དབྱངས་ཀྱི་མཚོ་མོར་བྱིངས་ཚུལ།

——— རྡུང་ལེན་པ་བདུད་བྷེའི་འདས་རྐྱེན་ལ་སྦྱར་བ།

ལན་གྲུ། མདོ་སྨད་ཧེ་རུ་ཀ

res01_attpic_brief (1).jpg

རྒོད་པོ་ཞིག་རླུང་གི་སྤུ་གྲིས་བཏུམས་སོང་།

རྣམ་ཤེས་ཁོ་ན་འོད་དུ་འཚེར་ཐུབ་ཅེས།

མིས་པོའི་ངག་རྒྱུན་གྱི་སྙེ་ལོ་སེར་པོ།

དོ་ནུབ་ངའི་སྔས་འགྲམ་དུ་ཐོར་ཡོང་བ་དེ་ཤིན་ཏུ་འཁྱག


ཨ་མའི་གནའ་གཏམ་གྱི་ནང་ནས་ཪྙེད་ཐུབ་པའི།

རྐང་གླིང་ཁུར་བའི་གྲིབ་གཟུགས་དེ་ཁྱོད་ཡིན་ནམ།

འཇིག་རྟེན་གྱི་ཉི་ཟེར་མ་ལུས་ཐ་གུར་བརྒྱུས་ནས།

མཚན་སྨག་ལ་ཟམ་ཆུང་འཕེན་མཁན་དེའང་སུ་ཡིན།

སྐྱོ་ཡུས་ཀྱི་ན་བུན་དཀྲོལ་ཐུབ་པའི།

རྫི་གླུའི་རྗེས་ཀྱི་བྲག་ཅ་རབ་རིབ་རྒྱང་རིང་ལ་འཐེན།


མཐའ་ཡས་པའི་མཚན་མོ་འདི།

ཅི་ནས་ཀྱང་གཏིང་ཟབ་པའི་མཚོ་མོ་ཞིག་དང་འདྲ་སྟེ།

ཁྱོད་རང་བརྩེ་དུང་གིས་བཞུད་ཟིན་པའི།

མཚོ་མོའི་གཡོ་སྐྱོམ་གྱི་མྱ་ངན་བར་ལ་སྐྱོ་གདུང་འཁྱིལ།


ན་ཟུག་གི་རོལ་དབྱངས་འདི།

ངས་སྐར་མའི་མིག་ཆུ་ཨེ་ཡིན་སྙམ་ནས།

ལག་པས་ཇི་ལྟར་རེག་ཀྱང་།

འཛིན་ཐབས་མིད་པ་དེ་ལ་འཆི་བ་ཟེར་ཞེས།

ལས་དབང་གི་ཚེར་མ་གང་སར་འཛིང་ཡོང་སྟེ།

ང་ལ་འཇིག་རྟེན་སྟེང་ཆེས་ཡི་གར་འོང་བ་དེ།

སྙན་ངག་དང་རོལ་དབྱངས་ཡིན་པ་དྲན་དུ་བཅུག


མཚན་གཞུང་འདིའི་ཕྱི་རོལ་མུན་པ་ཡིན་མི་སྲིད།

སྔོ་ལམ་མིར་འཁྱིལ་བའི་མཛེས་སྡུག་གི་མཚོ་མོ་ཞིག་ཡིན་ངེས།

ཁྱོད་ཀྱི་འདས་སོང་དང་དྲན་པའི་སྣེ་མོར་དཀྲིས་པའི།

རོལ་དབྱངས་ཀྱི་ཐག་པ་ཁྲ་ཁྲ་ཞིག་ཡིན་ངེས།


སྨག་ནག་པའི་མཚན་མོ་འདིས།

དྭངས་ཤ་ལེར་འཁྱིལ་བའི་མཚོ་མོ་ཞིག་དྲན་དུ་བཅུག

འཇིག་རྟེན་སྟེང་ཆེས་ཡི་གར་འོང་བའི།

སྙན་ངག་དང་རོལ་དབྱངས་དྲན་དུ་བཅུག

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།