ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་ཐྲི་རེ་ཁི●མོ་ཊི་ཨེ་ནའོ་ཡི་སྒྲུང་གཏམ《གཞོན་པའི་ཁོ་ཧྥེ་ཁང》བཀླགས་པའི་ཟིན་ཐུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འོད་དུངས་བུ།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (5).jpg

《གཞོན་པའི་ཁོ་ཧྥེ་ཁང》ཞེས་པ་འདི་ནི2014ལོའི་ནོ་པེར་རྩོམ་རིག་གཟེངས་རྟགས་བཞེས་མཁན་ཏེ་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་ཕེ་ཐྲི་རེ་ཁི•མོ་ཊི་ཨེ་ནའོ་ཡི་སྒྲུང་གཏམ་ཞིག་ཡིན་ལ། ཁོང་གིས་ཕ་རི་སིའི་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་གཞིར་བྱས་ཏེ་མི་སྣ་རེ་རེ་བཞིན་གབ་ཚིག་ཅིག་དང་འདྲ་བར་སྒྲུང་ནང་ཁྲིད་དེ་དམག་འཁྲུག་གིས་བསྐྱེད་པའི་གོད་ཆག་མང་པོ་ཞིག་ཀྱང་ཟ་དང་ཟུར་ནས་བསྟན་ཡོང་གི་འདུག་སྙམ།

སྒྲུང་གཏམ་ཡག་པོ་ཞིག་ལ་མཇལ་བ་ནི་རྒྱུས་མེད་པའི་ཁྲོམ་སྲང་ཆེན་པོ་ཞིག་ཏུ་སླེབས་པ་དང་འདྲ་ལ། རྩོམ་འབྲི་བ་ཞིག་ལ་མཚོན་ན་སྔར་རང་གིས་བཀླགས་མ་མྱོང་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་ཅན་གྱི་བརྩམས་ཆོས་ཤིག་ཀློག་པ་ནི་ཧ་ཅང་ཡིད་དུ་འོང་བའི་ལས་ཀ་ཞིག་རེད། ང་ནི་ཡངས་ཤིང་ཆེ་བའི་ཁྲོམ་སྲང་དུ་ཉུལ་བར་དགའ་ལ། དེའི་རྒྱུ་རྐྱེན་ནི་ཁྲོམ་སྲང་ཆེན་པོ་ཞིག་ཉུལ་བར་ཆུ་ཚོད་ཁ་ཤས་བཀོལ་དགོས་ཤིང་། སྲང་ལམ་གྱི་ཁང་པའི་བཟོ་བཀོད་དང་མི་མང་པོའི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་བཟོ་ལྟ་ནི་ཡི་གེའི་བརྩམས་ཆོས་ཤིག་ཀློག་པ་དང་འདྲ་ལ། ཆུ་ཚོད་ཁ་ཤས་ཀྱི་རིང་གི་སྲང་ལམ་གྱི་མཐོང་ཐོས་དེ་དག་གིས་འཚོ་བའི་བྲོ་བ་གང་འཚམ་ཞིག་མྱོང་དུ་འཇུག་ཐུབ།

ངས་སྒྲུང་གཏམ་འདི་ཐོག་མར་ཀློག་དུས་ནས་སེམས་སུ་དྲི་བ་ཞིག་འདུག་ལ། མཐའ་མར་ཀློག་ཚར་དུས་ད་དུང་དྲི་བ་ཞིག་འདུག དྲི་བ་དེ་གཉིས་ནི་གཅིག་ཡིན་པ་འདྲ་ལ་འབྲེལ་བ་མེད་པ་ཞིག་དང་ཡང་འདྲ།

ཁོ་རང་ཁོ་ཧྥེ་ཁང་དུ་བསྡད་དེ་ཁོ་མོར་བལྟས་འདུག ཁོ་མོས་ཆེས་གུ་དོག་པའི་སྒོ་དེ་བདམས་ནས་ཚུར་བུད་ཡོང་ལ། ཕར་ཡང་དེ་ནས་བུད་སོང་། ཁོ་མོར་ཁོ་ཧྥེ་ཁང་དུ་གཏན་འཁེལ་གྱི་འདུག་སྟེགས་ཤིག་ཡོད་མོད། རིམ་བཞིན་ཁོ་མོ་དེ་གར་རྒྱུན་དུ་ཡོང་བའི་མགྲོན་པོ་རྣམས་དང་ངོ་ཤེས་ཆགས་ཏེ་སྔར་གྱི་འདུག་སྟེགས་དང་རིམ་གྱིས་གྱེས། ཁོ་མོས་རང་ཉིད་སློབ་ཆེན་སློབ་མ་ཞིག་ཡིན་ཞེས་བཤད་མོད་དོན་དུ་སློབ་ཆེན་བཏོན་མྱོང་མི་འདུག གཏམ་རྒྱུད་འདི་དག་ང་ལ་བརྩམས་སྒྲུང་ཁྲོད་ཀྱི་ན་གཞོན་གཏམ་རྒྱུད་འཆད་མཁན་དེས་བཤད་པ་ཡིན།

ཀེ་ཧྲི་ལི་ཡིས་ཁོ་རང་ནི་མཛེས་རིས་སྒྲིག་བཟོ་པ་ཞིག་ཡིན་ཟེར། ཁོ་ཁོ་ཧྥེ་ཁང་དུ་ཡོང་དུས་དེ་གའི་པོ་ལིན་ལ་དེ་ལྟར་བཤད། ཀེ་ཧྲི་ལི་ཡིས་པོ་ལིན་གྱི་ལག་ནས་ཟིན་བྲིས་ཤིག་གཡར་སོང་ལ། ཟིན་བྲིས་དེ་རུ་ཁོ་ཧྥེ་ཁང་དུ་ཡོང་བའི་མི་རྣམས་ཀྱི་ཚུགས་ཀ་དང་མིང་། ད་དུང་ནམ་ཡོང་བའི་ཟླ་ཚེས་སོགས་འཁོད་འདུག ཀེ་ཧྲི་ལིས་ཟིན་བྲིས་ནང་གི་བུ་མོ་ལོའུ་ཅི་ཡི་མིང་དང་ཚུགས་ཀ་བྲིས་པའི་ཡི་གེ་ཁོ་ནའི་འོག་ཏུ་རྟགས་བརྒྱབ་འདུག རྗེས་སུ་པོ་ལིན་ནི་ཀེ་ཧྲི་ལི་དང་འཕྲད་མ་མྱོང་ལ། རྟགས་འགོད་པའི་རྒྱུ་མཚན་ཡང་འདྲི་ས་མེད་པར་གྱུར།

ཁོ་མོའི་མིང་ངོ་མར་ལོའུ་ཅི་མི་ཟེར་ཞིང་ཡེ་ཁི་ལེན་ནཱ་ཏི་ལིང་ཁི་ཟེར། ཁོ་མོར་ཕ་མེད་ལ་ཅི་བྱས་པ་ཤེས་མི་འདུག མ་ནི་ཁོ་མོར་ཁ་མི་གྲག་ཅིང་། མཚན་མོར་དུས་རྒྱུན་ལས་ཀར་འགྲོ་བཞིན་ཡོད། ཏི་ལིང་ཁི་མཚན་མོ་རེ་རེར་ཨ་མ་མ་ཐོན་བར་དུ་སྒོ་རུ་འཁྱམ་ཞིང་།ཉལ་ཐར་བསྟེན་ཅིང་མཛའ་གྲོགས་བཙལ་ཏེ་འཚར་ལོངས་ཀྱི་གོ་རིམ་གྲོགས་མེད་ཁེར་རྐྱང་ངང་ཟད་ལ། རྗེས་སུ་ཡཱ་ན་ཐི་ཀོ་ལི་ཟེར་བའི་བུ་མོ་ཞིག་དང་ངོ་ཤེས་ཆགས། དེའི་རྗེས་སུ་ཉེན་རྟོག་པས་བཟུང་སྟེ་ནར་མ་སོན་པའི་མི་རུ་བརྩིས་ཏེ་ཁྱིམ་བདག་ལ་སྤྲད། ཡིན་ནའང་ཁོ་མོ་ཉལ་ཐ་དང་མཚན་མོའི་སྨག་རུམ་གྱི་བསླུ་བྲིད་ལ་ཞེན་པ་ཆགས་སོང་།

མི་འདི་ནི་ཏི་ལིང་ཁི་དང་མཉམ་དུ་ཇོ་ཡི་རྡི་ཝེ་ཨར་གྱི་གམ་དུ་འགྲོ་མྱོང་། ངས་མི་འདི་ཟེར་དོན་ཡང་སྒྲུང་ནང་གི་མི་སྣ་མངོན་སྟངས་ཀྱི་ཁྱད་ཆོས་བཟུང་བ་ཡིན་ལ། སྒྲུང་ནང་གི་མི་ཕལ་ཆེར་འདི་ལྟར་ལྐོག་གྱུར་ངང་མངོན་ལ། ནན་གྱིས་མ་བཀླགས་ཚེ་མི་མང་པོ་ཞིག་ཟིན་ཐབས་བྲལ་འདུག ཝེ་ཨར་ནི་དཔེ་ཀློག་ལ་དགའ་བའི་མི་ཞིག་ཡིན་ལ། དེས་དེབ་འགའ་ཏི་ལིང་ཁི་ལ་མཚམས་སྦྱོར་བྱས་ཤིང་མོས་ཀྱང་ཕལ་ཆེར་ཆ་ཚང་བཀླགས་ཚར་བ་འདྲ། ཡིན་ནའང་མོར་མཚོན་ན་འཇིགས་སྐྲག་དང་ཁེར་རྐྱང་དུ་གྱུར་པའི་འཚོ་བ་འདིར་འགྱུར་བ་ཆེན་པོ་བཏང་མ་སོང་བ་འདྲ། ཝེ་ཨར་གྱིས་ཁོ་མོར་གཡར་བའི་དེབ་ཅིག་ནི《ལོའུ་ཡི་སི་ཟེར་བ་ཞིག་མེད》ཅེས་པ་དེ་ཡིན་ལ། མོས་དེབ་དེའི་མིང《ཡེ་ཁི་ལེན་ནཱ་ཏི་ལིང་ཁི་ཟེར་བ་ཞིག་མེད》ཅེས་བཅོས།

ཏི་ལིང་ཁི་ཡིས་ལས་ཀ་སྒྲུབ་སའི་ལས་ཁུངས་སུ་ཧྲོའུ་ལོ་ངོ་ཤེས་ཤིང་། ལོ་དེའི་ཟླ་བཞི་པར་ཁོ་གཉིས་གཉེན་སྒྲིག་བྱས། རྗེས་སུ་མོས་ཧྲོའུ་ལོ་ནི་འཚོ་བ་རོལ་མི་ཤེས་པའི་མི་ཞིག་རེད་ཅེས་ཁ་གྱེས་ཤིང་། དེའི་ཡར་སྔོན་དུ་མོ་དང་སྐྱེས་པ་རོ་ལན་གཉིས་ངོ་ཤེས་འདུག་ལ། མཚན་ནམ་གཅིག་རོ་ལན་གྱི་གམ་ནས་བསྐྱལ་མྱོང་། འདི་ལྟར་མོའི་མི་ཚེའི་ནང་དུ་སྐྱེས་པ་མང་པོ་ཞིག་བྱུང་མྱོང་བ་འདྲ་ལ། ཡང་གཅིག་གཉིས་རེ་ལས་བྱུང་མ་མྱོང་བ་འདྲ་མོད། སྒྲུང་ལ་ཞིབ་ཀྱིས་ཉན་ཚེ་ང་ཚོ་མུ་རུ་མོའི་མཚར་སྡུག་ལྡན་པའི་གཞོན་པའི་ནང་སེམས་ཀྱི་འཇིག་རྟེན་དུ་སྐྱོད་ཐུབ་པ་འདྲ།

ལོ་མང་པོའི་སྔོན་ཞིག་ལ་རོ་ལན་དང་ཏི་ལིང་ཁི་གཉིས་ཝེ་ཨར་གྱི་མཚན་མོའི་དཔེ་ཀློག་ལྷན་འཛོམས་སུ་ཞུགས་ཤིང་། ཝེ་ཨར་གྱིས་ཚན་པ་ཞིག་བཏོན་མ་ཐག་རོ་ལན་ལ་དགོད་རྒྱུ་ཡོང་སྟེ་མ་བཟོད་པར་གྱུར་ཀྱང་བསྲོན་ཅི་ཐུབ་བྱས་སོང་། དེ་ནས་ལོ་འགའ་འགོར་རྗེས་རོ་ལན་དང་ཏི་ལིང་ཁི་གཉིས་ཁ་ཁར་བྱས་འདུག་པའི་མཚམས་ཤིག་ལ་རོ་ལན་ནི་ཝེ་ཨར་དང་འཕྲད་ཅིང་། ཝེ་ཨར་གྱིས་རོ་ལན་ཁོས་དང་ཐོག་རང་དབང་ས་ཁུལ་དང་འབྲེལ་བའི་བརྩམས་ཆོས་ཤིག་བྲིས་པ་དང་། གནམ་དཔྱད་རིག་པར་ཧ་ཅང་དགའ་བོ་ཡོད་པ་སོགས་དྲན་གསོས། རོ་ལན་གྱིས་དོན་དག་ཅིག་ངས་ཁྱོད་ལ་བཤད་དགོས་ཞེས་ཝེ་ཨར་ལ་མཚན་མོའི་དཔེ་ཀློག་ལྷན་འཛོམས་སུ་ཁྱེད་ཀྱི་ཚན་པ་མགོ་མ་བཏོན་མ་ཐག་ང་ལ་དགོད་རྒྱུ་ཡ་མཚན་ཡོང་མོད་བསྲན་བཞག་ཟེར། ཝེ་ཨར་གྱིས་ཁྱོད་སྐབས་དེར་བགད་བཞག་ན་ང་ཚོའི་དཔེ་ཀློག་ཀྱང་སྤྲོ་སྣང་གིས་ཁེངས་འགྲོ་ངེས་ཟེར། ཝེ་ཨར་འགྲོ་ཁར་རོ་ལན་ལ་ངས་ལོའུ་ཅི་དུས་རྒྱུན་དྲན་བཞིན་འདུག དེ་ནི་ཅི་ཡིན་ནམ་ཟེར། དེ་ནས་ཡང་ངས་དེ་ལྟ་བུ་བཤད་ན་མི་འགྲིག་ཟེར།

མཚན་དཀྱིལ་ཞིག་ལ་ཏི་ལིང་ཁི་དང་རོ་ལན་གཉིས་རྐུབ་སྟེགས་རིང་པོ་ཞིག་ཏུ་བསྡད་དེ་ཁ་གཏད་ཀྱི་ཐོག་ཁང་གི་ཁང་མིག་ཅིག་ཏུ་བལྟས། ཏི་ལིང་ཁིས་རོ་ལན་ལ་ཁྱོད་ཀྱིས་ཁང་མིག་དེའི་སྒོ་རྡུངས་དང་མི་ཞིག་ཡོད་ངེས་ཟེར། ཡིན་ནའང་ཁང་མིག་དེ་ནི་ཁོ་གཉིས་ཀྱི་ཁང་པ་ཡིན་ལ། ནང་དུ་གཞན་ཞིག་ཡོད་མི་སྲིད། ཏི་ལིང་ཁི་ཆེས་མི་དགའ་བ་ནི་ཆུང་དུས་ཀྱི་ཕྱིར་དྲན་ཡོད་པའི་ས་ཆར་འགྲོ་བ་དེ་ཡིན་ལ། མཚན་མོ་ཞིག་ལ་ཁོ་གཉིས་མགྲོན་ཁང་ཞིག་ཏུ་བསྡད་ནས་ཏི་ལིང་ཁི་ཡིས་འུ་གཉིས་ཚེ་གང་པོར་འདི་ནས་བསྡད་ན་འགྲིག་ཟེར།

ནམ་མཁའ་ནི་ཟློས་གར་ཁང་གི་གཤགས་ཟིན་པའི་སྦྲ་གུར་དང་འདྲ། འདི་ནི་རྩོམ་པ་པོ་བྷོ་པི་སུ་ཏོ་མུའུ་ཡིས་ཁོ་གཉིས་ལ་བློར་བཏོན་པའི་སྙན་ཚིག་ཅིག་ཡིན།

ཏི་ལིང་ཁི་རླངས་འཁོར་ཞིག་གསོ་ཁང་ནས་ཚུར་ཡོང་དུས། རོ་ལན་ལ་ལག་བརྡ་ཞིག་བཏང་། དེ་ནི་ལོ་དེའི་དབྱར་ཁའི་ལག་བརྡ་དང་འདྲ་ལ། ལོ་དེའི་དབྱར་ཁར་ཁོ་ཏི་ལིང་ཁི་དང་ཡཱ་ན་ཐི་ཀོ་ལི་དང་མཉམ་དུ་ཆུ་འགྲམ་དུ་སོང་དུས་ཀྱི་ལག་བརྡ་དང་འདྲ། ཏི་ལིང་ཁིའི་ལག་བརྡ་དེ་ནི་ཁོའི་མི་ཚེའི་ཁྲོད་ཀྱི་ཕྱིར་དྲན་དུ་རི་བའི་མཛེས་སྡུག་ཅིག་ཏུ་གྱུར། ཡིན་ནའང་ཏི་ལིང་ཁི་རྗེས་སུ་ཤི་སོང་། མོ་ཁོ་ཧྥེ་ཁང་ནས་ལྕེབས་ཏེ་རང་སྲོག་བཅད་པ་རེད། རོ་ལན་སྨན་ཁང་དུ་ཐོན་དུས་ཤི་ཚར་ལ། མོའི་གམ་ན་ཡོད་པའི་མི་དེ་ནི་རླངས་འཁོར་ཞིག་གསོ་ཁང་དུ་ཡོད་པའི་ཏི་ལིང་ཁིའི་མ་ཡི་དགའ་རོགས་ཡིན་སྙམ་མོད། དེ་ནི་གཏམ་རྒྱུད་ཀྱི་སྔ་དུམ་དུ་བྱུང་བའི་མི་སྣ་ཀེ་ཧྲི་ལི་ཟེར་བ་རེད།

འུ་ཚོ་རྒྱུས་མེད་པའི་མི་ཞིག་དང་ངོ་ཤེས་ཆགས་ཏེ་དེའི་སྟེང་གི་མཛེས་པ་རྙེད་པ་ལྟར། སྒྲུང་ཡག་པོ་ཞིག་དང་མཇལ་རྗེས་སེམས་སུ་འདི་དང་གན་ཞེས་གོམས་ལོབས་ཀྱི་དབང་གིས་བསྟན་དོན་ཞིག་འཚོལ་བར་མང་པོ་མི་དགའ་ལ། དོན་ངོ་མར་མི་དང་འཚོ་བ་གང་ཡིན་ཡང་དེ་ནི་རྩོམ་པ་པོ་ཞིག་དང་བརྩམས་ཆོས་ཤིག་གི་ཁྲོད་དུ་ཁེར་ཚུགས་སུ་གནས་མི་ཐུབ་པར་སྙམ་ལ། ཀློག་པ་པོ་རེ་རེ་བཞིན་བརྩམས་ཆོས་ཀྱི་འཇིག་རྟེན་དུ་ཐོན་ནས་ཁོ་རང་ཚོས་རང་རང་གི་སེམས་ཀྱི་གོམ་སྟབས་ལ་མཉན་ཏེ་མི་སྣ་རེ་རེ་གསོན་ཉམས་ལྡན་པར་བྱེད་སྙམ་མོ། ། དེ་ལྟར་སྒྲུང་གཏམ་འདི་ཡང་རབ་རིབ་དང་མག་མོག་གི་མཛེས་པས་ཁེངས་འདུག་ལ། ཀློག་པ་པོའི་འཆར་ཡན་གྱི་བློ་ལ་གཤོག་པ་ཡག་པོ་བཟོས་འདུག་སྙམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།