་པ་དང་། ཡང་དཔེ་མེད་མས་སྟོན་པ་ལ་དགེ་སློང་བུང་བུ་སོགས་ཚིག་རྩུབ་བཅུས་སྤྱོས་(བསྡིགས་པའི་དོན)པ་སོགས་ཀྱང་རང་རེ་ལ་མི་གསལ། མཛངས་བླུན་དུ་ཨུ་པད་མདོག་གིས་སྡུག་མྱང་བའི་གཏམ་རྒྱུད་ཅིག་འདུག་པ་ཁོང་རྣམས་སྐེམ་རྨ་གཽཏམི་ལ་སྦྱོར་ཞིང་། རང་ཅག་གི་མའི་རྣམ་འབྱེད་དུ་ཡང་དེ་ལྟར་ཡོད་པས་འདི་འདྲ་བར་སྐབས་འགར་མིང་བརྗེས་པ་འདྲ་ཡང་ཡོད་ཚོད་འདུག སྐེམ་མོ་བུ་ཤི་བའི་རོ་འཁྱེར་ཞིང་། གཽཏམ་མཐུ་ཆེ་བས་གསོ་བར་མཛོད་ཅིག་ཅེས་ནན་གྱིས་ཞུས་པར། སྟོན་པས་ཀྱང་སྐབས་མཁྱེན་ནས་ཞལ་གྱིས་བཞེས་ཏེ། མ་ཤི་བའི་ཁྱིམ་ཞིག་ནས་ཡུངས་དཀར་སྙིམ་པ་གང་འོན་(ཁྱེར་ཤོག)ཅིག དེས་མཉན་ཡོད་བསྐོར་ཡང་མ་རྙེད་པས་ཐམས་ཅད་འཆི་ངེས་སུ་གསུངས་ཏེ་འབྲས་བུ་འཐོབ་ཅེས་འབྱུང་།

འཇིགས་མེད་རབ་ཏུ་བྱུང་ནས་དྲི་མེད་གྲགས་པ་བྱ་བར་གྱུར་ཅིང་། མདོ་འདོན་པ་རང་གི་མ་ཨ་མྲ་སྐྱོང་མས་ཐོས་ཏེ། དེ་ཡང་རབ་ཏུ་བྱུང་བ་དང་། དེའི་མཛེས་སྡུག་གིས་དགེ་སློང་རྣམས་ཡ་ཡ་བོར་གྱུར་པ་ལ། ཀུན་དགའ་བོས་ཆོས་བསྟན་པ་དང་ཨ་མྲ་སྐྱོང་གིས་བརྗོད་པའི་ཚིགས་བཅད་ཅིག་གནས་བརྟན་མའི་ཚིགས་སུ་བཅད་པར་ཡང་ཡོད། འདི་དག་ཀྱང་རང་རེ་ལ་མ་གྲགས་སྙམ།

འཕགས་རྒྱལ་དུ་པད་མ་ཅན་བྱ་བའི་སྨད་འཚོང་དང་གཟུགས་སྙིང་འདུས་པ་ལས་གཞོན་ནུ་འཇིགས་མེད་གཉིས་པ་ཞིག་བྱུང་བའི་ལོ་རྒྱུས་ཀྱང་ཡོད། ཨ་མྲ་སྐྱོང་གི་ལང་ཚོ་ལ་རྒྱལ་པོའི་ཁབ་པ་རྣམས་ཕྲག་དོག་ནས་ས་ལ་ཅན་མ་བྱ་བའི་མཛེས་མ་ཞིག་དེའི་ཚབ་ཏུ་བཙུགས། དེ་ལས་བུ་སྐྱེས་པ་འཚོ་བྱེད་གཞོན་ནུ་དང་། བུ་མོ་དཔལ་མོ་བྱ་བ་ཞིག་སྐྱེས་པ་ཀུན་ཡིད་འཕྲོག་པར་གྱུར། དེ་ཤི་བ་ན་སྟོན་པའི་བཀས་རོ་རང་སོར་ཞོག་ཅེས་གསུངས། ཞག་ཤས་ནས་རུལ་བ་དང་སྲིན་བུ་ཞུགས་པ་མཐོང་ནས་མང་པོ་དག་འབྲས་བུ་འཐོབ་ཅེས་བཤད་དེ། འདི་དང་དབྱིབས་མཐུན་ཞིག་རང་རེའི་དཀོན་བརྩེགས་ནང་ན་ཡོད་སྙམ།

རྒྱལ་པོའི་ཁབ་པ་རྣམས་འོད་སྲུང་ལ་ཆེར་མོས་པས་བུད་མེད་ཅིག་གིས་ཐོག་མར་ནོར་ནས་སྟོན་པ་ལ་བསོད་སྙོམས་ཕུལ། དེར་སྟོན་པའི་ཕྱག་ནས་སླར་འཕྲོག་སྟེ་འོད་སྲུང་ལ་ཕུལ། རྒྱུ་དེས་འོད་སྲུང་རྟག་ཏུ་དགོན་པ་ན་བཞུགས་ཤིང་། གྲོང་དུ་མ་བྱོན་ཏོ་སོགས་བཤད། སྤྱིར་ཐེག་པ་ཆུང་ངུའི་ལོ་རྒྱུས་གང་ཡིན་ཐུན་མོང་བའི་ལུགས་སུ་བཤད་པས་སྟོན་པའི་མཛད་ཕྱོགས་སོགས་གླེང་སྐབས་ཅི་བས་ཀྱང་ཡིད་འཕྲོག་པ་རྐྱང་སྣང་། ཐེག་ཆེན་ལས་བྱུང་བ་དག་ཕལ་ཆེར་ནི། ཧ་ཅང་རྒྱ་ཆེ་དྲགས་པས་ཧ་ཅང་མཁས་པ་དང་། ཧ་ཅང་གླེན་པ་ཞིག་མ་གཏོགས་དཀྱུས་མ་ཐམས་ཅད་ཀྱི་སེམས་ལ་འགྲོ་བ་ཞིག་ཤིན་ཏུ་དཀའ། སྟོན་པའི་རྣམ་ཐར་གྱི་ཆ་མི་མཐུན་པ་རྣམས་འདིར་མི་བྲི། དེ་བཞིན་འདི་པའི་མདོ་རྣམས་ཀྱང་དཔེ་ངོ་མཚར་ཅན་མང་པོ་དང་སྦྱར་ནས་བློ་འཁྲུལ་བ་རྐྱང་ཡོད། དཔེར་ན་མི་ཞིག་གིས་གཽཏམ་ལ་བསྟོད་སྨད་ཅི་བྱས་ཀྱང་ལན་མི་བྱེད་ཟེར་བ་ཐོས་ནས་སྟོན་པའི་དྲུང་དུ་སོང་སྟེ་ཁ་ཀྱལ་ངལ་ངལ་གྱི་བར་དུ་སྨྲས། དེར་སྟོན་པས་གལ་ཏེ་བྱིན་པ་དག་སྟེར་ཡུལ་དེས་བདག་གིར་མ་བྱས་ན། དེ་ནས་དེ་རྣམས་སུའི་ནོར་དུ་འགྱུར། ཁོས་བསམ་སྟེ། དེ་རྣམས་སྟེར་བ་པོའི་ནོར་དུ་འགྱུར་རོ། །འོ་ན་ཁྱོད་ཀྱིས་གང་སྨྲས་པའི་ཚིག་རྩུབ་དག་ཀྱང་ཁོ་བོས་བདག་གིར་མ་བྱས་པས་ད་ནི་ཁྱོད་ཉིད་ཀྱི་ཡིན་ནོ། །ཞེས་གསུངས། དེ་བཞིན་མ་ལུང་ཀའི་བུ་བྱ་བ་ཞིག་གིས་འཁོར་བའི་ཐོག་མ་ཡོད་མེད་སོགས་ལུང་མ་བསྟན་གྱི་དྲི་བ་དག་བཀོད་ནས་འདི་རྣམས་ཐག་མ་བཅད་ན། ང་སྐྱ་སར་འབབ་པ་ཡིན་ཞུས་པར་སྟོན་པས། ནགས་ཆེན་གྱི་དཀྱིལ་དུ་གར་བྱུང་ཆ་མེད་པའི་མདའ་དུག་ཅན་ཞིག་ལུས་ལ་ཕོག་ན་དེ་མ་ཐག་མདའ་བཏོན་ནས་རྨ་བཅོས་བྱེད་དགོས་ཀྱི། དེ་བཞག་ནས། མདའ་འདི་སུས་འཕང་། ཅི་ལས་བྱས་སོགས་དཔྱད་ན་ཚེ་འཕོ་བར་འགྱུར་བ་བཞིན་འདུས་བྱས་སྡུག་བསྔལ་དང་། དེ་སྤོང་ཐབས་ཀྱང་ཤེས་བཞིན་མི་སྒོམ་པར་ཐོག་མཐའ་སོགས་དཔྱད་ནས་ཚེ་ཆུད་འཛའ་བ་ཡིན་གསུངས། འདི་འདྲ་མང་སྟེ། ཁྱེད་རྣམས་ལ་མཉན་འདོད་ཀྱང་ཡོད་མེད་མི་ཤེས་ལ་བྲི་བར་ཚེགས་ཀྱང་ཆེ་བར་འདུག་པས་བཞག

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།