སྙན་ངག་གི་བླ་སྲོག་བཤད་པ།

1.jpg

བོད་ཀྱི་སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་།(  ༡༩༣༣  —— ༢༠༠༤  )
 
       སྙན་ངག་པའི་མིང་ལ་མཐོང་ཆེན་དེ་འདྲ་མ་བྱེད།
                  གལ་ཏེ་ཁྱེད་ཀྱི་སྙན་ངག་དེ་འབྲུག་སྒྲ་བཞིན་མཁའ་དབྱིབས་རི་ཀླུང་ཀུན་ཏུ་ཁྱབ་ནུས་ན།རི་བྲག་འབུམ་གྱིས་ཨ་ལན་སྟེར་ངེས་པས། དེ་ནི་ཁྱེད་ཀྱི་སྙན་ངག་གི་ཤུགས་རྐྱེན་རེད།
                  གལ་སྲིད་ཁྱེད་ཀྱི་སྙན་ངག་ལ་འགུལ་སླེ་ནང་གི་བྱིས་པས་འཛུམ་དམུལ་བ། སྐས་སྒམ་སྟེང་གི་གོམ་སྒྲ་གྲག་པ། ལྷབ་ལྷུབ་གོས་ལྷམ་བསྐྱོད་པ། རྟ་ཕོའི་རྨིག་བཞིར་མེ་སྟག་ཡལ་བ། རྒན་པོའི་ངོ་ལ་འཛུམ་མདངས་ཕྱུང་བ་ཡིན་ན། དེ་ལས་ལྷག་པའི་མི་སེམས་སྤྲོ་བའི་བཀུར་བཟོ་ཞིག་གང་ན་ཡོད།
         སེམས་གཏིང་གི་སྙན་ངག་ལ་མཐོང་ཆེན་གྱིས་དང་། སྙན་ངག་པའི་དམིགས་ས་རེ་ས་ཡིན།
 
———  〈〈 སྙན་ངག་གི་བླ་སྲོག་བཤད་པ 〉〉  ལས་བཏུས།

2.jpg

    

 
སྙན་ངག་གི་བླ་སྲོག་བཤད་པ།
                                                   
 ཡི་དམ་ཚེ་རིང་གིས་བརྩམས།ཁ་སྒང་བཀྲ་ཤིས་ཚེ་རིང་གིས་བསྒྱུར།
     ༡

མི་རིགས་ཀྱི་ལ་རྒྱ་དང་མི་དམངས་ཀྱི་བརྩེ་དུང་སྙན་པའི་དབྱངས་སུ་གྱེར་བའི་ལས་ནི་སྙན་ངག་པའི་སྙིང་རྩའི་ནུས་པ་ཡིན་ལ། སྐུལ་སློང་བྱེད་ཡུལ་དུས་རབས་ཧྲིལ་པོའི་བསམ་བློའང་ཡིན།
      ༢
སྙན་ངག་ནི་མིའི་རིགས་ཀྱི་སེམས་གཏིང་ནས་ཐོན་པའི་གདངས་དབྱངས་ཤིག་ཡིན་ཏེ། མ་ཡི་བུ་ལ་ནུ་ཞོ་བསྣུན་པའི་དུས། སྤྲོ་སེམས་དབང་མེད་འཁོལ་བའི་སྙན་གླུ་ལེན། བྱིས་པ་བདེ་མོ་གཉིད་དུ་ཡུར་བའི་ཚེ། རེ་ལྟོས་སྣ་གླུ་སྙན་མོས་ཡིད་སེམས་གསོ། ཡར་ལ་བདུད་རྩི་ཉིང་ཁུ་འདྲེན་པའི་དུས། ཚེ་རིང་བདེ་སྐྱིད་ཡོང་བའི་སྨོན་གླུ་ལེན། གཉེན་གྲོགས་རྒྱང་རིང་བགྲོད་པའི་སྐྱེལ་མ་ལ། དཔའ་སྙིང་འཛུམ་དྲུག་རྒྱས་པའི་ངར་གླུ་ལེན། སོ་ནམ་ཞིང་ལས་གཉེར་བར་སྐུལ་བ་ལ། དུང་བརྡ་དྭངས་མོས་ཡིད་སེམས་སྐུལ་བར་བྱེད། དགའ་སྟོན་སྦྲེལ་བའི་རྩེ་དགའི་བཞད་སྒྲ་ཡང་། བདེ་སྐྱིད་འཚོ་བ་མཚོན་པའི་སྙན་ངག་ཡིན། ཁྲོས་འཁྲུག་རྔམ་པའི་གད་རྒྱངས་སྒྲོག་པའི་ཚེ། ཁམས་གསུམ་ཟིལ་གྱིས་གནོན་པའི་སྙན་ངག་འབྱུང་། དགའ་བདེ་སྙིང་ནས་འགོག་མེད་འཕྱོ་བའི་དུས། འཇམ་མཉེན་ཡན་ལག་ངང་གིས་གར་ལ་རོལ། སྐྱོ་ཤས་བསམ་པ་དབང་མེད་སྐྱེ་བའི་དུས། གདུང་སེམས་མིག་ཆུ་ངུ་འབོད་ངག་ལས་འབྱུང་། སྤྲོ་སེམས་མཚོ་མོ་རབ་ཏུ་འཁོལ་བའི་དུས། དགའ་བའི་རྣམ་འགྱུར་ལུས་ཀྱི་དགྱེ་སྒུར་འབྱུང་།
སྙན་ངག་ནི། མིའི་རིགས་ཀྱི་སེམས་གཏིང་ནས་ཐོན་པའི་གདངས་དབྱངས་ཤིག་མ་ཡིན་ནམ།
     ༣
         སྐྱིད་སྡུག་འཚོ་བའི་འབྱུང་ཁུངས་མེད་ན། གསོན་ཉམས་ལྡན་པའི་སྙན་ངག་གི་སྣང་བརྙན་
བཞེངས་མི་ཐུབ། དགའ་སྐྱོ་ཟུང་གི་ཡིད་འགྱུར་མེད་ན། རྔམ་བརྗིད་ཀྱི་ཉམས་དང་ལྡན་པའི་སྙན་ངག་ཀྱང་ཡོད་མི་སྲིད།
ཀྱེ་ཀྱེ། འཚོ་བ་དང་དུང་སེམས་གཉིས་ནི་སྙན་ངག་གི་གཤོག་ཟུང་ཡིན་ལ། དེ་ལས་གཅིག་མེད་པར་གྱུར་ན།  སྙན་རྩོམ་གྱི་བྱ་རྒྱལ་ནམ་མཁར་འཕུར་མི་ནུས།
      ༤
           གལ་ཏེ་འཚོ་བ་ནི་རྦ་རླབས་གཡོ་བའི་རྒྱ་མཚོ་ཞིག་ཡིན་པའི་དབང་དུ་བཏང་ན། སྙན་ངག་ནི་བརྩེ་དུང་གི་རིན་ཆེན་སྤུངས་པའི་གྲུ་གཟིངས་ཉིད་དུ་ངེས་ཤིང་། མི་རིགས་ཀྱི་སྲོལ་རྒྱུན་ནི་གྲུ་གཟིངས་དེ་འདྲེན་བྱེད་ཀྱི་རླུང་གཡོར་ཡིན་ལ། སྙན་ངག་པའི་འདུན་པ་ནི་ཁ་ལོ་སྒྱུར་བྱེད་ཀྱི་སྐྱ་བ་དང་མཚུངས། ནམ་ཞིག་གི་དུས་སུ། བསམ་ཚུལ་གློ་བུར་བ་ཞིག་གིས་གཡོར་འདེགས་ཀྱི་ཐག་པ་བཅད་ཅིང་། གྲུ་འདེད་ཀྱི་སྐྱ་བ་བཅག་སྟེ། བསྐྱོད་སའི་དམིགས་ཡུལ་མེད་པར་རླབས་གཉེར་དང་བསྟུན་ནས་ཕྱོགས་བཞིར་གཡེང་བའི་འདོད་མོས་ལས་ཡོད་མི་སྲིད་ཅེས་གླེང་བརྗོད་འབྱུང་ཡང་སྲིད།
               སྒུལ་ཤུགས་མེད་པའི་འདེགས་རྟེན་དང་། དམིགས་བྱའི་འདེགས་རྟེན་ཁོ་ན་ཞིག་ལས་མེད་ན། ཅིའི་ཕྱིར་རྒྱ་མཚོར་ཞུགས་པ་དང་། ཅི་ཡི་དོན་དུ་རླབས་ཕྲེང་ལ་བསྟུན་པ་ཡིན།
       ༥
        སྙན་ངག་བྱ་བ་འདི་སྙན་ངག་མཁན་པོའི་སེམས་གཏིང་ནས་པའི་སྙིང་བཅུད་ཡིན་པ་ལས། རང་དགར་བྱུང་བའི་མཆིལ་ཟེགས་ཡིན་མི་སྲིད།
      ༦
            སྙན་ངག་ནི་ནོར་འཛིན་དགའ་མའི་བཅུད་ངར་ལས་བྱུང་བའི་དྲི་ལྡན་མེ་ཏོག་ཅིག་དང་། གངས་དཀར་ཆབ་རོམ་ལས་ཐོན་པའི་བདུད་རྩི་བསིལ་མ་ཞིག  སའི་གོ་ལའི་ཁོངས་ནས་ཐོན་པའི་མེ་ཕུང་ཞིག་དང་།  འོད་འབར་ཉི་གཞོན་སྒེག་མོའི་ཟེར་མ་ཞིག་བཅས་ཡིན་པར་མ་ཟད།  བརྩེ་དུང་གི་སྲས་མཆོག་དང་། བརྩེ་དུང་ལ་ཕུལ་བའི་ནུ་ཞོའང་ཡིན།  
        ༧
            ཁྱེད་ཀྱི་སེམས་ཁོང་དུ་རྒྱ་མཚོ་སྔོན་མོ་ཞིག་ཡོད་ན། རླབས་ཕྲེང་མཁའ་རུ་འཕྱོ་བའི་ཟེགས་མ་ནི་ཁྱེད་ཀྱི་སྙན་ངག་ཡིན་པས། རྒྱ་མཚོ་སྔོན་མོར་དུང་སེམས་ངང་གིས་སྐྱེ་ཡོང་།
           ཁྱེད་ཀྱི་སེམས་ཁོང་དུ་རི་ཆེན་པོ་ལྡན་ཚེ། དཔལ་སྟུག་ནགས་ཚལ་དུ་གར་ལ་རོལ་བའི་རི་སྐྱེས་སྣ་ཚོགས་ཁྱེད་ཀྱི་སྙན་ངག་ཡིན་པས། རི་རབ་ལྷུན་པོར་བརྩེ་ཞིང་དུང་བར་འགྱུར་ངེས།
          ཁྱེད་ཀྱི་སེམས་ཁོང་ཡངས་པའི་ཀློང་དུ་ལྷ་ལམ་སྒེག་མོ་ཨེ་འདུག  ལྷ་ལམ་སྒེག་མོར་དུང་བའི་བརྩེ་སེམས་ཅི་ལ་མི་སྟོན། གནམ་སའི་བར་ན་འོད་ཕྲེང་སྤྲོ་བའི་སྐར་ཚོགས་ཁྲ་མོ་ཁྱེད་ཀྱི་སྙན་ངག་མ་ཡིན་ནམ།
          སྙན་ངག་ནི་ལས་སྐལ་ཚོར་སྣང་བྱུང་བའི་བདེན་རྟགས་གསར་བ་ཞིག་དང་།བདེན་རྟགས་གསར་བ་དེ་ཉིད་རྟོགས་པའི་དམ་ཚིག་ཀྱང་ཡིན།
      ༨
           ལོ་འདབ་སྟུག་པོ་དེ་ནི་ཡབ་འདབ་རྒྱས་པ་ལ་ལྟོས་ཤིང་། ཡལ་འདབ་ཕྱོགས་བཞིར་རྒྱས་པ་ནི་གཞུང་ཤིང་རྒྱས་པ་ལ་རག་ལས་ཡོད། གཞུང་ཤིང་རྒྱས་པ་ནི་སྡོང་རྟིང་ཟབ་ཚད་ལ་ཐུག་པ་དང་།  དེ་ནི་ས་གཤིན་པོ་ལས་བསྐྱེད་ཅིང་། ས་གཤིན་པོ་ནི་སྡོང་པོའི་ཡལ་འདབ་རུལ་བའི་མཆོད་སྦྱིན་ལ་རག་ལས་ཡོད།
       ༩
           ཀྱེ་མ་ཁེངས་པ་མཐོ་བའི་སྙན་ངག་མཁན།  ཁྱེད་ཉིད་སྡོང་མགོའི་ཡལ་འདབ་ཡིན་ལ། དྲི་ལྡན་མེ་ཏོག་གསར་བ་དང་འབྲས་བུའི་དཔལ་ཡོན་མངོན་པར་རྒྱས་ཕྱིར་རང་ཉིད་ཀྱིས་ཕན་པ་ཅི་ཞིག་བསྒྲུབ་ཡོད།
       ༡༠
         ངས་འདི་ལྟར་བསམས་ཏེ།  སྔོན་དུས་སུ་སྐྱེ་འཕེལ་གྱི་དཔལ་ཡོན་འབར་བའི་ལྗོན་པ་ཡིན་ཡང་། སྐམ་པར་གྱུར་ཚེ་ཞིམ་མངར་གྱི་འབྲས་བུ་སྨིན་མི་སྲིད།གནའ་མིའི་གཏམ་དཔེར། ཤིང་སྐམ་ལོ་བརྒྱར་ཆུར་སྦངས་ཀྱང་། ལོ་འདབ་སྐྱེ་བ་སྲིད་ན་མེད།
         རང་རིགས་རིག་གནས་ཀྱི་ས་གཞི་དང་བྲལ་བའི་སྙན་ངག་པི་པི་ཞིག་གིས་རང་རིགས་ཀྱི་སྙན་ངག་ལེགས་པོ་ཞིག་འབྱུང་ཐུབ་མི་ཐུབ་ལ་སོམས་ཤིག   མངར་འབྲས་ཀྱིས་སྟོངས་པའི་ལྗོན་པའི་སྟེང་དུ་རིན་ཆེན་མུ་ཏིག་གིས་བརྒྱན་ཀྱང་། བལྟས་ན་མཛེས་པ་ལས། སྙོར་མཁན་གྱི་དྲི་མི་བྲོའོ།།
      ༡༡
            ཁྱེད་ཉིད་གཞུང་ཤིང་ལས་ལྷག་པའི་རྩ་བ་ཅན་གྱི་སིལ་སྡོང་ཞིག་ཡིན་རུང་། ཆུ་ལུད་དྲོད་གསུམ་ལ་འབྲལ་མི་ནུས། དེ་གསུམ་དང་བྲལ་ན། མཐའ་འབྲས་ཇི་འདྲ་ཡིན་པ་ཁྱོད་ཀྱིས་ཤེས་སམ། ཡིན་ན་ཡང་།  སྦྲང་ཆར་བསིལ་མའི་རྒྱུན་དང་།  སྐྱེད་འཕེལ་གྱི་ལུད་རྫས། ཉི་མའི་བདེ་དྲོད་བཅས་ཚང་མ་ས་ཡི་ནང་ན་གནས་པའི་སྡོང་རྩའི་བྱེད་ལས་ལ་བརྟེན་དགོས། ཁྱེད་ཀྱིས་སོམས་དང་། ཕོ་བ་མེད་པའི་ཁོག་པར་ཕྱི་རྒྱལ་ནས་ཐོན་པའི་བཟའ་བཏུང་མི་འདྲ་བས་བཀང་རུང་། འཇུ་མི་ནུས་པར་ནམ་ཞིག་རུལ་འགྲོ་བ་ལས་ལུས་ཁམས་རྒྱས་པ་ཕར་ཞོག    སྣོད་ཆས་བཟང་པོ་ཞིག་ཀྱང་མིན་པས་ཇི་འདྲའི་ཡ་ང་བ་ཞིག་རེད་ཨང་།
          སྡེབ་སྤེལ་གྱི་ཤིང་ཏོག་ཇི་འདྲ་བཟང་ཡང་རང་གི་སྟོབས་ཤེད་རྒྱས་པའི་རྩ་བ་ཉིད་ལ་བརྟེན་དགོས།  ཁྱེད་ཀྱིས་ལྟོས་དང་། སྙན་ངག་གཞན་ལས་གཡར་བའི་གནས་ལུགས་ཀྱང་དེ་འདྲ་ཞིག་མ་ཡིན་ནམ།
     ༡༢
        ཆོས་ཉིད་ཟབ་མོ་སྟོན་ལ། དོན་གྱིས་ཕྱུག་པའི་སྙན་ངག་ཚིག་གཅིག་ཡིན་ཡང་ལྕི་ཆེ། དབུགས་ལྒང་དེ་ཇི་འདྲ་ཆེ་ཡང་།  རང་ཉིད་བརྟན་པོར་གནས་ཐུབ་པའི་ལྗིད་ཡོད་མི་སྲིད།
      ༡༣
        སྙན་ངག་གྲུ་གཟིངས་ཤིག་ཡིན་ན། བསམ་བློ་ཟབ་མོས་བཅིངས་པ་རླུང་གཡོར་དང་མཚུངས། རླུང་གཡོར་མེད་པའི་གྲུ་གཟིངས་རང་ཉིད་ཀྱང་ཕར་འགྲམ་དུ་བསྐྱོད་མི་ཐུབ། 
     ༡༤
        སྙན་ངག་ནི་ཚོན་རིས་བདུན་ལྡན་གྱི་འཇའ་ཚོན་ཡིན་པས། ཚོན་སྣ་གཅིག་མཛེས་པ་ཙམ་གྱིས་དབང་གཞུའི་བླ་རས་འཐག་མི་ཐུབ། 
       ༡༥
        སྙན་ངག་ནི་མི་ཚེ་གཏོང་བའི་ལམ་ཆང་ལྟ་བུ་ཡིན།  སྐབས་འགར་སྤྲོ་སེམས་ཀྱི་མེ་དཔུང་སྦར་བར་གྱུར་ཏེ། ཁྱེད་ཀྱི་ཁྲག་རྒྱུན་དྲོན་མོ་རབ་ཏུ་འཁོལ་ཞིང་།  བློ་སྟོབས་མཁའ་རུ་སྙེག་པར་བྱེད་ལ། རྒྱང་རིང་དུ་བསྐྱོད་པའི་སྐུལ་མ་བྱེད་ཐུབ་པ་དང་། སྤྲོ་སེམས་ཀྱི་རྒྱལ་གླུ་སྙན་མོ་ཕྱོགས་བཞིར་ཁྱབ་ཏུ་འཇུག་ཐུབ། སྐབས་འགར་དྭངས་གཙང་ཆུ་མིག་ལྟར་ཁྱེད་ཀྱི་སྐོམ་པའི་གདུང་བ་སེལ་ཞིང་། ངལ་དུབ་སངས་པར་བྱས་ནས་ཡིད་སེམས་དགའ་བར་བྱེད་ལ། འཇིག་རྟེན་གྱི་གནས་ཚུལ་དྲན་གསོ་ཞིག་གཏོང་ཐུབ།  དེའི་ཕྱིར་སྙན་ངག་ནི་མི་ཚེ་གཅིག་གི་འཚོ་བའི་ཉིང་བཅུད་རེད།
      ༡༦
           སྙན་ངག་ནི་སྙན་ངག་མཁན་གྱི་སེམས་གཏིང་གི་མངར་སྐྱུར་ཁ་བསྐ་སོགས་རོ་དྲུག་གདུས་པའི་ཁུ་བ་ཡིན་ལ། གཞན་གྱི་སྐྱུག་བལྡད་ཟ་བ་མིན།
       ༡༧
           འཚོ་བ་ནི་སྙན་ངག་གི་འབྱུང་ཁུངས། སྙན་ངག་གི་གངས་ཆུ། སྙན་ངག་གི་ཆུ་འཁོར། སྙན་ངག་གི་གཙང་བོ། སྙན་ངག་གི་རྒྱ་མཚོ་ཆེན་པོ་རེད།  སེམས་ལྡན་སུ་ཡིན་རུང་།  ལྷུང་ལྷུང་འབབ་པའི་ཆུ་སྒྲ། འུར་འུར་གྲགས་པའི་གདངས་དབྱངས།ཟེགས་མ་མཁའ་ལ་འཐོར་བའི་རླབས་ཕྲེང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཚེ། སེམས་ལ་ཚོར་འདུ་མི་སྐྱེ་བ་མི་སྲིད། དེ་ནི་སྙན་ངག་པའི་སེམས་གཡོ་བའི་མ་ཡུམ་གྱི་ཁ་ཆེམས་དང་།མི་རིགས་ཀྱི་རེ་བཅོལ། མི་དམངས་ཀྱི་འདོད་མོས་དང་མཚུངས་པར་ཁྱེད་ཀྱི་སྙན་ངག་གི་ཉམས་འགྱུར་གྱི་གདངས། མཛེས་སྡུག་གི་ཉམས། སྤོབས་པའི་སྒུལ་ཤུགས་བཅས་ཐོན་པར་བྱེད་ཐུབ།  སྙན་ངག་མཁན་པོ་ལགས། རང་ལ་ཨ་ལན་སྟེར་བའི་བུ་ཕྲུག་ལྟ་བུའི་སྙིང་གསོན་པོ་ཞིག་ཡོད་པ་གལ་ཆེ།
      ༡༨
             རླབས་ཕྲེང་གི་དགོད་སྒྲ་ལྡན་པའི་གཙང་པོ་ནི་རྒྱུན་མི་ཆད་ཅིང་འཕྲོས་པའི་ཉི་འོད་ནི་གསལ་ཞིང་འཚེར་བ་ཡིན། དེས་ན། གསལ་འཆེར་གྱི་ཉི་འོད་དང་ལྷུང་ལྷུང་འབབ་པའི་གཙང་པོ་དེ་ནི་དྭངས་ཤིང་གསལ་བའི་སྙན་ངག་ཡིན།
            སྙན་ངག་ལ་དོན་མེད་ཀྱི་འཁུན་སྒྲ་མི་དགོས། ནད་མེད་འཁུན་སྒྲ་འབྱིན་པ་སྙན་ངག་ག་ལ་ཡིན།
      ༡༩
            དགའ་ཕོད་པ་ནི་དུངས་སེམས་ཡིན་ལ།   ཁྲོ་ནུས་པའང་དུངས་སེམས་རེད།  གལ་ཏེ་ཁྱོད་ལ་པད་དཀར་གཞོན་ནུ་བཞིན་དྭངས་གཙང་གི་ངོ་བོར་གྲུབ་པའི་སེམས་ཡོད་ན།  ངུ་འབོད་དང་སྡིག་དམོད་བྱེད་པ་དེའང་དུངས་སེམས་རེད། 
           བསྟོད་ཚིག་ནི་སྙན་ངག་ཡིན་ཞིང་།  རང་སྣང་བརྗོད་པ་ཡང་སྙན་ངག་ཡིན། གལ་ཏེ་ཁྱོད་དྲག་ཏུ་འཕྱུར་བའི་སྤྲོ་སེམས་ཤིག་ཡོད་ན། འཇིག་རྟེན་ཆོས་ཉིད་ཀྱི་བསམ་བློ་སྟོན་པ་དེའང་སྙན་ངག་རེད། 
          ཁྱོད་རང་རྒྱ་མཚོར་བཏབ་པའི་ཆུ་ཐིགས་ཕྲ་མོ་ཞིག་ཡིན་ལ།  ཆུ་རྒྱུན་འདུས་པའི་རྒྱ་མཚོ་སྔོན་མོ་ཁྱེད་ཀྱི་དུངས་སེམས་རེད། ས་གཞི་འཛིན་མའི་སྟེང་དུ། ཁྱེད་ཉིད་ས་གཞིར་ཕུལ་བའི་རྡུལ་ཕྲན་ཞིག་ཡིན་ལ། མཁའ་དབྱིངས་བརྟོལ་བའི་རི་རབ་ནི་ཁྱོད་ཀྱི་སྙན་ངག་ཡིན།
          གལ་ཏེ་ཁྱོད་རང་གངས་རིའི་རྩེ་མོའི་ཁ་བའི་འདབ་མ་ཡིན་ན། རབ་དཀར་གངས་རི་ནི་ཟད་མཐའ་མེད་པའི་སྙན་ངག་གི་བང་མཛོད་ཡིན། གལ་ཏེ་ཁྱོད་རང་ཁྱོད་ཀྱི་མི་རིགས་ཀྱི་ཁྲ་ཆུང་མིག་མཐར་འཁོར་བའི་མཆི་མ་རྡོག་པོ་ཞིག་ཡིན་ན། མི་དམངས་ནི་ཁྱོད་ཀྱི་ནམ་ཡང་ཉམས་པ་མེད་པའི་སྙན་ངག་གི་སྲོག་དབང་ཡིན། དེ་ལྟ་བུ་ནི་མི་དམངས་ཀྱིས་མཐོང་རྩིས་བྱེད་པའི་སྙན་ངག་པ་ཡིན་ལ། དེ་ལྟ་བུ་ནི་སྙན་ངག་པ་རྣམས་ཀྱི་སེམས་ཁོང་དུ་གནས་པའི་སྒྲ་དབྱངས་ལྷ་མོ་ཡིན། མི་དམངས་ཁྲི་ལོར་བརྟན་པ་བྱུང་ན།  སྙན་ངག་ཁྲི་ལོར་བརྟན་པར་ངེས་པས། སྙན་ངག་ཉམས་དམས་སུ་ག་ལ་འགྲོ།
       ༢༠
           སྙན་ངག་ནི་ཁྱོད་ཀྱི་རྐང་ལྷམ་ཡིན་ནམ། ལྷམ་དེ་མི་ཚེ་གཅིག་གི་རྐང་རྟེན་ཡིན་ནམ། མི་ལ་ལ་སྦྲང་ཆར་བསིལ་མའི་ཐིགས་པ་བཞིན་དུ་རྒྱ་མཚོ་སྔོན་མོར་བསྲེས་ཤིང་། མཁའ་ལ་ལང་ལོང་དུ་འཕྱོ་བའི་ཆར་སྨུག་ནི་ཁོའི་སྙན་ངག་ཡིན་པར་སེམས། ལ་ལ་ཞིག་ནི་རྒྱ་མཚོ་སྔོན་མོ་ལས་ཕྱིར་ཐོར་བའི་ཆུ་ཐིགས་ཤིག་ཏུ་གྱུར་ཞིང་།གཙུབས་པའི་ས་ཐོག་གི་ཐིག་ལེ་དེ་ཁྱོད་ཀྱི་སྙན་ངག་ཡིན་ནམ།
       ༢༡
            མིག་འབྲས་དཀར་པོར་སྣུམ་ཚོན་ངོར་སྐག་ཅུང་ཟད་བསྐུས་པ་དེ་ཡང་གསར་གཏོད་ཅིག་ཡིན་ན། ཚོན་རིས་ལྔ་ལྡན་གྱི་ཤེལ་སྒོང་ཞིག་ཚབ་ཏུ་བཞག་ནས་ཚོན་རིས་བཀྲ་བའི་དབུགས་ལྒང་བཞིན་གནམ་ལ་འཕུར་བའི་འཆར་སྣང་ཞིག་ཏུ་བསམས་ན་ཅིས་མི་ཆོག  ཨེ་མ་མིག་འབྱེད་འཛུམ་གཅིག་གི་ཡུན་ལ་ཚོན་རྩི་ཡང་མ་བསྐམ་པའི་སྙན་ངག་གི་འཇིག་རྟེན་ཞིག་བསྐྲུན་བྱུང་།  ཇི་འདྲའི་རྔམ་བརྗིད་ཅན་ཞིག་རེད་ཨང་།
      དེ་ལ་བལྟས་ན། ཆུའུ་ཡོན་གྱི《 གནམ་ལ་བཏོན་པའི་དྲི་བ 〉〉དེ་ནི་ཟབ་རྒྱ་མེད་པ་ཞིག་དང་། ས་པཎ་གྱི〈〈 ལེགས་བཤད 〉〉དེ་ནི་མིག་རྒྱང་ཐུང་བ་ཞིག་ལོས་ཡིན། དེ་རྣམ་པས་ཚོན་རིས་ཁྲ་ཁྲ་སྣ་ཚོགས་ལ་མ་བཀོལ་བར།  ཚོན་མདངས་གཅིག་གིས་བསྟན་པས་སོ།
          ཀྱེ་ཧུད།   རི་རྒྱལ་ལྷུན་པོས་ལོ་ངོ་ཁྲི་ཕྲག་ཏུ་ཉིང་ཁུ་བསགས་པའི་སྤོས་ཤེལ་དེ། ཝུ་ཆང་ཁམ་གང་འཐུངས་ནས་ཟགས་པའི་ཁ་ཆུའི་ཟེགས་མའི་གཟི་བརྗིད་ཙམ་ཡང་མེད་འདི་མཚར།
       ༢༢
          གལ་ཏེ་འབྱུང་བཞི་འཇིག་རྟེན་འདིའི་ནམ་ཟླའི་དྲོ་གྲང་སྙོམས་ཤིང་། དུས་ཚིགས་ཀྱི་གོ་རིམ་ལ་འགྱུར་ལྡོག་མ་བྱུང་ན། ལྷགས་གྲང་བུ་ཡུག་ཐན་སྐད་ཀྱི་རྗེས་སུ། ཁུ་བྱུག་གསུང་དབྱངས་ཀྱིས་བརྒྱན་པའི་དཔྱིད་ཀྱི་དཔལ་ཡོན་འཆར་ངེས་ཡིན། འོན་ཀྱང་། ཉི་ཟླའི་འཁོར་བགྲོད་ཀྱི་ལམ་དུ། སྤྲིན་སྨུག་དང་འཕྲད་སྲིད་པས་མཚན་རིང་སྨག་རུམ་དུ་འཁྱམས་པའི་དུས་སུ། བྱེའུ་ཆུང་འཇོལ་མོས་སྐྱ་རེངས་ཤར་བའི་སྔོན་བརྡ་ཐོགས་པ་མེད་པར་བཏང་བར་བརྟེན། བཀྲ་ཤིས་བདེ་ལེགས་ཀྱི་འོད་སྣང་ལྡན་པའི་ཉི་གཞོན་དེ་དུས་ནམ་ཡང་འཛུར་བ་མེད་པར་འཆར་ཐུབ་པར་འགྱུར།
         གལ་ཏེ་སྙན་ངག་པའི་དྲན་རིག་དེ་ཡང་མུན་པའི་སྨག་རུམ་ཁྲོད་དུ་ཉི་མའི་འཆར་ལམ་གྱི་སྤྲིན་སྨུག་ཤེས་ཐུབ་པའི་བྱིའུ་ཆུང་འཇོལ་མོ་ལྟ་བུ་ཞིག་ཡིན་ན། ཁྱེད་ཀྱི་སྙན་ངག་དེ་ཡང་མིག་ཆུ་ཁྲག་ཏུ་འབབ་པའི་ཁུ་བྱུག་གསུང་དབྱངས་ཇི་བཞིན་དཔྱིད་ཀྱི་ལང་ཚོ་གསར་བའི་དཔལ་ཡོན་འབོད་པའི་སྔོན་བརྡ་ཞིག་ཏུ་འགྱུར་བར་ངེས།
      ༢༣
           དྲང་བོར་ཤར་བའི་འོད། བསེགས་ནས་ཤར་བའི་འོད། ལྡོག་སྟེ་ཤར་བའི་འོད་གསུམ་པོ་ཡང་འོད་ཡིན་པས། དེ་དག་ཐམས་ཅད་བེད་སྤྱོད་ཆོག་པའི་འོག་ཅིག་ཏུ་འགྱུར་བར་སྨོན། 
          ཨ་སྔོན་བསྟོད་པ་ཡང་གླུ་ཡིན། ས་གཞི་བསྟོད་པ་ཡང་གླུ་ཡིན། ཡིད་ཀྱི་ཐོལ་གླུ་ཡང་གླུ་ཡིན་པས། ཚང་མ་ཡིད་སེམས་སྤྲོ་གླུ་ཞིག་ཏུ་འགྱུར་བར་སྨོན།
     ༢༤
            སྙན་ངག་ནི་ཞོགས་པའི་ཉི་ཟེར་བསྒོས་པའི་དྭངས་གསལ་ཟིལ་བ་ཡིན།  སྙན་ངག་ནི་རྩྭ་དང་མེ་ཏོག་གསོན་ཉམས་ལྡན་པའི་དྲི་བཟང་ཞིག་ཡིན། སྙན་ངག་ནི་གློག་ཞགས་དང་མཚོ་རླབས་བསྡེབས་པའི་ཚོན་རིས་ཤིག་ཡིན། སྙན་ངག་ནི་རྒྱ་མཚོའི་མདངས་དང་ནམ་མཁའི་མདངས་ཕན་ཚུན་གྲོགས་སུ་གྱུར་པ་ཞིག་ཡིན་པས། སྙན་ངག་ནི་རང་བྱུང་འཇིག་རྟེན་འདིའི་གཟུགས་དབྱིབས་དང་སྒྲ་དབྱངས་འཛོམས་པའི་སྣང་བརྙན་ཞིག་ཡིན་ནོ།
     ༢༥
         ཁ་བ་ནི་དཀར་པོ་དུང་ཡིན་མོད། ཉི་འོད་ཤར་ལུགས་ཀྱིས་ཁ་བའི་འདབ་མ་ཁ་དོག་བདུན་ལྡན་དུ་འགྱུར་འགྲོ། སྙན་ངག་ནི་གདངས་དབྱངས་གཅིག་གིས་མཚོན་ཐུབ་པ་ཡིན་ནམ།
       ༢༦
           སྙན་ངག་ནི་སེམས་གཏིང་ནས་ཐོན་པའི་དུང་སྐད་ཡིན་པས། སེམས་ལྡན་གྱི་ལྐུགས་པ་ཡིན་ཡང་ཡིད་དབང་འཕྲོག་པའི་སྐད་སྙན་བསྒྲག་ཐུབ།
     ༢༧
         དྲི་ཞིམ་མེ་ཏོག་ལ་མི་འཁོར་བའི་སྦྲང་མ་ཡོད་དམ།  ཟེའུ་འབྲུའི་བཅུད་ལ་མ་བརྟེན་པའི་སྦྲང་རྩི་ཡོད་དམ།
              ཀྱེ་ཀྱེ་སྙན་ངག་མཁན་པོ། སྦྲང་མ་བཞིན་དུ་མེ་ཏོག་གི་བཅུད་ལོངས། ཟེའུ་འབྲུའི་བཅུད་འཐུང་ནས་སྦྲང་རྩི་ཞིམ་པོ་སྐྱུགས་ཤིག
          ཁྲ་ལམ་མེ་ཏོག་དེ་སྣ་མང་འཚོ་བའི་རང་བཞིན་དང་མཚུངས། སྙན་ངག་ནི་ཞིམ་མངར་ལྡན་པའི་སྦྲང་རྩི་དང་འདྲ། ཁྱེད་རང་མེ་ཏོག་གི་བཅུད་ལེན་མཁན་གྱི་སྦྲང་མ་མ་ཡིན་ནམ།
      སྦྲང་མས་ཡུད་ཙམ་སྣང་བའི་ཚེ་གང་གི་རིང་ལ། སྐད་ཅིག་ཡིད་གཉིས་ཐེ་ཚོམ་གྱིས་དུས་ཚོད་འཕྲོ་བརླག་མི་བྱེད།  སྙན་ངག་མཁན་ཁྱོད་རང་དེ་འདྲ་ཨེ་ཡིན།
      ༢༨
      སྙན་ངག་པ་ཞེས་པའི་མཚན་སྙན་པོ་དེ་ནི་གཅེས་སེམས་ལས་བྱུང་བའི་ལེགས་སྐྱེས་ཤིག་ཡིན།
      སྙན་ངག་པའི་ཚེ་སྲོག་གི་ནུས་པ་ནི་གཅེས་སེམས་ལས་བྱུང་བའི་འབད་བརྩོན་ཡིན།
      སྙན་ངག་པ་ལ་དྲག་ཏུ་འཕྱུར་བའི་སེམས་ཀྱི་རྦ་རླབས་མེད་པ་ཡིན་ནམ། འཚོ་བའི་རྦ་ཀློང་འཁྱིལ་བའི་ཁྲོད་དུ་སོང་ནས་ལོངས་སུ་སྤྱོད་ཅིག    དེ་ནི་དུང་སེམས་སྐྱེ་བའི་འབྱུང་ཁུངས་ཡིན།
      སྙན་ངག་པ་ལ་གལ་ཏེ་རྣམ་ཤེས་མེད་པར་གྱུར་ཚེ། མི་དམངས་ཀྱི་བསམ་པའི་དཀྱིལ་འཁོར་དུ་ཚོལ་ཞིག་དང་། དུང་སེམས་ཀྱི་འབྱུང་ཁུངས་དེ་ནས་རྙེད་ཐུབ། སྙིང་བཅུད་ཀྱིས་གསོས་པའི་སྙན་ངག་དེར་སྙིང་ལ་སིམ་པའི་དྲི་ཞིམ་འབྱུང་ཞིང་། ཀུན་གྱིས་ཁ་ནས་སྒྲོག་ཅིང་སྙིང་ནས་མི་བརྗེད། སྙན་ངག་པ་ཞིག་གི་སེམས་ཀྱི་རྒྱུད་མངས་རྡུང་བ་བཞིན་དུ་རྟག་ཏུ་མི་དམངས་ཀྱི་ཡིད་ཀྱི་མཚེའུ་དྭངས་མོའི་ངོས་སུ་གསལ་བའི་སྣང་བརྙན་བསུབ་ཏུ་མེད་དོ།
        སྙན་ཚིག་གི་ཡིད་དབང་འཕྲོག་པའི་ནུས་པ་ནི་དུང་སེམས་ཀྱི་བཅུད་ལས་བྱུང་བ་ཡིན།
        སྙན་ངག་མཁན་གྱི་མཚན་སྙན་ནི་དུང་སེམས་ཀྱི་བརྩོན་པ་ལས་གྲུབ་ཅིང་གཞིག་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན།
       ༢༩
         མ་ཡུམ་གྱི་དཀར་ཡོལ་ནང་དུ་གསོལ་ཇ་ཧུབ་གང་མི་ལྡུག་པ་ཞིག་ལ་སྙན་ངག་མཁན་པོའི་བརྩེ་དུང་ཇི་ལྟར་བརྗོད།  པུས་བཙུགས་ནས་ནུ་མ་ནུ་བའི་ལུ་གུ་ལ་ཡང་བསམ་པ་དེ་འདྲ་ཞིག་ཡོད་པ་མིན་ནམ།
         དུས་རབས་ཀྱི་ཆུ་བོ་རྒྱས་པ་ལ་རླབས་ཕྲེང་གི་སྒུལ་ཤུགས་མིས་ནོན་ན་སྙན་ངག་པོའི་སྤྲོ་སེམས་ཇི་ལྟར་བརྗོད།   མགྲིན་སྒྲས་ལོ་ཞིང་སྐྱེ་བར་སྐུལ་བའི་ཁུ་བྱུག་གིས་ཀྱང་དེ་ཙམ་ཤེས་སོ།
          ཀྱེ་སྙན་ངག་མཁན་པོ། ཁྱེད་ཀྱིས་བསམས་ན་ཅི་འདྲ།
        ༣༠
          ལམ་ནི་མི་རྣམས་ཀྱིས་གོམ་པ་སྤོས་ནས་བྱུང་བ་ཞིག་རེད།  མདུན་གྱི་ལམ་ཁའི་མཐོ་དམན་མི་མཉམ་པའི་རྗེས་ཐོག་ཏུ་ངས་གོམ་པའི་འདེགས་འཇོག་བསྒྱུར། ཞབས་རྗེས་ཀྱི་སྔོན་དུ་ལམ་བཏོད་པ་ཡིན།
         ལམ་ནི་ལོ་རྒྱུས་ཀྱི་གོམ་པ་སྤོ་བའི་རྐང་རྟེན་རེད།  ངས་ཀྱང་ཚེ་སྲོག་གི་ས་བདལ་ནས་སྙན་ངག་གི་ལམ་ཕྲན་ཞིག་བཏོད་བཞིན་ཡོད། རྗེས་རབས་པ་རྣམས་ལ་ལམ་དེ་བརྒྱུད་ནས་མ་འོངས་པའི་ལམ་ཆེན་ཞིག་བསྐྲུན་པའི་རེ་བ་བྱེད་ཀྱིན་ཡོད།
        ངས་བལྟས་ན།  འདི་ནི་ལོ་རྒྱུས་ཀྱི་སྙན་ངག་བྲིས་པའི་ལམ་རེད། དེའི་རྒྱུ་མཚན་ནི། ངའི་མིག་ལམ་དུ་ལོ་རྒྱུས་ཀྱི་སྙན་ངག་གི་ལམ་ཆེན་ཞིག་བཏོད་བཞིན་ཡོད།
    ༣༡
“སྔོན་རབས་པས་རྗེས་རབས་པ་རྣམས་ལ་བཞག་པའི་ལམ་ནི་ནམ་ཡིན་ཡང་ལམ་ཕྱེད་ཅིག་རེད”ཁྲེལ་གཞུང་ལྡན་པའི་རྔ་མོང་སྐེ་རིང་གིས“ བྱེ་རྡུལ་འཚུབ་པའི་འཇིག་རྟེན་འདིར་ངའི་དཀའ་ཚེགས་ལས་ཆེ་བ་མེད་ཀྱང་། ཧུར་བརྩོན་དང་སྙིང་རུས་བསྐྱེད་པའི་ཤུལ་བཞག་རྐང་རྗེས་ཆ་ཙམ་ཡང་མེད ”ཅེས་བརྗོད། 
      སྙན་ངག་གི་སྣ་ཐག་ཕྲ་མོར་བརྟེན་ནས་རྔ་མོང་ཁྲིད་པའི་སྙན་ངག་པ་ལགས། དེའི་རྐྱེན་གྱིས་ཁྱོད་ཀྱིས་སྐྱོན་ལམ་བསྒྱུར་རྒྱུ་ཡིན་ནམ།
      ཡིན་ནའང་། རྔ་མོང་གིས་དངན་པ་འཆོར་བཞིན་མགོ་བོ་གནམ་དུ་བཏེགས་ནས་བལྟས་པའི་སྐབས་དེར་སྐེ་ལ་བསྒྲོན་པའི་དྲིལ་ཆུང་གི་དབྱངས་སྙན་རྒྱང་རིང་གི་ཡུལ་དུ་སྐྱེལ་བར་བྱས།
    ཀྱེ་སྙན་ངག་པ། ཁྱོད་ཀྱི་ཐོས་འཛིན་ལམ་དུ་ཨེ་སོན།   
    ༣༢
        མངོན་སུམ་རྣ་བའི་རྒྱན་དུ་གྱུར་པའི་གསུང་དབྱངས་སྙན་མོར་ཡིད་མི་རྟོན་པར། ངན་སྐྱུག་ཞེན་པ་ལྡོག་པའི་མཆིལ་མའི་ཐལ་བ་དང་དུ་ལེན།
      འཚོ་བའི་ཞིམ་མངར་བདུད་རྩིའི་རྒུན་ཆང་མི་བཞེས་པར། སྒྱུ་རྩལ་ནུབ་པའི་རུལ་སུངས་སྐྱུར་ཁུ་ལ་ཞེན་པའི་ཁ་ཆུ་འཛར།
      ལམ་གཙང་ཕྱགས་པའི་བྱེད་པའི་བུད་མེད་ཀྱི་ཕྱགས་མར་འཇུས་ཏེ་རྡུལ་སྙིགས་ཕྱགས་སུ་མི་འཇུག་པར།  དེ་ནི་དུས་རབས་རྗེས་མར་བཞག་པའི་དྲན་རྟེན་གྱ་ནོམ་པ་ཡིན་ཟེར།
ཀྱེ་ཧུད།  སྨྱུ་གུ་དང་སྣག་ཚ་ལས་བསྐྲུན་པའི་རྫུན་ཚིག་གི་ཕྲེང་བར་དེ་འདྲའི་གཟི་དཔལ་ལྡན་པ་ཡིན་ནམ།  དུས་རབས་རྗེས་མའི་ན་ཆུང་ལུས་ཁམས་གཙང་མའང་ད་ལྟ་ཉིད་ནས་བརླགས་པ་དེ་ལྟ་ན། སྙན་ངག་པ་ལགས། ཁྱེད་རང་གི་སེམས་ལ་ཅི་འདྲ་ཞིག་བསམས།
     ༣༣
        རང་གིས་ནམ་ཡང་ཕྱི་རྟིང་མེད་པའི་ཨ་ཀྲད་ཅིག་གྱོན་ཏེ་གོམ་པ་སྤོ་མི་ཐུབ་པར། སྔོན་བྱོན་ཉི་ཟླའི་རྗེས་སུ་སྙེག་པའི་དམ་པ་རྣམས་ལ་དམོད་པའི་སྨྲེ་སྔགས་འདོན་མོད། མཆིལ་མའི་ཐལ་བ་འབུམ་ཕྲག་རང་ལ་འབེབས་པའི་ལས་ལ་བཤོལ་ན་མི་ལེགས་སམ།
        ནད་ངན་དེ་རིགས་ཀྱི་ནད་འབུ་ཕྲ་མོས་ད་ལྟའི་སྙན་ཚིག་ཕྲེང་བའི་སྲ་སྲུབ་ཏུ་ཚང་སློག་འདུག་པས་དོགས་ཟོན་གྱིས་ཤིག
      ༣༤
        ཉམས་མྱོང་ཟེར་བ་ནི་ངག་རྒྱུན་དུ་ཆགས་པའི་གསོལ་འདེབས་ཀྱི་ཚིག་མིན་ལ། བསླབ་བྱ་ཟེར་བའང་སེམས་ལ་མི་འབབ་པའི་འགྱོད་བཤགས་མིན། དེ་ནི་ཁྱོད་ལ་ཕུལ་བའི་སྙིང་ཚ་སེལ་བའི་སྨན་མཆོག་ཡིན་ལ། གཅིག་ཤེས་ཀུན་གྲོལ་གྱི་བློ་རིག་རྒྱས་པའི་ཐབས་ཟབ་མོ་ཡིན།
       མིའི་རིགས་ཀྱི་ཤེས་རབ་ཀྱིས་རྒྱུད་ཕྱུག་པའི་སྙན་ངག་པ་ཞིག་ཡིན་ན། བཟོ་རྩལ་ལ་མཁས་པའི་སྙིང་བཅུད་ལས་སྨིན་པའི་འབྲས་བཟང་ལ་སྒྲོ་སྐུར་བྱ་རུང་ངམ།
      ༣༥
        མདང་དགོང་ཧུར་བརྩོན་པས་ཟུངས་ཁྲག་དམར་པོས་བྲིས་པའི་བསླབ་བྱ་ཐོས་འཛིན་གྱི་ལམ་དུ་སོན།  ད་ནངས་བློ་ཕམ་པའི་མཆི་མས་བརླན་པའི་འགྱོད་བཤགས་ཀྱི་གོ་དོན་རྟོགས་པར་གྱུར། དེ་ཐམས་ཅད་གསེར་སྲང་སྟོང་གིས་མི་ཁུགས་པའི་རྒྱུ་ནོར་ཤ་སྟག་རེད།
         དེ་ཡིས་ཡིད་ཀྱི་མི་གཙང་བའི་དྲི་མ་འཁྲུད་ཅིང་།  དེ་ལས་མི་ཚེ་འདིའི་བགྲོད་ལམ་གདིང་བར་བྱ།  སྙན་ངག་པའི་འགན་ཁུར་དེ་ཙམ་དུ་ཟད།
      ༣༦
          གོང་དུ་སྡོད་པའི་དྲིན་ཅན་སྦྱིན་བདག་བཞིན་དུ་ཁེངས་པའི་སྒྲོབ་ཉམས་བྱེད་པ་ནི་སྙན་ངག་པའི་བྱེད་སྟངས་མིན་ལ། གཉའ་བ་སྒུར་སྒུར་དང་མགོ་བོ་གུག་གུག་བྱེད་པའི་གཡོག་པོའི་ངང་ཚུལ་ནི་དེ་བས་ཀྱང་སྙན་ངག་པའི་བཟོ་ལྟ་མ་རེད།
     ཆུ་བོ་ཆེན་པོ་གྲོགས་སུ་བསྡེབས་པ་སྙན་ངག་པའི་བརྩེ་སེམས་ཡིན།
     རི་མཐོན་པོ་དང་མཉམ་དུ་ལངས་པ་སྙན་ངག་པའི་ཉམས་འགྱུར་ཡིན།
    ལྷུང་ལྷུང་གཙང་པོའི་རྒྱུན་བཞིན་རང་དགར་རྒྱུ་བ་སྙན་ངག་པའི་རྣམ་འགྱུར་ཡིན།
     སེམས་མེད་སྤྲིན་པ་བཞིན་གང་ལའང་རེ་བཞག་མེད་པ་སྙན་ངག་པའི་གཟི་བྱིན་ཡིན།
      ༣༧
      ཁྱིམ་སྒོ་གྲུ་བཞིའི་ཐེམ་པ་མ་བརྒལ་བའི་རྔོན་པ་ཞིག་གིས་རྫ་གསེབ་ཀྱི་རི་དྭགས་ཇི་ལྟར་བརྔོན། སྐྱོད་ལམ་གྱི་བཀག་རྡོ་བྱོལ་མི་ནུས་པའི་གྲུ་བ་ཞིག་ཇི་ལྟར་རྒྱ་མཚོ་སྔོན་མོའི་རླབས་ཕྲེང་གི་རྩེ་ནས་རྩེན།
      གོམ་པ་གང་སྤོས་ཀྱང་མཆོངས་ནས་འགྲོ་དགོས་པའི་སྙན་ངག་པ་ལགས། ཁྱེད་ཀྱིས་དེ་ལྟར་བསམ་བློ་གཏོང་དགོས།   རྐང་པ་ཅིག་འགུལ་ནའང་ཉེན་སྐས་ཡོད་པའི་སྙན་ངག་པ་ལགས།  ཁྱེད་ལ་དེ་ལྟ་བུའི་སྙིང་སྟོབས་ཤིག་དགོས།
      གལ་ཏེ་དེ་ལྟར་མིན་ན།  ཆུའུ་ཡོན་གཙང་པོར་ལྕེབས་དགོས་དོན་མེད་ལ། ཕུ་ཧྲི་ཁེན་ཧྲ་ཧོང་དང་རལ་ཁ་གཏུག་དགོས་ཅི་ཡོད། ཚངས་དབྱངས་རྒྱ་མཚོའི་གཤེགས་ལམ་དེའང་ཇི་འདྲ་ཞིག་ཡིན་པ་གསལ་པོར་རྟོགས།
       ༣༨
       འཁྱོག་པོའི་ལམ་ལ་གྱ་གྱུར་རྒྱུ་བའི་འབབ་ཆུ་དེ་ལ་འཕྱ་སྨོད་མ་བྱེད།  དེས་ནི་འཁྱོག་པོའི་ལམ་བརྒྱུད་དེ་ཡངས་པའི་འཇིག་རྟེན་བརླན་པར་བྱས་ཤིང་། སྐྱེ་དངོས་ཁྲི་ཕྲག་གསོས།   རང་གི་བགྲོད་ལམ་ཞིག་རྙེད། ཕུགས་རེ་ཡི་རྒྱ་མཚོ་ཆེན་པོ་ལ་ཡང་སླེབས་པར་གྱུར།
      འཁྱོག་ལམ་གྱ་གྱུར་བརྒྱུད་མ་མྱོང་བའི་སྙན་ངག་པ་ཞིག་ལ།  གོ་རྒྱུ་ཟབ་མོ་ཡོད་པའི་སྙན་རྩོམ་འབྱུང་སྲིད་དམ། འཐེན་མ་དགོས་པར་འཁྱོག་པའི་གཞུ་ཡིས། གཞུ་རྒྱུད་ལ་ཤེད་མེད།  བདུངས་ཀྱང་མཉེན་ཆ་མེད་པའི་གཞུ་ཡིས། མདའ་མོ་རྒྱང་རིང་དུ་ཇི་ལྟར་འཐེན།
     ༣༩
      རང་རིགས་ཀྱི་སྙན་ངག་གི་གྲུབ་རྒྱུ་མི་ལྡན་པར། མི་རིགས་གཞན་གྱི་སྙན་ངག་གི་ལེགས་ཆ་ཇི་ལྟར་ལེན། ཕོ་བའི་འཇུ་སྟོབས་མི་འཛོམས་པའི་སེམས་ཅན་ཞིག་གིས་ཟས་ལ་སྙིགས་འདོར་བཅུད་ལེན་ཐུབ་པ་ཕར་ཞོག    བཟའ་བཏུང་འཇོག་སའི་སྣོད་ཀྱང་མེད་པས། དེ་དག་ལ་འཇུ་བའི་སྟོབས་ཤིག་གང་ན་ཡོད།
      ༤༠
       ངས་མི་རིགས་གཞན་གྱི་སྙན་ངག་སྦྱངས་པ་ལས།   རང་རིགས་ཀྱི་སྙན་ངག་ལ་དགའ་བའི་འདུ་ཤེས་ཆེས་ཆེར་སྐྱེས།  གནའ་མིའི་གཏམ་ལ“ གྲོ་བཏབ་ན་གྲོ་སྐྱེ་ཞིང་། ཡུག་པོ་བཏབ་ན་ཡུག་པོ་སྐྱེ་བའི ”དཔེ་བཞིན། རྒྱུ་འབྲས་ངེས་པའི་ཡིད་ཆེས་ཀྱིས་བླང་དོར་བྱེད་པའི་གོ་རིམ་བརྒྱུད། རང་གི་སྙན་ངག་ལ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་བ་ཡིན།
      ༤༡
       རྗེས་ཟློས་ཀུ་ཅོ་འདོན་པའི་མི་དེ་སྙན་ངག་པ་མིན།
       སྨྲ་མཁན་ནེ་ཙོའི་ཆོས་ཉིད་མ་མཐོང་ངམ།  མཁས་རྟགས་བསྟན་པས་གསང་བ་བརྟོལ།   འཆལ་གཏམ་སྨྲ་བ་མང་བས་དོན་རྐྱེན་སྣ་ཚོགས་བསླངས། འཆི་རག་གི་བར་ལ་རང་གི་སེམས་གཏམ་ཚིག་གཅིག་ཀྱང་བཤད་མ་མྱོང་། དེའི་རྐྱེན་གྱིས་ནམ་ཡང་སྙན་ངག་པའི་གྲས་སུ་མ་ཚུད་དོ།
     ༤༢
                སྙན་ངག་པའི་མིང་ལ་མཐོང་ཆེན་དེ་འདྲ་མ་བྱེད།
       གལ་ཏེ་ཁྱེད་ཀྱི་སྙན་ངག་དེ་འབྲུག་སྒྲ་བཞིན་མཁའ་དབྱིབས་རི་ཀླུང་ཀུན་ཏུ་ཁྱབ་ནུས་ན། རི་བྲག་འབུམ་གྱིས་ཨ་ལན་སྟེར་ངེས་པས། དེ་ནི་ཁྱེད་ཀྱི་སྙན་ངག་གི་ཤུགས་རྐྱེན་རེད།
            གལ་སྲིད་ཁྱེད་ཀྱི་སྙན་ངག་ལ་འགུལ་སླེ་ནང་གི་བྱིས་པས་འཛུམ་དམུལ་བ། སྐས་སྒམ་སྟེང་གི་གོམ་སྒྲ་གྲག་པ། ལྷབ་ལྷུབ་གོས་ལྷམ་བསྐྱོད་པ། རྟ་ཕོའི་རྨིག་བཞིར་མེ་སྟག་ཡལ་བ། རྒན་པོའི་ངོ་ལ་འཛུམ་མདངས་ཕྱུང་བ་ཡིན་ན། དེ་ལས་ལྷག་པའི་མི་སེམས་སྤྲོ་བའི་བཀུར་བཟོ་ཞིག་གང་ན་ཡོད།
སེམས་གཏིང་གི་སྙན་ངག་ལ་མཐོང་ཆེན་གྱིས་དང་། སྙན་ངག་པའི་དམིགས་ས་རེ་ས་ཡིན།
       ༤༣
           སྙན་ངག་པའི་སེམས་ན་མཛའ་བརྩེ་ལས་སྡང་སེམས་མེད་ཅེས་བརྗོད་མི་རུང་།
      ཁྱོད་ཀྱི་མཛའ་བརྩེ་དེ་ནི་སྡང་བའི་ཡུལ་ལ་སྡང་བ་སྐྱེ་བའི་སྒུལ་ཤུགས་ཡིན་ལ། ཁྱོད་ལ་སྡང་བ་དེ་ནི་བརྩེ་བའི་ཡུལ་ལ་མཛའ་བརྩེ་སྐྱེས་པའི་འབྲས་བུ་ཡིན།
     ཆགས་སྡང་གཉིས་ཀྱིས་སྙན་ངག་པའི་སྤྲོ་སེམས་ཀྱི་མེ་ཆེན་སྦར་བ་ཡིན་ལ། ཆགས་སྡང་གཉིས་ཀྱིས་སྙན་ངག་པའི་དབང་རྩའི་ནུས་པ་སད་པར་བྱས་པ་ཡིན། སུ་ཞིག་གིས་སྙན་ངག་པ་ལ་མཛའ་བརྩེ་ལས་སྡང་སེམས་མེད་པ་ཡིན་ཞེས་ཟེར།
     ༤༤
       བག་ཡོད་རྒྱུད་འའཇམ་བབ་ཆགས་ཀྱི་མི་ཞིག་གིས་སེམས་རྒྱུད་འཇམ་ཆེ་ཞིང་། བག་ཆགས་ཆེ་ནས། ཡག་བཙོག་དང་བཟང་ངན་གྱི་ཁྱད་མི་འབྱེད་པར་ཀུན་ལ་དགའ་ཞེན་སྐྱེ་ག་ལ་སྲིད། འ་འུར་སྤྲོ་ཐུང་ཅན་ཞིག་གིས་གཏུམ་ཆེ་ནས་ཚོད་མི་ཟིན་པར་ཡིན་མིན་ཀུན་ལ་སྡང་ག་ལ་སྲིད།
        དེའི་ཕྱིར་ཆགས་སྡང་གི་ཉམས་འགྱུར་གསལ་བའི་སྙན་ངག་པ་ཞིག་ལ་གནས་ལུགས་མེད་ག་ལ་རུང་།
        ༤༥
         སྙན་ངག་པའི་དྲང་བདེན་སྲུང་བའི་གཤིས་ལུགས་དེ་ནི་ཚེ་གཅིག་གི་མྱོང་གྲུབ་ཀྱི་སྙིང་བཅུད་ཅིག་ཡིན།
         སྟབས་ལེགས་པ་ཞིག་ལ་བརྟེན་ནས། ཁ་ལས་རླུང་རྟ་དར་ཞིང་། ལྷ་རྟར་བཅིབས་ནས།  གྲགས་པའི་གོ་གནས་མཐོན་པོར་འཕར་ཡང་སྲིད་མོད། འོན་ཀྱང་ནམ་ཡང་སྟབས་འགྲིག་ལེགས་ལམ་ལ་འཁེལ་བའི་དབང་དུ་བྱས་ཀྱང་། རྐང་པ་ས་ལ་བཙུགས་ནས་ཏན་ཏན་ཏིག་ཏིག་གིས་བརྩོན་པ་བྱེད་པའི་གླང་ཆེན་ལྟར་མཚོ་ལ་བརྒལ་ནུས་སམ།
        དེའི་ཕྱིར། ངས་མི་ཚེ་གཅིག་ཏུ་དཀའ་སྡུག་འཚོ་བའི་རི་ལུང་བརྒལ་བར་མོས་ཤིང་།  འཚོ་བ་དེའི་ནང་ནས་དྭངས་གཙང་གི་བླ་སྲོག་བཙོ་སྦྱངས་བྱས་ཏེ། འཇིག་རྟེན་འཚོ་བའི་གནས་ལུགས་བཙལ་ནས། ཉི་ཟླའི་འོད་སྣང་གི་འབྱུང་ཁུངས་རྗེས་སྙེག་བྱེད་པར་འདོད།
      ༤༦
          རང་གི་མི་རིགས་ལ་དགའ་བའི་སྤྲོ་སེམས་དེ་ནི།  ངའི་སྙིང་གི་ཁྲག་དྲོན་འཕྱུར་བའི་གདངས་སྙན་ཡིན། རང་གི་མི་རིགས་དར་རྒྱས་གཏོང་བའི་འགན་ཁུར་དེ་ནི་ངའི་སེམས་ཀྱི་རྒྱུད་མངས་བརྡུང་བའི་རོལ་དབྱངས་ཡིན།
        དེའི་ཕྱིར།  ངས་རང་གི་མི་རིགས་སྐུལ་སློང་བྱེད་པའི་རོལ་ཆ་སྐྲུན་དུས། ཚམ་ཚོམ་མེད་པར་རང་གི་བླ་སྲོག་བཞུས་པའི་དྭངས་མ་དེ་རྒྱུ་ཆ་བྱས་པ་ཡིན།
      ༤༧
          མིག་དབང་ཧྲིལ་བོར་མེ་ལྟར་དམར་བའི་རྒྱ་མཚོ་ཞིག་ཤར་ན་མི་ལེགས་མོད། དེ་རྒྱུ་མཚན་དུ་བྱས་ནས། སའི་གོ་ལའི་ཡོངས་རྫོགས་ཀྱི་བཞིན་རས་སོལ་བའི་མདངས་སུ་བསྒྱུར་ན་ལེགས་སམ།
          ཁ་ཚ་བའི་སུར་པན་ཁོ་ན་ཟོས་ན་མི་འཐད་པ་རྒྱུ་མཚན་དུ་བྱས་ནས། ཉིན་རེ་བཞིན་སྐྱུར་རོ་འཐུང་བར་བསྒྱུར་ན་མི་ལེགས་སམ།
          ལོ་འཁོར་གཅིག་གི་དུས་ཚིགས་བཞི་བོར་ཁ་ཆར་བུ་ཡུག་འཚུབ་ན་མི་ལེགས་པ་རྒྱུ་མཚན་དུ་བྱས་ནས། ཉིན་ཞག་སུམ་བརྒྱ་རེ་ལྔར་མཚམས་མ་ཆད་པར་ཆར་བ་བབས་ན་ཇི་འདྲ་ཞིག་ཡིན།
            ངོ་མ་བཤད་ན། འཚོ་བའི་ཁྲོད་དུ་འོད་སྣང་དང་དྲོད་སྐྱིད་ཡོད་དགོས་མོད། འབར་རྫས་ཀྱི་ནུས་པ་དེ་ཡང་མེད་མི་རུང་བ་ཞིག་ཡིན། ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་མི་དམངས་ལ། མངར་སྐྱུར་སོགས་རོ་དྲུག་གི་སྦྱོར་བ་དེ་བས་ཀྱང་མཁོ། འབྲུ་སྣ་ལྔ་ཡི་ལོ་ཡག་འབྱུང་བ་དང་སྣ་མང་ཕྱུགས་རིགས་འཕེལ་ཁ་དར་བ་ནི་གནམ་གཤིས་དྲོད་གྲང་སྙོམས་པའི་འབྲས་བུ་ཡིན་པར་མ་ཟད། རབ་དཀར་ཁ་བའི་འདབ་མ་དང་དྲོད་གསལ་ཉི་མའི་འོད་སྣང་ལ་བརྟེན་པ་ཞིག་ཀྱང་རེད།  སྣེ་མང་རྙོག་འཛིང་གི་ཆོས་ཉིད་སྣ་ཚོགས་དེ་ལས་ཕུན་ཚོགས་བརྒྱ་ལྡན་གྱི་འཚོ་བ་དང་གསལ་འཚེར་སྐྱིད་པའི་དུས་སྐབས་བྱུང་བ་ཡིན།
       མཁའ་དགུ་ཟིལ་གྱིས་གནོན་ཞིང་ཀུན་ཤེས་ཀྱི་སྐྱེ་བོར་རློམ་པའི་མཁའ་པ་ལགས།  སྙན་ངག་ནི་ཚོན་མདངས་གཅིག་པའི་ཝུ་ཕྲེང་བཞིན་འཛིན་མི་ཐུབ་ཅིང་། རྙོག་ཆུའི་རྫིང་བུ་བཞིན་གཏིང་མི་ལོན་པ་ཞིག་ཡིན་ནམ།  དེ་ལྟར་ཡིན་ན། ཀུན་ལ་མགོ་བོ་རྨོངས་པའི་སྨྱོ་ཆུ་བླུད་དང་། སྟབས་བདེ་བ་མིན་ནམ།
       ༤༨
ཡ་མཆུས་མིག་བཀབ་ན་རི་རབ་མེད་འགྲོ་སྙམ་པའི་བློ་མ་སྐྱེ།བསམ་པ་དེ་ལས་མཐོ་དམན་མེད་པར“ གནམ་འོག་འདི་ན་ང་ལས་མཐོ་བ་མེད ”ཟེར་ན་ཡང་།  འཕྲེད་དུ་ལོག་པའི་སྒོ་གཏད་ཀྱང་ཕྱི་རྟིང་མཐོ་བའི་ལྷམ་ལས་མཐོ་བས་མིག་ལྡན་ལ་མགོ་སྐོར་གཏོང་མི་ཐུབ།
         ངས་བསམས་ན་རྫ་ཆུ་དྭངས་མོ་འཐུངས་ནས་འཚར་ལོངས་བྱུང་བའི་སྙན་ངག་པ་ཞིག་ལ།   ངན་རྟོག་གི་ནད་དེ་འདྲ་འབྱུང་མི་སྲིད་སྙམ།
      ༤༩
              མགོ་བོ་ཁུ་ཚུར་གྱི་ཆེ་ཆུང་ཙམ་ཞིག་སྐྱེས་མ་ཐག་ཏུ།  རང་འུར་བསྟོད་རང་བསྟོད་ཀྱི་ཤག་སྒྲ་ཕྱོགས་ཀུན་ཁྱབ་པར་བྱེད།  རྩ་བ་ས་ལ་ཆགས་པའི་ལྗོན་པའི་རྩེ་མོ་ནམ་མཁའི་མཐོངས་སུ་ཟུག་པ་མ་མཐོང་ངམ།  དེ་ལས་ཀྱང་ལྷག་པ་ཉི་ཟླའི་བགྲོད་ལམ་འགོག་པའི་གངས་རི་དཀར་པོ་རི་ཕྲན་སྟོང་གིས་བསྐོར་བའི་དབུས་སུ་བརྗིད་ཅིང་། ཚོན་མདངས་སྣ་ལྔས་མཛེས་པའི་ས་གཞིས་མཚམས་སྤྲིན་འཇའ་ཚོན་རྔུབ་སྐྱུགས་བྱེད་པ་དང་། ཆུ་སྣ་སྟོང་ཕྲག་འདུས་པའི་རྒྱ་མཚོ་ཆེན་པོ་མུ་མཐའ་མེད་པའི་ལྷ་ལམ་དང་འདབས་འབྲེལ་བྱས་ཡོད་དོ།
            རི་མཐོན་པོའི་རྒྱབ་ན་མཐོན་པོ་ཡོད་པ་མ་རྟོགས་ན་གཟི་བརྗིད་དུ་བརྩིའམ། འཇིག་རྟེན་གྱི་ཕ་རོལ་ན་འཇིག་རྟེན་ཡོད་པ་མ་མཐོང་ན་བློ་རྒྱ་ཆེ་བར་ཇི་ལྟར་བརྩི།
             ཨེ་མ་སྙན་ངག་མཁན།  དེ་དག་བློ་གྲོས་ཡངས་པའི་སྣོད་དུ་བསྡུས་ནས་ཐབས་ཤེས་རིགས་ལམ་ཕྲ་མོའི་གཤོག་ཟུང་གིས་བརྒྱན་པར་བྱས་ན། དེ་ལ་མཛེས་བརྗིད་ཀྱི་ཉམས་དང་།  སྙན་ངག་པའི་སྤོབས་པ་ཟེར་བ་ཡིན།
     ༥༠
        ཚགས་པར་ཏུ་བཏབ་པ་རྩོམ་སྤེལ་ཡིན་ལ། དེབ་ཏུ་ཕུད་པ་ཡང་རྩོམ་སྤེལ་ཡིན།  ལྷག་པར་དུ་གདོད་མ་ནད་དར་ཞིང་ངག་ཏུ་ཟློ་བའི་གླུ་དེ་ནི་སྙན་ངག་པས་ཐད་ཀར་བརྒྱུད་པའི་རྩོམ་སྤེལ་ཡིན།
        གལ་ཏེ་ཁྱོད་ཀྱི་སྲབ་མེད་དུ་འཕྱོ་བའི་ཉམས་དང་།  སྤྲོ་སེམས་སློང་བའི་དབྱངས་ཀྱིས་མི་མང་གི་སེམས་ཀྱི་རྦ་རླབས་ཕྱོགས་མཐར་གཡོ་བར་བྱེད་པའི་དུས་སུ། སྐབས་འགར་ལ་ལྷིང་འཇགས་ཀྱི་དབུགས་ལེན་པའི་སྒྲ་ལས་མི་ཚོར་བ་དང་། སྐབས་འགར་དགའ་སྡུག་གི་མཆི་མའི་ཆར་རྒྱུན་འབབ་པ་དང་།  སྐབས་འགར་དགོས་ཐག་དིར་རེ་འགྲོ་བ་དང་།  སྐབས་འགར་མཚོ་ཡི་རྦ་རླབས་བཞིན་ཐལ་མོ་རྡེབ་པ་སོགས་དེ་ཚང་མ་ཉི་ཟླ་བཞིན་རྒྱ་མཚོའི་འཕེལ་འགྲིབ་ལ་ཤུགས་རྐྱེན་ཐེབས་པའི་རྟགས་མཚན་མ་ཡིན་ནམ། ཁྱེད་ཉིད་ཀྱི་བདེན་དོན་སྤེལ་འདོད་ཀྱི་རེ་བའི་ཕོགས་དངུལ་མ་ཡིན་ནམ།
            སྙན་ངག་པ་ལགས། རེ་ལྟོས་བྱེད་པའི་མི་མང་ལ་ཁྱེད་ཀྱི་སྙན་རྩོམ་མྱུར་དུ་ཐོན་ཞིག   ཁྱེད་ཀྱིས་དཔྱིད་དུས་ལྟར་སྐྱེ་དངོས་དབུགས་འབྱིན་བྱེད་པའི་དྲང་བདེན་གྱི་ས་བོན་སྤེལ་བ་ཡིན་ན།  འཐོབ་རྒྱུ་ནི་གསེར་ལྡན་སྟོན་འབྲས་ལས་ལྷག་པའི་ཚད་མེད་པའི་དགའ་བདེ་སེམས་ཁོང་དུ་ཁྱབ་པ་དེ་ཡིན།
         ཁྱེད་ཀྱིས་དགའ་བའི་མི་མང་ལ་སྙན་རྩོམ་ཀློག་འདོན་བྱེད་པ་དེ་ནི།
ཁྱེད་ལ་དགའ་བའི་མིའི་སེམས་ཀྱི་གྲོང་ཁྱེར་དུ་འཇུག་པའི་ལམ་མཆོག་ཡིན་པར་ཤེས་དགོས།
     ༥༡
               ཁོ་བོ་མི་གཞན་པའི་དྲུང་དུ་སྙན་ངག་ཀློག་འདོན་བྱེད་པར་དགའ།
  དེ་ལས་ངས་ཉན་མཁན་མི་འདྲ་བ་རྣམས་ཀྱི་ཚོར་བའི་ཁྱད་པར་མ་ནོར་བར་ཤེས་པའི་གྲུབ་འབྲས་ཐོབ། ངས་མི་རྣམས་ཀྱིས་འཕྲལ་དུ་ཚིག་རྒྱན་སྦྱར་ཁོམ་མེད་པར་གང་དྲན་སྨྲ་བའི་གཏམ་ལ་བརྩི་མཐོང་བྱས། དེ་ལས་རྟག་ཏུ་བཙལ་ནས་རྙེད་དཀའ་བའི་བློ་སྒོ་འབྱེད་པའི་རིག་པ་རྙེད། ངས་སྐབས་འགར་བྲེལ་མ་འཚུབ་ལ་ཆུང་མ་དང་བུ་ཕྲུག་བོས་ནས་ངའི་སྙན་ཚིག་ཉན་དུ་བཅུག   ཁོང་ཚོའི་གློ་བུར་གྱི་འཆར་སྣང་དེ་ཡིས་རྟག་ཏུ་ངའི་ཡིད་ཆད་པའི་སྣུམ་ཟད་ཀྱི་མར་མེ་གསོ་བར་འགྱུར།
     ༥༢
       གཤོག་ཟུང་བརྐྱངས་ནས་ཉི་མའི་རྗེས་སྙེག་བྱེད་པའི་བྱིའུ་ཆུང་འཇོལ་མོའི་གཤོག་ཡས་ཆད་ཀྱང་རི་རྒྱབ་ཏུ་ནུབ་ལ་ཉེ་བའི་ཉི་མའི་རྗེས་མ་ཟིན།  འོན་ཀྱང་། སུག་བཞི་རླུང་ལྟར་མྱུར་བས་ཟླ་བའི་དཀྱིལ་འཁོར་གྱི་རྗེས་བསྙེགས་པའི་གཙོད་ཀྱིས་ཞོགས་པར་ཕྱིར་ལྟོས་བྱེད་སྐབས། ལང་ཚོ་རྒྱས་པའི་ཉི་གཞོན་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་ཅིང་། རྩྭ་ཐང་དུ་མཛེས་སྡུག་རྣམ་པར་བཀྲ་བའི་དུས་སུ་རང་གི་གཟི་བརྗིད་འཕྲོ་བར་བྱས།
         སྙན་ངག་པ་ཁྱོད་རང་ཉི་མའི་རྗེས་སྙེག་བྱེད་པའི་བྱིའུ་ཆུང་འཇོལ་མོ་བྱེད་འདོད་དམ།  ཉི་གཞོན་གྱི་སྔོན་ཆོད་པའི་གཙོད་བྱས་ན་འདོད།
    ༥༣
    སྙན་ངག་ནི་གཡོ་སྒྱུ་དང་མ་འདྲེས་པའི་བདེན་ཚིག་ཅིག་སྟེ། ཨ་མའི་སེམས་གཏིང་ནས་ཐོན་པའི་བུ་ཕྲུག་བསྙོད་གླུ་ལྟར་བརྩེ་མདངས་ལྡན་ཞིང་།  བུ་ཕྲུག་རྣམས་ཀྱི་སྙིང་ཁོང་ནས་ཐོན་པའི་རེ་སྨོན་ལྟར་ཡག་ཡོག་མེད་པ་ཡིན།  སྙན་ངག་ནི་མིའི་རིགས་ཀྱི་འདུ་ཤེས་གསོ་བའི་ལྷད་མ་འདྲེས་པའི་སྙིང་གི་བདུད་རྩི་ཡིན།
      སྙན་ངག་ནི་སྙན་ངག་པའི་ཚེ་གང་འཚོ་བའི་རང་བཞིན་མཚོན་པའི་དུས་ཚིགས་གནམ་ངོ་གསལ་བའི་ཤེལ་ཐུར་ཞིག་ཡིན་དགོས་བསམས་ཤིང་། བསམ་པའི་འདུ་ཤེས་ཀྱི་དངུལ་ཆུའི་ཞུན་ཐིགས།   དགའ་སྡུག་མ་ངེས་པའི་གོམ་པའི་འདེགས་འཇོག་གི་གོ་རིམ་དང་། སྐྱེ་འཆི་དར་རྒུད་ངེས་མེད་ཀྱི་འཕོ་འགྱུར་ལས། སྙན་ངག་པས་ཚེ་གང་ལ་ཧུར་བརྩོན་བྱས་ནས་མི་ཚེ་ཡི་ཕྱག་རྗེས་གྲང་དྲོད་ཀྱི་ཚད་མཚོན་པ་ཡིན།
        ངས་དེ་ལས་ལྷག་པར་སྙན་ངག་པ་ནི་ནམ་མཁའི་འབྲུག་ལྟར་གྲག་ཅིང་གློག་བཞིན་འཁྱུག་པའི་འཐག་གྲི་ཞིག་ཡིན་དགོས་བསམས་ཤིང་། འཐག་གྲིའི་སོ་རྣོན་བཞིན་དུ་རང་ཉིད་ཀྱི་བསམ་པ་བརྡར་ཏེ་རྣོ་བར་བྱས་ནས། རང་གི་མི་རིགས་ཀྱི་དར་རྒུད་ལོ་རྒྱུས་ཀྱི་གོ་རིམ་དང་། འཇིག་རྟེན་བདེ་སྡུག་གི་རྒྱུ་འབྲས་འཚོལ་བའི་དུས་ཀྱི་འགྱུར་ལྡོག་བརྒྱུད། ཉིན་མཚན་གཉིས་ཀྱི་འབྲེལ་མཚམས་ནས་འཇིག་རྟེན་སྤྱི་མཐུན་གྱི་ཚ་གྲང་རྒྱུ་སྤུན་བསྡེབས་པའི་ཚོན་མདངས་དང་སྒྲ་དབྱངས་ཀྱི་ཐགས་མ་བཏག་པར་བྱ།
      ༥༥
གལ་ཏེ་ཤུག་པ་དང་ཐང་ཤིང་གི་ཐང་ཆུ་སྤྲིས་སུ་ཆགས་པ་མེད་ན། ཨ་མའི་སྤྱི་གཙུག་མཛེས་པའི་རྒྱན་དུ་གྱུར་པའི་སྤོས་ཤེལ་ག་ནས་འབྱུང་། གལ་ཏེ་རྩ་ཆེ་ཞིང་དཀོན་པའི་སྤོས་ཤེལ་གསོག་འཇོག་བྱས་མེད་ན།  ཕྱི་རབས་ཀྱི་མི་རྣམས་ཀྱིས་སྨན་དུ་སྡེབ་པའི་རྫས་དང་། མདོག་ལེགས་དྲི་ཞིམ་ལྡན་པའི་སྤོས་ཤེལ་གྱི་དྭངས་མ་ག་ནས་འབྱུང་།
སྙན་ངག་པ་ལགས། ཟབ་ཅིང་བརླིང་བའི་རང་བྱུང་འཇིག་རྟེན་གྱི་ངོ་མཚར་བརྗོད་ལས་འདས་པའི་བསླབ་བྱ་འདི་རྟོགས་ཡོད་ཀྱང་སྲིད།
ལོ་རྒྱུས་རིང་པོའི་མི་རིགས་ཀྱི་ངོ་མཚར་རིག་གནས་ཀྱི་སྤྲིས་ཞག་ཆགས་པ་ལས་དུས་རབས་སོ་སོའི་མཛེས་ཤིང་ཡིད་དུ་འོང་བའི་གླུ་སྟེ་སྙན་ཚིག་བྱུང་།  སྔོན་གྱི་སྙན་ངག་མཁན་རྣམས་ཀྱི་དཀའ་ཚེགས་སྡུག་རུས་ཀྱིས་བྱུང་བའི་རིག་པའི་སྙིང་བཅུད་ལ་བརྟེན་ནས།   ངེད་ཅག་གི་ཉམས་དང་འགྱུར་བག་ལྡན་པའི་སྙན་ངག་གི་བདེན་འབྲེལ་རང་བཞིན་ཅི་དགར་མཚོན་ཐུབ་པ་བྱུང་བ་ཡིན།
 སྙན་ངག་པ་ལགས།  ཁྱོད་ཀྱི་བསམ་པའི་ཀློང་དུ་མི་རིགས་འདིའི་རིག་གནས་ཀྱི་སྤྲིས་ཆགས་ཉིང་ཁུ་དགོས་ངེས་ཤིག་དང་། ཉིང་ཁུ་དེ་འདུས་པ་ལས་བྱུང་བའི་མི་རིགས་ཀྱི་ལ་རྒྱ་ཞིག་ཡོད་དམ།
         ༥༦
ན་ནིང་གི་ལྷ་སའི “ཞོ་སྟོན”དུས་ཆེན་སྐབས་མི་རིགས་གཞན་པའི་རྣམ་དཔྱོད་ལྡན་པའི་མཁས་པ་ཞིག་གིས“ ངས་བོད་ཀྱི་ཟློས་གར་ནང་གི་སྐད་གསེང་མཐོ་བའི་དབྱངས་རྟ་དཕ་རྣ་བར་ལྷུང་དུས། བོད་མི་རིགས་ཀྱི་སེམས་གཏིང་ནས་ཐོན་པའི་གདུང་འབོད་ཀྱི་སྒྲ་དངོས་སུ་ཐོས་པ་ལྟ་བུའི་སྣང་བ་སྐྱེས” ཞེས་ཟེར།
ཡང་ན་ནིང་གི་ལྷ་ལྡན་ཉི་འོད་གྲོང་ཁྱེར་གྱི“ཞོ་སྟོན”ཞེས་པའི་བོད་ཀྱི་སྒྱུ་རྩལ་དུས་ཆེན་གྱི་ཉིན་དེར།  མཛངས་པའི་ཡོན་ཏན་པའི་མི་རིགས་གཞན་པའི་མི་ཞིག་གིས“ངས་བོད་གནའ་རབས་ཀྱི་ཟློས་གར་ལ་བལྟས་ན། མཛེས་མི་མཛེས་དང་བཟང་ངན་ཕྱོགས་གཉིས་འཐབ་པའི་རང་བཞིན་ཟློས་གར་གང་གི་ནང་དུའངམགོ་མཇུག་བར་ཁྱབ་ཡོད་པ་མཐོང”ཟེར།
ཁོ་བོས་བལྟས་ན།  ཁོ་ཚོའི་གསུང་ཚིག་དེ་དག་བོད་ཀྱི་ཁྱད་ཆོས་ལྡན་པའི་སྙན་ཚིག་ཟློས་གར་ལ་ཞེ་ཐག་པས་བསྔགས་བརྗོད་ཅིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདི་ཉིད་གནའ་ནས་ད་ལྟའི་བར་མཛེས་པ་དང་དགེ་བ་ལ་མོས་ཤིང་དགའ་བར་བསྟོད་བསྔགས་བྱས་པ་ཡང་རེད།
སྙན་ངག་དྲང་བདེན་གྱི་རང་བཞིན་ལ་སོམ་ཉི་བྱེད་མི་རུང་།   དེ་ལ་ཐེ་ཚོམ་བྱས་ན།  ལང་ཚོ་ཉམས་འགྱུར་རྨད་དུ་བྱུང་བའི་མིའི་རིགས་ཀྱི་བློ་མཆོག་གི་དཔྱངས་ཐག་བཅད་པ་དང་འདྲའོ།  ཀྱེ་སྙན་ངག་མཁན། ཁྱོད་ཀྱིས་བལྟས་ན་དེ་འདྲ་ཞིག་ཨེ་རེད་ལགས།
གནམ་འདེགས་ཀ་བ་ཡར་ལ་བསླངས་པས་ཐོད་བརྒལ་དུས་ཀྱི་གདུང་མ་མཁའ་རུ་བཏེགས།།
གླེགས་བམ་བརྩིགས་ལྡེབས་རབ་མཐོར་བཞུགས་པས་ཕྱོགས་མཐར་ཁྱབ་པའི་འཁྲུག་ཟིང་ངང་གིས་བཀག།
སྒྲོན་ཆེན་འོད་སྣང་ཆེས་ཆེར་སྦར་ཡང་སྣག་ཚས་བྲིས་གཞུང་རེ་རེ་ཇི་ལྟར་གསལ།།
ཤོག་ལྷེ་སྒོ་གླེགས་བསྒྲིགས་འདྲའི་ངོས་ཀྱི་ཡིག་འབྲུ་ནམ་ལངས་སྐར་ཆེན་ཤར་བ་བཞིན།།
བློ་སེམས་དཀར་བའི་བསམ་གཞིགས་དེ་ཡིས་གཏན་ཚིགས་བདེན་པའི་སྣང་བརྙན་ཀུན་ལ་བསྐྲུན།།
ས་སྐྱ་བ་ཡི་དཔེ་སྟོན་རིག་པས་ཁོ་བོའི་བློ་རྒྱ་ཡངས་པའི་འཇིག་རྟེན་བསྐྲུན།།
འདེགས་ཤུགས་ལྡབ་བརྒྱ་མངའ་བའི་སྟོབས་ནི་ཤེས་རབ་ནོར་འགལ་མེད་པའི་གདེང་ཚོད་ལགས།།
 
                                 སྙན་དེབ《ཁ་བའི་ལྗོངས》ལས་བཏུས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།