ཀྲུང་གོ་བོད་ཀྱི་དྲ་བ།

《ཚེ་སྲོག་གི་སྟོབས་ཤུགས》ཞེས་པ་བཀླགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་དཀར་ཚེ་དཔལ་སྟོབས་ལྡན།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res10_attpic_brief.jpg

མཛེ་ནད་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་བྲེད་སྣང་ཆེ་བའི་འགོ་ནད་ཅིག་ཡིན། དེས་གཞིས་ཁྱིམ་མང་པོ་མི་ཤི་དུད་སྟོང་དུ་བཏང་ཡོད། སྔོན་ཆད་གལ་སྲིད་མི་ཞིག་ལ་མཛེ་ནད་འགོས་ཚེ། ཚོ་བ་དང་གྲོང་སྡེས་ཐབས་ལམ་སྣ་ཚོགས་འཐེན་ནས་ཕྱིར་རྒྱང་ཕུད་གཏོང་བ་སོགས་བྱས་ཏེ་མེད་པར་བཟོ་ཅི་ཐུབ་བྱེད། སྐྱི་གཡའ་བའི་མནར་གཅོད་དེ་ཕྱི་ཐོག་པར་མཚོན་ན། གནའ་སྔ་མོའི་གཏམ་རྒྱུད་རབ་རིབ་ཙམ་ལས་མ་འདས། ཉེ་ལམ་སྐུ་ཞབས་ལིན་ཆཱང(林强)ལགས་ཀྱིས་ལོ་མང་པོར་ཡུལ་དངོས་བརྟག་དཔྱད་གནང་བ་བརྒྱུད་དེ། 《ཚེ་སྲོག་གི་སྟོབས་ཤུགས—མཛེ་བོ་ཞིག་གི་མི་ཚེའི་དངོས་བྲིས》(生命的力量——个麻疯病人的纪实)ཞེས་པའི་དངོས་བྲིས་སྒྲུང་གཏམ་ཞིག་བརྩམས་པ་ལས། ཆན་ཀྲི་ཁྲང་དུ་འབོད་པའི་བགྲེས་པོ་ལོ་ན་བདུན་ཅུར་སླེབས་པ་ཞིག་མཛེ་ནད་ལས་ཐར་བའི་མི་ཚེའི་བརྒྱུད་རིམ་དེ། རྟོག་བཏགས་མ་ཡིན་པའི་དངོས་བྲིས་ཀྱི་ལམ་ནས་རྒྱས་པར་བརྗོད་ཡོད། བགྲེས་པོ་ཆན་ཀྲི་ཁྲང་ནི་སི་ཁྲོན་ཞིང་ཆེན་རི་བོ་ལང་ཧྲན་གྱི་འདབས་སུ་སྐྱེས་ཤིང་། ལོ་ན་དྲུག་ལ་སོན་དུས་ཨ་ཕར་མཛེ་ནད་བྱུང་སྟེ་ཚོ་བ་སྤྱི་ནས་གསོན་སྲེག་བྱས། ལོ་ན་བཅུ་གཉིས་སྟེང་རང་ཉིད་ལའང་མཛེ་ནད་བྱུང་རྗེས། མི་གཞན་གྱིས་གསོད་པ་དང་གཞན་ལ་བསྒོ་བར་དོགས་ནས་ཁོ་གཅིག་པུར་ནགས་གསེབ་ཀྱི་བྲག་ཕུག་ཅིག་ཏུ་ཡུན་རིང་པོར་ཡིབས་ནས་བསྡད། དེ་དུས་གསོ་བཅོས་ཀྱི་སྐལ་བ་མེད་ཕྱིན། མཛེ་ནད་ཀྱིས་རྐང་རྡུམ་ལག་རྡུམ་དུ་གྱུར་ཡང་། རང་གི་སྡུག་རུས་དང་བློ་གྲོས་ལ་བརྟེན་ཏེ་རང་ཉིད་མཛེ་ནད་ལས་ཐར་ཞིང་། བཀྲེས་ལྟོགས་ཀྱིས་མནར་བའི་མི་མང་པོ་ཞིག་གི་ཚེ་སྲོག་ཀྱང་བསྐྱབས། བགྲེས་པོ་ཆན་ཀྲི་ཁྲང་ལགས་ཀྱི་ན་ཟུག་ལ་འཇིགས་པ་མེད་པའི་སྙིང་སྟོབས། འཚོ་བ་ལ་སྡུག་རུས་ཐེག་པའི་བརྩོན་འགྲུས། ཉམ་ཆུང་ལ་ཕན་ཐོགས་སྦྱིན་པའི་སྙིང་རྗེ། ཕུགས་རེ་སྟོང་ཟད་དུ་མི་གཏོང་བའི་སེམས་ཤུགས་སོགས་ཀྱིས་ཕྱུག་པའི་མི་ཚེ་གཏམ་རྒྱུད་ལས། སྐྱེ་བོ་མང་པོར་མ་མཆིས་པའི་ཚེ་སྲོག་གི་སྟོབས་ཤུགས་ཤིག་མངོན་ཡོང་། དེང་སྐབས་ཚ་ཚ་འུར་འུར་དུ་སྒྲུབ་པའི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་ལས། གལ་སྲིད་ཐམས་ཅད་ལ་བགྲེས་པོ་ཆན་ཀྲི་ཁྲང་ལགས་ཀྱིས་འཚོ་བ་ལ་སྡུག་རུས་ཐེག་པའི་བརྩོན་འགྲུས་ཀྱི་ཆ་ཤས་ཙམ་ཞིག་གནས་ཚེ། ནམ་རྒྱུན་ཉི་མར་ལྡེས་ནས་གཞུང་ཕྱོགས་ཀྱི་མུག་སྐྱོབ་ཐོབ་ཆེད། ཁ་འཛིང་རོ་འཐབ་ཀྱི་ཕྱོགས་ཁོ་ནར་བློ་འཁོར་བའི་རྐང་བདེ་ལག་བདེ་དང་ནད་མེད་གཅོང་མེད་དུ་གནས་པའི་རང་རེའི་གསར་བུ་གསར་མོ་སྐོར་ཞིག་གི་སེམས་ནད་དེ་ཡང་རྩ་བ་ནས་ཡོད་མི་སྲིད་སྙམ་མོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།