རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག

10e585c33cc.jpg

དོན་གྲུབ་རྒྱལ། 

—མཚོ་སྔོན་དགེ་ཐོན་སློབ་གྲྭའི་མཐོ་འབྲིང་སློབ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་གཉེར་བ་རྣམས་མཐར་ཕྱིན་ལ་དྲན་རྟེན་དུ་ཕུལ་བ།

 

ཨེ་མ། འདི་ནི་བརྗེད་པར་དཀའ་བའི་ཉིན་མོ་ཞིག་དང་།

ཅི་འདྲའི་རྙེད་པར་དཀའ་བའི་མཚན་མོ་ཞིག་རེད་ཨང་།

གལ་སྲིད་ཁྱེད་རང་ཡིད་མི་ཆེས་ན།

ཁྱེད་ཀྱི་ཁྲག་ཤེད་རྒྱས་པའི་ལག་པ་གཉིས་ཀྱིས།

ཁྱེད་རང་གི་བྲང་ཁ་ལ་རེག་ཙམ་གྱིས་དང་།

དྲག་ཏུ་མཆོང་ལྡིང་བྱེད་པའི་ཁྱེད་ཀྱི་ཁོང་གི་སྙིང་དེས།

ཁྱེད་རང་གི་ཐེ་ཚོམ་གྱི་དྲི་བ་དང་། སོམ་ཉི་ཡི་འཆིང་རྒྱ།

ཉིས་འགལ་གྱི་དཔྱང་ཐག་རྣམས་སྐད་ཅིག་འཕྲལ་མ་ཉིད་དུ་གཅོད་ཐུབ་ངེས་རེད།

དུས་སྐབས་འདི་དང་། ཉིན་མོ་འདི། མཚན་མོ་འདི་ལྟ་བུ།

མིའི་རིགས་ཀྱི་སྐད་ཆ་དང་།

མིའི་རིགས་ཀྱི་ཡི་གེའི་མཐུ་ནུས་ལ་བརྟེན་ནས།

བདག་སེམས་དང་། ཁོ་བོའི་སྙིང་། སེམས་ཀྱི་གཏམ།

གློ་རྒྱུའི་མཚམས་ན་གནས་པའི་རྡོག་རྡོག་དེ་རྣམས།

བརྡ་སྤྲོད་པའི་ནུས་པ་ཤོར་ཚར་བ་དང་།

དོན་གྱི་སྙིང་བོ་རང་དགར་བ་དག་ཀྱང་སྟོན་མི་ཐུབ་པའི་ཚོར་བ་ཁོ་བོ་ལ་བཅོས་མིན་མངོན་སུམ་དུ་སྐྱེས་འོང་གིན་འདུག

ཀྭ་ཡེ། བརྩེ་ལྡན་གྱི་གྲོགས་པོ། གུས་ལྡན་གྱི་སློབ་མ།

མཁྱེན་ལྡན་གྱི་དཔའ་བོ་རྣམ་པ་ལགས།

ཟླ་ངོ་གསུམ་གྱི་དུས་ཡུན་ནི།

ལོ་གཅིག་གི་དུས་ཚིགས་གཅིག་ཙམ་ཡང་མ་ཡིན་མོད།

ཡིན་ནའང་། དུས་ཚིགས་གཅིག་ཙམ་པོའི་རིང་ལ།

འུ་ཅག་གིས་ལྔ་རིགས་གི་ལྡིང་ཁང་ནས།

མཛའ་མཐུན་གྱིས་རི་མོ་བྲིས་པ་དང་། རཱ་མའི་རྟོགས་བརྗོད་ཀྱི་བརླན་ཞིང་གཤེར་བའི་ཞིང་སའི་ཐོག་ལ།

དགེ་སློང་ཟུང་འབྲེལ་གྱི་རྨོན་པ་དོར་དུ་བསྡེབས་པར་མ་ཟད།

མི་རིགས་ལ་རྒྱ་ཡི་ཐོང་བཙུགས་ཏེ།

ཤེས་བྱའི་ས་སྦོན་གྲུང་བོ་དག་ལེགས་པར་བཏབ་སྟེ།

ད་ལྟའི་དུས་སུ་ཡོན་ཏན་གྱི་ལྗང་སྨྱུག་རྒྱས་པར་མ་ཟད།

སྦྱངས་འབྲས་ཀྱི་མེ་ཏོག་ཀྱང་བཅོས་མིན་མངོན་སུམ་དུ་བཞད་འདུག

བློ་གསལ་གྱི་གཞོན་ནུ། རིག་གསལ་གྱི་བུ་མོ།

ལང་ཚོ་ནི་མེ་ཏོག་ཡིན་མོད། འོན་ཀྱང་།

རང་གི་ལང་ཚོ་ལ་དོན་ལྡན་གྱི་གཡུར་ཟའི་འབྲས་བུ་སྨིན་པར་བྱེད་ན།

རང་གི་འབད་པ་དང་། རང་གི་བརྟུན་པ།

རང་གི་རྩོལ་བ་སོགས་ལ་བརྟེན་དགོས་པས།

འདི་ནི་ཁོ་བོས་ཁྱེད་ཅག་ལ་བཅོལ་བའི་རེ་བ་ཉག་ཅིག་ཡིན།

ཀྱེ་ཀྱེ། བློ་མཐུན། ཀྭ་ཡེ། སློབ་གྲོགས།

ད་ནི་དབྱར་གསུམ་གྱི་དུས་ཚིགས་འདས་ཏེ།

སྟོན་གསུམ་གྱི་དུས་སུ་སླེབས་འདུག་པས།

རང་རེའི་མི་རིགས་ཀྱིས།

ཁྱེད་ཅག་གི་ལ་རྒྱའི་མེ་ཏོག་ཙམ་དུ་མ་ཟད།

ཤེས་བྱའི་སྦྱངས་འབྲས་ལའང་།

ཉམས་ཞིབ་དང་ཚོད་དཔག་བྱེད་ངེས་པས།

དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་།

ངལ་བ་ཚད་མེད་ཀྱི་འབྲས་བུ་རྣམས།

དེ་རིང་གི་ཉིན་མོ་འདིར་ངོམས་དགོས་པ་དང་།

ནམ་རྒྱུན་གྱི་འབད་པ་རྣམས་ཀྱང་།

དོ་དགོང་གི་དགོང་ཚོགས་འདིར་ངོམས་ཆོག

ཁྱེད་ཚོ་ནི་དུས་རབས་ཀྱི་རྟ་ཕོ་ཡིན་པས།

ཤེས་བྱའི་ཐང་ཆེན་འདིར།

ནམ་ཡང་སྒྲོག་གིས་མ་བཅིངས་པར།

ཚན་རིག་གི་ལྕག་གིས་སྐུལ་བཞིན་པར།

དཔའ་ངར་ཆེན་པོས་མདུན་དུ་རྒྱུགས་དགོས་ལ།

རྒྱུགས་ངེས་ཀྱང་རེད།

ཁྱེད་ཚོ་ནི་མི་རིགས་ཀྱི་ཁྱུང་ཆེན་ཡིན་པས།

ཤེས་བྱའི་མཁའ་དབྱིངས་སུ། རང་གི་གཤོག་པ་གཉིས།

ནམ་ཡང་བསྐུམས་སུ་མ་བཅུག་པར།

ལག་རྩལ་གྱི་རླུང་གིས་སྐྱོད་བཞིན་པར།

ལག་རྩལ་གྱི་རླུང་གིས་སྐྱོད་བཞིན་པར།

མཐོན་མཐིང་གི་མཁའ་དབྱིངས་འདི་འཕྲེད་ཀྱིས་གཅོད་དགོས་ལ།

གཅོད་ངེས་ཀྱང་རེད།

ཨེ་མ། འདི་ནི་དུས་རབས་ཉི་ཤུ་བ་རྫོགས་ལ་ཉེ་བ་དང་།

གནམ་ལོ་གསར་པ་ཤར་བ་ལའང་།

ཟླ་ངོ་འགའ་ཞིག་མ་གཏོགས་མི་འདུག

གལ་སྲིད། ཁྱེད་རང་ཚོ་ཁྱུང་ཕྲུག་དང་འདྲ་ན།

ད་ནི་ཁྱུང་སྒོ་ངའི་ནང་ནས་གཤོག་རྩལ་རྒྱས་ཟིན་པ་དང་།

ཤེས་བྱའི་ནམ་འཕང་བསྟོད་པའི་དུས་ལ་བབས་ཟིན་པ་དང་།

གལ་སྲིད་ཁྱེད་རང་ཚོ་སེང་ཕྲུག་དང་འདྲ་ན།

ད་ནི་སེང་ཨ་མའི་མངལ་ནས་གཡུ་རལ་རྒྱས་ཟིན་པས།

ཡོན་ཏན་གྱི་གངས་རིའི་སྤོ་ནས་སྡེར་རྩལ་ངོམས་པར་འོས།

ངོ་མ། དམར་ཡག་སྟག ཁྱུར་དཀར་མཛོ། གངས་ཀྱི་སེང་གེ།

གཞན་ཡང་། ད་དུང་ནམ་མཁའི་ལྡིང་།

བོད་ཀྱི་བྱང་ཐང་ན།

སྲབ་མེད་དུ་རྒྱུགས་པའི་ཁ་དཀར་རྐྱང་།

ཁྱེད་ཚོ་ནི་དམར་ཡག་སྟག་གི་ཐིག་ལེ་དང་།

ཁྱུང་དཀར་མཛོ་ཡི་རྭ་ཁ།

གངས་སེང་དཀར་མའོ་སྡེར་རྩལ།

ནམ་མཁའི་ལྡིང་གི་གཤོག་རྩལ།

ཁ་དཀར་རྐྱང་གི་བང་རྩལ་ལ་སོགས་པ་འཛོམས་པས།

མི་རིགས་ཀྱི་ལ་རྒྱ།

བོད་རིགས་ཀྱི་མདུན་ལམ།

མ་འོངས་པའི་རེ་བ་ནི་ཁྱེད་རང་ཚོ་ཡིན་པ་དང་།

བོད་ཀྱི་དར་རྒུད་དང་།

ཁ་བ་ཅན་གྱི་འཕེལ་འགྲིབ་ནི་ཁྱེད་རང་ཚོ་ལ་རག་ལས་པ་ཡིན།

དེའི་ཕྱིར། ཁྱེད་རང་ཚོ་་ནི་མི་རིགས་ཀྱི་བདག་པོ་ཡིན་པ་དང་།

ལོ་རབས་ཀྱི་རེ་ལྟོས་འཆའ་ས་ཡང་ཡིན།

བོད་ཀྱི་མི་དམངས་ཁྲི་ཚོ་བཞི་བརྒྱ་ལྷག་གི་མི་མིག་ལ་བདེ་སྐྱིད་ཀྱི་འོད་སྣང་དང་།

ཡིད་ལ་མོས་གུས་ཀྱི་གདུང་སེམས།

ལུས་ལ་སྔར་མེད་ཀྱི་བདེ་བ།

གདོང་ལ་དགའ་བའི་འཛུམ་མདངས་དང་བཅས་ཏེ།

དུས་རབས་ཀྱི་ཕོ་ཉ། ལོ་རབས་ཀྱི་གཞོན་ནུ།

རང་རིགས་ཀྱི་ལ་རྒྱ།

བོད་རིགས་ཀྱི་བདག་པོས།

ཁྱེད་རང་དང་ཁྱེད་རང་ཚོ་ལ་དགའ་བསུ་བྱེད་བཞིན་པ་དང།

ཁྱེད་རང་དང་ཁྱེད་རང་ཚོ་ལ་བསྔགས་བརྗོད་བྱེད་བཞིན་འདུག

ལྟོས་དང་།

ནག་ཆུང་ཡི་གེའི་ཐིག་ཕྲེང་འདི་དག་ནི།

བོད་གངས་ཅན་གྱི་གཟབ་སྦྲེང་རུ་ཁག་ཡིན་པ་དང་།

ཚངས་དབྱངས་དྲུག་ཅུའི་གདངས་ཀྱི་འགྲོས་འདི་ནི།

བོད་གངས་ཅན་གྱི་གངས་དཀར་སེམས་ནས་བྱུང་བའི་བསྟོད་གླུ་རེད།

གུས་ལྡན་གྱི་སློབ་གྲོགས་རྣམ་པ་ལགས།

ལ་རྒྱ་ནི་རང་རའི་བླ་སྲོག་ཡིན་པ་དང་།

ང་རྒྱལ་ནི་རང་གི་གཟི་བརྗིད་རེད།

ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ།

གཞན་གྱི་རྐང་འོག་ཏུ་མ་འཇོག་་པ་དང་།

ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ།

གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན།

རང་རིགས་ཀྱི་གཟི་བརྗིད་དང་།

མེས་རྒྱལ་གྱི་ལ་རྒྱ་ཡང་རེད།

མེས་རྒྱལ་གྱི་ལ་རྒྱ་ཡང་རེད།

ཨ་ཁ། རང་རེའི་ནི་ཅི་འདྲའི་གླེན་རྟགས་ཚ་བ་དང་།

བོད་རིགས་ནི་ཅི་འདྲའི་གཞུང་རྒྱུད་དྲང་བ་ཞིག་རེད་ཨང་།

བསམ་བློ་གསར་པ་ཞིག་དང་།

ལྟ་བ་གསར་པ་ཞིག

འདོད་ཚུལ་གསར་པ་ཞིག

ལྷག་བསམ་གསར་པ་ཞིག་བྱུང་བའི་ཚེ་ན།

རང་རེས་སེམས་ཀྱི་སྣོད་མི་བཟེད་པ་དང་།

ཡིད་ཀྱི་སྒོའང་དམ་པོར་གཏན་པ་འདི་ནི།

ཤིན་ཏུ་མི་འོས་པའི་གནས་ཤིག་རེད།

དགའ་བའི་དགའ་སྟོན་གྱི་ཉིན་མོ་འདིར།

ངན་སྐྱུག་གི་ཁྲོན་པ་སློག་དོན་མེད་ན་ཡང་།

ལྷག་བསམ་གྱི་འདུན་མས་བསྐུལ་ཏེ།

གཞུང་དྲང་གི་ཚིག་འདི་སྨྲས་པ་ཡིན། ཡིན་ན་ཡང་།

ངག་ཉེས་པས་ནི་ནམ་ཡང་་གོས་པར་མི་འགྱུར་ཏེ།

རྒྱུ་མཚན་ནི།

བོད་ཁ་བ་ཅན་གྱི་སྙིང་གསོན་པོ་ཞིག་ཡིན་པའི་ཕྱིར་རོ།

ངོ་མ། ཁྱེད་ནི་ངང་རྒྱུད་འཇམ་ཞིང་གཞུང་རྒྱུད་དྲང་ལ།

རང་རིགས་ཀྱི་དཔུང་བ་སྦོམ་པའི་ལྕགས་ཀྱི་ཐུ་ལུམ་ལྟ་བུ་ཡིན་པས།

ཁྱེད་ཀྱི་མིང་ལ་ལྕགས་ཐར་འབུམ་ཞེས་ཟེར་བ་དང་།

ལྕགས་མགར་བའི་ཙི་ཏའི་སྟེང་ནས་ཐར་བརྒྱབ་ཅིང་།

ངར་བླུད་པ་ཡིན་ལ།

ལན་གྲངས་ཁྲི་མ་འབུམ་ལ་ཞུན་བརྡར་བྱས་པ་ཡིན་སྟབས།

དོན་ལའང་ལྕགས་ཐར་འབུམ་ཞེས་ཐོགས་པ་རེད།

རེད་ཡ། གོང་མ་ལྷ་དང་། འོག་མ་ཀླུ། བར་མ་གཉེན།

ཀླུ་འབུམ་ཕྲག་འཚོགས་པའི་དཀྱིལ་དབུས་ན།

ཀླུ་ཡི་རྒྱལ་པོ་དུང་སྐྱོང་དཀར་བོ་ཁྱེད་ནི།

རང་གི་འཁོར་ལ་བརྩེ་བ་ཡིན་པས།

ཁྱེད་ཀྱི་མིང་ལ་ཀླུ་འབུམ་བྱམས་ཞེས་ཟེར་བ་དང།

དོམ་དམ་དུ་ཀླུ་མོ་འབུམ་ཕྲག་གི་བྱམས་པ་ཡིན།

དེ་ཡང་ཡིན་ཏེ། ལྷ་ཚངས་པ་དང་། བརྒྱ་བྱིན།

ཁྱབ་འཇུག་རྣམ་གསུམ་རྩེ་བའི་གནས་དེ་ན།

རྣམ་པར་རྒྱལ་བའི་ཁང་བཟང་ཡོད་པར་སྐད་རེ།

བདག་གི་མིག་གིས་མཐོང་བ་ནི་མེད་མོད་ཀྱང་།

མེ་ཏོག་པད་མ་རྣམ་པར་རྒྱས་པའི་ལྡིང་ཁང་ན།

ཡིད་བཞིན་དབང་གི་རྒྱལ་པོ་ཁྱེད་ལྟ་བུ་བཞུགས་པས།

ཁྱེད་ཀྱི་མཚན་ལའང་པད་མ་དབང་རྒྱལ་ཞེས་ཟེར་བ་དང་།

དོན་ལའང་འབྱོར་བ་ཡིན།

དེའི་ཕྱིར། ཁྱེད་ཀྱི་ཡོན་ཏན་གི་འདབ་མ་སྔར་ལས་ཀྱང་རྒྱས་པ་དང་།

གེ་སར་གྱི་ཟེའུ་འབྲུ་ནི་སྔར་ལས་ཀྱང་དབང་གི་རྒྱལ་པོའི་ཏོག་ཏུ་འགྱུར་བར་གྱིས།

འདི་ནི་གངས་ཅན་གྱི་སྤང་ཐང་ན།

སྲབ་མེད་དུ་རྒྱུགས་པའི་རྟ་མཆོག་ཅིག་ཡིན་པ་འདྲ།

རིགས་ནི་རང་རེའི་གོམས་སྲོལ་དབང་དུ་གྱུར་བ་ཡིན་པས།

ཁོ་བ་ཅག་ལ་འདམ་པ་བྱེད་པའི་རང་དབང་ག་ལ་ཡོད།

ཡིན་ན་ཡང་། ཁྱེད་ནི་བོད་ལ་བརྩེ་དུངས་ཆེ་ཞིང་།

བོད་ཀྱི་རིག་གནས་ཀྱི་སྒོ་ལ་ཞུགས་པའི་ཉིན་མོ་དེ་ནས་བཟུང་།

ཁྱོད་ལའང་བོད་ཀྱི་བླ་སྲོག་གི་རྣམ་ཤེས་ལྡན་པར་མ་ཟད།

བོད་ཀྱི་ལ་རྒྱ་དང་།

བོད་ཀྱི་གཟི་བརྗིད་ཀྱི་དོན་དུ།

མཐའ་ཡས་པའི་འབྲོག་པའི་རྩ་ཐང་ན།

གཡང་མོ་ལུག་ལྟར།

འཚོ་བའི་ཅི་དགར་རོལ་བར་མཁྱེན།

དོན་ཁ་ཡ། དོན་ཁོ།

 

ཁྱེད་ཀྱི་མཚན་ངོ་མ་ནི་བདག་གི་མ་རྟོགས་ལ།

རྟོགས་ཀྱང་ཐུབ་ཀྱི་མ་རེད།

རྒྱུ་མཚན་ནི། ཁྱེད་ནི་ཕ་མའི་གཅེས་ཕྲུག་ཅིག་ཡིན་པ་འདྲ་སྟེ།

གལ་སྲིད་དེ་ལྟ་བུ་མ་ཡིན་ན།

ཁྱེད་ཀྱི་མཚན་ལ་དོན་ཁོ་ཟེར་དོན་མེད་ལ།

མིང་ལའང་འབྱོར་བ་མ་ཡིན་ནི།

འདིར། ཁོ་བོས་ཁྱེད་ལ་དོན་ཀུན་གྲུབ་པ་དང།

བྱ་བ་ཐམས་ཅད་ལེགས་ལམ་དུ་འགྲོ་བའི་སྨོན་ལམ་བདག་གིས་ཞུས་པ་ཡིན།

ཨ་ཧོ། འདི་ན་རྡོ་རྗེ་དང་འདྲ་བའི་བསམ་པ།

བྲག་རི་ལྟར་བརྟན་པའི་སྙིང་སྟོབས།

ཤེས་བྱའི་གཡུང་དྲུང་གི་རི་མོ་རྣམ་པར་རྒྱས་པ།

ཡོན་ཏན་བཀྲིས་ཀྱི་རྟགས་མཚན་བརྒྱད་དང་ལྡན་པ།

སྤྱི་ཚོགས་གསར་པའི་སྐྱེ་བོ།

གངས་ཅན་བོད་ཀྱི་རིགས་རྒྱུད། འདི་ནི་ཅི་ཞིག་ལགས།

འོ། སྐྱེ་བོ་དེ་ཡི་མཚན་ལ་རྡོ་རྗེ་བཀྲ་ཤིས་ཟེར།

མི་འདི་ནི་སུ་ཞིག་ཡིན་ནམ།

གཡུལ་ངོར་འཇུག་ལ་དཔའ་བའི་དཔལ་ལྡན་ཞིག་མིན་ནམ།

བོད་གངས་ཅན་གྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་ནང་དུ།

གླིང་ལ་དཔའ་རྟུལ་སུམ་ཅུ་ཡོད་པའི་ནང་ཚན།

དཔའ་དང་ལྡན་པ་ནི་རྒྱ་ཚ་ཞལ་དཀར་ཡིན་ཏེ།

ཁྱེད་ཀྱི་དེ་ལས་ཀྱང་ཐར་བ་ཡིན་པས།

ཁྱེད་ཀྱི་མཚན་ལ་དཔལ་ཆེན་ཐར་ཟེར་བ་ཡིན།

སྒྲོལ་མ་ཡ། སྒྲོལ་མ།

རིགས་དྲུག་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ནུས་ན།

ཁྱེད་ཀྱིས་ཐར་བའི་གྲུ་གཟིངས་བརྟེན་དགོས་པ་དང་།

དེ་ནི་ཁྱེད་ཀྱི་བདེ་སྐྱིད་དང་། རང་གི་ལ་རྒྱ་ཡང་ཡིན་པས།

རྨོངས་མུན་གྱིས་དབྱེ་ཡོལ་དེ། སྒྲོལ་མ་དཀར་སྔོན་གཉིས་ཀྱི་བློ་གྲོས་ཀྱི་སེར་མོས་ཅིག་ཅར་དུ་དབྲལ་ནས།

ཤེས་བྱ་ཡི་དག་པའི་ཞིང་དུ།

སངས་རྒྱས་ཀྱི་འཁོར་དུ་སྐྱེ་བའི་སྨོན་ལམ་་བདག་གིས་འདེབས།

བོད་རིགས་ཀྱི་གཟི་བརྗིད། དུས་རབས་ཀྱི་སྙིང་ཁྲག།

འདི་ནི་པད་མ་དང་འདྲ་ཡང་རྗེས་འཇུག་བསྡུས་ཟིན་ལ།

ཁྱེད་ནི་འདམ་ནང་དུ་ལྗན་ལྗིན་དྲི་མས་སྦགས་བའི་གོ་སྐབས་ནི་ནམ་ཡང་ཡོད་པ་མ་ཡིན་ལ།

གཅེས་མིང་གི་ཆ་ཤས།

ཁྱེད་ཀྱི་རང་གཤིས་མངོན་པར་མཚོན་ཡོད་དེ།

ལྷའི་དབང་པོ་བརྒྱ་བྱིན་གི་མཚོན་ཆ།

འབྱུང་བ་གང་གིས་མི་འཇིག་པའི་རྒྱ་གར་གྱི་རྡོ་རྗེ་གདན།

དེས་ན། ཁྱོད་ཀྱི་མིང་ལ་བ་རྡོ་ཞེས་བཏགས་པ་འདི་དོན་དང་ལྡན་པར་སེམས་སོ།

རྒྱ་ནག་རི་བོ་རྩེ་ལྔ་། འཇམ་དབྱངས་ཀྱི་སྤྲུལ་བ་ཞིག་ཡིན་ཏེ།

སྐུ་ཡི་མདོག་ནི་དམར་ཞིང་སེར་ལ།

ཀུན་ལ་ཐུགས་བརྩེ་བ་དང་ལྡན་པས།

ཁྱོད་ཀྱི་མཚན་ལ་འཇམ་བྷོ་ཞེས་ཟེར་བ་དང་།

ཕྱི་ནས་ཀྱང་།

འཇམ་དཔལ་དབྱངས་གི་འཁོར་དུ་སྐྱེ་བར་སྨོན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།