ཀྲུང་གོ་བོད་ཀྱི་དྲ་བ།

ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་ཁག་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ས་དཀྱིལ་ཚེ་བཀྲ།   སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1000.jpg

ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་ཤིང་། ད་ལྟའི་བར་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་གི་ཚགས་དེབ་དང་དྲ་བ་སོགས་སུ་བཀོད་དང་འགོད་མུས་སུ་མཆིས་ལ། སྙན་ངག་དང་ལྷུག་རྩོམ་རེ་འགའ་དབྱིན་ཇི་དང་རྒྱ་ཡིག་སོགས་སུ་བསྒྱུར་ཡོད། 2002ལོར་སྙན་དེབ་ཐོག་མ་《ཕུག་རོན་གྱི་རྣམ་ཤེས་》ཞེས་པ་པར་བསྐྲུན་བྱས་ཤིང་། 2016ལོའི་ཟླ་8པར་མི་རིགས་དཔེ་སྐྲུན་ཁང་ནས་ལྷུག་རྩོམ་དེབ་《ཕར་རྒྱབ་ཀྱི་ལོ་ཟླ་》པར་བསྐྲུན་བྱས།  

ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན།


 མ་ཡུམ་ལ་ཕུལ་བའི་སྙན་ཚིག

མ་ཡུམ་ལགས།  ལོ་ཟླས་ཁྱེད་ཀྱི་གྲིབ་གཟུགས་ལྡེབས་རིས་སུ་བྲིས་འདུག

འགྲན་ཟླ་མེད་པའི་བརྩོན་ཤུགས་དང་དྲི་མས་མ་གོས་པའི་ལྷག་བསམ། ད་དུང་། འདི་འདྲའི་བརྩེ་བ་འདི་འདྲའི་གཙང་བོར་འཐིམ་ཞིང་། འདི་འདྲའི་གཙང་བོའི་ནང་དུ་འདི་འདྲའི་མ་ཡུམ་གྱི་གཟུགས་བཪྙན་ཤར་ཡོད་ཅིང་། བར་སྣང་དུ་རྒྱུ་བའི་སྤྲིན་པ་དང་ས་གཞིའི་རྔམ་ཞིང་བརྗིད་པའི་རི་བོ་དང་ཆུ་མོ་བརྒལ་བའི་དཀའ་སྡུག་གི་ལམ་རིས་དག་དྲན་ཚེ། ཁྱེད་ཀྱི་ལས་དབང་ནི་གནམ་འོག་གི་བརྩེ་བ་མ་ལུས་རང་གི་སྲོག་ལ་བདས་ཤིང་ཉམས་སྣང་ཞིམ་པོ་སྟེར་བའི་མུ་འབྲེལ་རི་མོ་ཞིག་དང་ཇི་འདྲའི་མཚུངས།

ཁྱེད་ཀྱི་མི་ཚེ་ནི་གྱ་མ་གྱུ། ངུ་མ་དགོད། ཤི་མ་གསོན། འཕུར་མ་ལྡིང་། རྒྱུག་མ་འདུར་སོགས་ཀྱིས་གྲུབ་པའི་བཪྙན་རིས་གསོན་པོ་ཞིག་སྟེ། ང་ཡི་ངག་སྒོ་དང་མཐོང་ལམ་བརྒྱུད་དེ་སེམས་པའི་གཏིང་དུ་ཟུག་ཅིང་འཛུལ་ནས་ཡོད།

མ་ཡུམ་ལགས། ཁོ་བོའི་ཡབ་ཆེན་འདས་པ་ནི་ཁྱེད་ཀྱི་རྨི་ལམ་ཞིག་ཡིན་ནམ།

ཁྱེད་ཀྱི་ལང་ཚོ་དང་བརྩེ་བ་ཁྱེར་སོང་བའི་རྨི་ལམ་ཞིག་ཡིན་ནམ། ཚེ་གང་ལ་རྨིས་མི་ཚར་བའི་རྨི་ལམ་ཞིག་ཡིན་ནམ།

མ་ཡུམ་ལགས། བརྩེ་བའི་ཡབ་ཆེན་གྱི་མི་ལོ་བཞི་བཅུའི་འགྲུལ་བཞུད་ཀྱིས་ཁྱེད་ཀྱི་མི་ཚེ་ལ་ལམ་ཡིག་གསར་བ་ཞིག་བཞག་པས། ཁྱེད་ཀྱིས་དེ་ལ་བརྟེན་ནས་གཞིས་ཁྱིམ་འདི་དང་མི་ཚེ་འདིའི་དར་རྒུད། ལེགས་ཉེས།  དགེ་སྡིག མངོན་ལྐོག འཇུག་ལྡོག་སོགས་ཅི་བསམ་ལས་ཀྱི་བྱ་བ་དང་གང་འདོད་ཡིད་ཀྱི་དྲན་པ་དག་ཁ་རོག་གེར་རང་གི་སེམས་ལ་སྦས་ཤིང་བརྩོན་པའི་ལས་སུ་བསྐྲུན།

ནམ་རྒྱུན། ཁྱེད་ཀྱི་མིག་འོད་ལས་ཚོར་དཀའ་བའི་ཉམས་སྣང་ཞིག་མངོན་འདུག་ལ། ཁྱེད་ཀྱི་གྲིབ་གཟུགས་ལས་ཚོར་དཀའ་བའི་ཁེར་རྐྱང་ཞིག་མངོན་འདུག་ནའང་། ཆུ་འགྲམ་གྱི་རྡོ་བ་རེ་རེ་ཆུ་མོར་འཐིམ་པ་བཞིན་ཁྱེད་ཀྱི་ཚེ་སྲོག་གི་གོམ་འགྲོས་རེ་རེ་བཞིན་གཞིས་ཁྱིམ་འདི་རུ་ཟད་པས། ངེད་མིང་སྲིང་རྣམས་ཀྱི་ཚེ་སྲོག་གི་ལམ་བུ་བདེ་སྐྱིད་ཀྱིས་འཚོ་བར་གནང་། འོད་སྣང་གིས་ཁེངས་པར་བྱས།  

ཟིལ་ཤུགས་ལ་འགྲན་ཟླ་བྲལ་བའི་འོད་སྣང་ནི་འཇིག་རྟེན་འདིའི་བྱ་དངོས་ཡོད་དོ་ཅོག་གི་འབྱུང་ཁུངས་ཡིན་ལ་གསར་གཏོད་དང་བདེ་སྐྱིད་ཡང་ལགས་ན། ངེད་ཀྱི་ཁྱིམ་གཞིས་དང་མིང་སྲིང་ཚོའི་ཚེ་སྲོག ཚེ་སྲོག་ལ་མཁོ་བའི་མཁའ་དབུགས་དང་ཆུ། རྩི་ཤིང་དང་འོད་སྣང་སྦྱིན་མཁན་མ་ཡུམ་ཁྱེད་རང་ལགས་ཏེ། ཁྱེད་ལ་འཇིག་རྟེན་འདིའི་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་མཚུངས་མེད་ཀྱི་འོད་སྣང་མངའ།  

ལས་དབང་གི་ཁྱིམ་གཞིས་འདི་ནི་མངོན་ལྐོག་གི་གླེགས་བམ་ཞིག་སྟེ། ཁྱེད་ཁོ་ནས་དེའི་ཁ་ཕྱེ་སྟེ་འདས་འབྱུང་གི་ངོ་བོ་མཐོང་བར་བྱས་ཤིང་། གླེགས་བམ་འདིའི་ཁྲོད་ཀྱི་ཐ་སྙད་རེ་རེས་རང་ཁྱིམ་ལ་འོད་ཟེར་སྤྲོ་རུ་བཅུག དྲོད་སྣང་རྒྱས་སུ་བཅུག

འཇིག་རྟེན་འདིའི་གསང་བ་ལྐོག་གྱུར་གྱི་དོན་དག་མང་པོ་ཞིག་རྒྱུན་ལྡན་གྱི་གནས་ལུགས་ལྟར་འགྲེལ་ཐབས་མེད་དེ། ངེད་མིང་སྲིང་ཚོས་ཁྱེད་ཀྱི་ལང་ཚོ་དང་ཁྱེད་ཀྱི་བརྩེ་དུང་གི་གཏམ་རྒྱུད། སེམས་ཁོང་དུ་ཡུན་རིང་ཉར་བའི་དྲན་གདུང་རེ་རེའི་འདས་དོན་ལ་རྟོག་གཞིགས་སུ་ཡིས་གནང་སྲིད། རྒྱུན་པར་ཁྱེད་ཀྱི་སྐད་གདངས་ལས་ཁྱེད་རང་དྲན་གདུང་དང་སྐྱོ་ཡུས་ཀྱིས་ཁེངས་ཡོད་པ་རང་བཞིན་དུ་ཚོར་ཐུབ།

ཡིན་ནའང་ཁྱེད་ཀྱིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་ཡེ་ནས་མི་བྱེད་པར་མ་ཟད། ད་དུང་རང་གི་བློ་རིག་གྲུང་ཞིང་ལས་ལ་བརྩོན་པའི་ནུས་ཤུགས་ལ་ཁེངས་པ་ཅུང་ཙམ་བསྐྱེད་པར་བྱེད་ཅིང་། ཡབ་ཆེན་ནི་མ་གཞི་ནས་རང་ཉིད་ལ་མི་དབང་བའི་དངོས་པོ་བོར་བརླག་ཏུ་སོང་བའི་ཕངས་སེམས་སུ་རློམ་པར་བྱེད།

མ་ཡུམ་ལགས། ཁྱེད་ཀྱིས་མི་ཚེ་འདིར། བདེ་སྐྱིད་ཀྱི་ཐ་སྙད་དང་འབྱོར་ཕྱུག་གི་ཐ་སྙད། རྒྱུ་འབྲས་ཀྱི་ཐ་སྙད་སོགས་ཇི་འདྲའི་ཐ་སྙད་མང་པོ་ཞིག་འཚོལ་ཅིང་སྙེག་ཡོད་ལ། ཇི་འདྲའི་རྨི་ལམ་མང་པོ་ཞིག་རྨིས་མྱོང་ཨང་།

མ་ཡུམ་ལགས།  ཁྱེད་ནི་ཁོ་བོའི་སེམས་ཁོང་དུ་བསྐྱིལ་བའི་མིག་ཆུ་ཡིན། ཇི་སྲིད་བཞུར་ནས་མ་འཛད་པ་དེ་སྲིད་དུ་ཁོ་བོས་སྙན་ཚིག་བྲིས་ནས་ཁྱེད་ཀྱི་བྱམས་བརྩེ་དང་དྲིན་གཟོ་མཚོན་པར་བྱ་ངེས།

ཐུགས་རྗེ་ཆེ།  མ་ཡུམ་ལགས།

《གངས་རྒྱན་མེ་ཏོག་》སྟེང་བཀོད།

 ས་སྲོད་ཀྱི་ཞིང་གྲོང་།

ས་སྲོད་འདིར། ཞིང་གྲོང་གི་ས་སྲོད་འདིར། ནམ་མཁའ་སྔོན་པོའི་མཐའ་ཡི་ཉི་ནུབ་ཀྱི་མཚམས་སྤྲིན་དམར་པོ་སུ་ཞིག་གི་ངོ་གདོང་དང་མཚུངས་པར་དམར་ལམ་ལམ་བྱེད་ཅིང་། རི་སྒང་གི་དར་ལྕོག་ཧྲལ་ཧྲུལ་བསིལ་བསིལ་རླུང་བུས་འགུལ་ཙམ་འགུལ་ཙམ་གྱིས་གཡོ་བར་བྱེད།

ཞིང་གྲོང་ནི་ཆེས་མཛེས་སྡུག་དང་དྭངས་གཙང་གི་གནས་ཤིག་སྟེ། སྣུམ་ཚོན་རི་མོ་ཞིག་དང་འདྲ་བའི་ཞིང་གྲོང་འདི། དཔྱིད་མགོ་མའི་བསིལ་རླུང་གིས་སྐྱ་བོར་བསྒྱུར་འདུག་ཅིང་། ས་རྡུལ་སྐྱ་བོའི་ནང་ལྗང་མྱུག་གིས་རེ་བའི་མགོ་འཕང་བཏེགས་ཏེ་མགོ་བོ་འབུས་ཙམའབུས་ཙམགནང་ནའང་། ཞིང་གྲོང་གི་མི་རྣམས་དབུགས་གཏོང་ལེན་བྱེད་པར་ཡང་དོགས་སྣང་འཚེར་བཞིན་འདུག

ས་སྲོད་ཀྱི་དུས་འདིར། ནུབ་ཕྱོགས་ཀྱི་རི་རྒྱུད་རིམ་བཞིན་ནག་རོག་གེར་འགྱུར་གྱིན་འདུག་མོད། འོན་ཀྱང་རི་བོའི་ཕ་རོལ་ནས་ཉི་ཟེར་དང་མཚམས་སྤྲིན་མངོན་ཙམ་བྱེད་ཅིང་། གསལ་ལ་མི་གསལ་བའི་དམར་མདངས་ཤིག་གིས་རི་རྒྱུད་ཀྱི་མཐའ་ལ་སྣུམ་ཚོན་བྱུགས་པས། དལ་བ་དལ་བུར་སྨག་རུམ་འཐིབས་པའི་ནམ་མཁའ་དང་ས་གཞི་ཡུག་གཅིག་ཏུ་འདྲེས་པར་སྣང་། 

སྔོན་མ་མགྲོན་རྩིས་ཆེ་ཞིང་དཀའ་སྡུག་ལ་གདོང་གཏོད་ཕོད་པའི་ཞིང་གྲོང་གི་མི་རྣམས་སྔ་མོ་ནས་ཁྱིམ་དུ་འཛུལ་ནས་ནུབ་འཚལ་འཐུང་གིན་ཡོད་ངེས། ར་ལུག་གི་འབའ་སྒྲ་དང་སྒོ་ཁྱིའི་འབ་སྐད། ཡུལ་མི་རྣམས་ཀྱི་འབོད་སྒྲ། ད་དུང་ས་སྲོད་ཀྱི་ས་རྡུལ་དག་གང་དུ་ཡལ་ཟིན་ནམ། 

ད་ནི་ས་སྲོད་ཀྱི་ཞིང་གྲོང་ལྷིང་འཇགས་དང་ཁུ་སིམ་དུ་གྱུར་འདུག

ས་སྲོད་ནི་མི་ཞིག་ལག་སྟོང་དུ་འཆི་ལམ་སྙེག་པ་དང་ཡེ་ནས་མི་མཚུངས།

མུན་རུབ་རྗེས། ང་ཚོས་ད་དུང་རྨི་ལམ་རྨི་ཆོག་མོད། ས་སྲོད་ནི་རྨི་ལམ་གྱི་ཆེད་དུ་བཏང་བའི་ལུད་རྫས་ག་ལ་ཡིན། ས་སྲོད་ནི་བདེ་སྐྱིད་ཀྱི་རྨི་ལམ་ཡིན་ཡང་། མངོན་འགྱུར་ནི་ད་གཟོད་འབྲས་བུ་ཉིད་དོ། །

ང་གནས་སའི་རོང་མ་འབྲོག་གི་ས་ཆ་འདིར། ད་ལྟ་ས་སྲོད་ཀྱི་སྐབས་སུ་ར་ལུག་ནང་དུ་སྡུད་པའི་ཞིང་གྲོང་གི་ཡུལ་མི་རྣམས་ཀྱི་འུར་ཟིང་དང་ས་རྡུལ་མཐོང་གིན་མི་འདུག་ལ། ཆུང་དུས་ཁང་སྐྱ་ལེབ་དག་གི་དུད་ཁུང་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། ཀ་བ་ལྟར་གྱེན་དུ་ཀེར་ཏེ་དུད་སྣེ་བསིལ་རླུང་གིས་གཏོར་བ་དག་ཀྱང་། ད་ནི་མདངས་ཡལ་ཞིང་ཉམ་ཐག་དང་སྡུག་ཡུས་ཀྱི་དུ་བ་སྐྱ་ཐེར་ཐེར་དུ་གྱུར་ནས་ཡོད།

ཞིང་གྲོང་གི་ཡུལ་མི་དག་དེང་རབས་ཅན་དང་གྲོང་ཁྱེར་ཅན་དུ་ཕྱོགས་ཚར་བ་ཡིན་ནམ། ཡང་ན་གཞན་སུ་ཞིག་གིས་དཔྱིད་ཀྱི་དུས་འདིར། ཞིང་གྲོང་གི་ཡུལ་མི་དག་གི་སེམས་པ་ཙག་གིས་བསྡམས་ཤིང་ངག་སྒོ་འཇིགས་པས་བཅད་ཟིན། ས་སྲོད་ཀྱི་རླུང་བུ་དང་ནམ་ཟླ་རུས་པའི་གཏིང་ལ་ཟུག་མི་ནུས་ཀྱང་། ཁུ་སིམ་ཁོ་ནས་རང་དབང་མེད་པར་ཡུལ་མི་རྣམས་གཉའ་སྒུར་སྒུར་དང་ལུས་སྒོང་སྒོང་གིས་ནང་དུ་འཛུལ་ནས་སྐྲག་སྣང་དང་བཅས། ཕྱི་རོལ་གྱི་ལྷིང་འཇགས་ལ་ཉན་གྱིན་ཡོད་སྲིད། 

ཞིང་གྲོང་ནི་གྲོང་ཁྱེར་གྱི་རྣོ་ལྕགས་ཨར་འདམ་དང་བསྡུར་ན། ཡུལ་མི་མང་པོའི་ལྷད་མེད་བརྩེ་འདང་དང་འབྲེལ་ཡོད་དེ། ཞིང་གྲོང་གི་ནམ་མཁའ་སྔར་ལས་དཔངས་མཐོ་ཞིང་། ཞིང་གྲོང་གི་ས་གཞི་སྔར་ལས་ཁྱོན་ཡངས་པས། སུ་ཞིག་གིས་ཞིང་གྲོང་གི་ཡུལ་མི་རྣམས་གཅུན་སྡོམ་ཇི་ལྟར་བྱས་ཀྱང་། ཁོ་ཚོའི་སེམས་ཁོང་དུ་སྔར་ལས་རེ་སྒུག་དང་ཕུགས་འདུན་གྱིས་ཁེངས་ནས་ཁ་རོག་གེར་མིང་བརྡ་ཞིག་གླེང་གིན་ཡོད་ངེས། མིང་བརྡ་དེ་ཡུལ་མི་རྣམས་ཀྱི་སེམས་པའི་གཏིང་རིམ་ལ་མངོན་ཆུང་གིས་བསྐུངས་ཤིང་། ཚིག་མཛོད་ནང་དགོས་མེད་དོན་མེད་དུ་གཉིད་ལ་ཤོར་ཡོད། 

ལུས་པོ་ས་སྲོད་ཁྲོད་འགྲེང་སྟེ། ལོ་ཟླས་གླེང་གིན་པའི་གསང་བའི་གཏམ་རྒྱུད་ལ་ཉན་ཚེ། དེས་དུས་ཚོད་ནང་བཞིན་ཐག་ཐག་གི་ཅོང་སྒྲ་བར་མེད་སྒྲོག་གིན་འདུག

ས་སྲོད་འདིར། དལ་ཅག་གེར་རིམ་བཞིན་སྨག་ཇེ་ནག་ཏུ་འགྲོ་བཞིན་པའི་ནུབ་ཕྱོགས་སུ་རྒྱང་ལྟ་བྱས་ཏེ། ཞིང་གྲོང་གི་ས་ལམ་དེད་ནས་མདུན་ཕྱོགས་སུ་འགྲོ་བའི་ཁེར་རྐྱང་བ་དེ་སུ་ཞིག་ཡིན་ཨང་། 

《སྦྲང་ཆར་》སྟེང་བཀོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།