ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་གྱི་ལོ་གསར་རོལ་སྟངས་གསར་པ་ལས་མཐོང་བའི་འགྱུར་ལྡོག་གསར་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་འགྲོའི་གཏམ།

ངེད་ཚགས་པར་གྱིས་ལོ་སར་གྱི་སྡེར་ཁ་སྒྲིག་སྟངས་དང་མཛེས་རྒྱན་སྤྲོ་ཚུལ། ཁ་གཡང་འབོད་ལུགས། ལོ་སྐལ་སྐྱེལ་ཚུལ་སོགས་ཟུར་ངོས་མང་པོ་ན་འགྱུར་ལྡོག་གི་རྣམ་པ་མངོན་པར་བཀྲ་བ་དམིགས་སུ་བཟུང་ནས། ད་རེས་ལོ་གསར་སྐབས་སུ་གཞི་རིམ་དུ་བསྐྱོད་པ་ཞེས་པའི་ལེ་ཚན་ཞིག་བསྒྲུབས་ཏེ་ཡུལ་ལུང་མི་འདྲ་བ་ཁ་ཤས་ཀྱི་ལོ་སར་གཏོང་སྟངས་ལས་འཕྲོས་པའི་འགྱུར་ལྡོག་ཞིབ་ཕྲའི་རིགས་ཡི་གེ་དང་འདྲ་པར་དུ་ཕབ་ནས་ཞིང་འབྲོག་མང་ཚོགས་བདེ་སྐྱིད་ལམ་བུར་བསྐྱོད་པའི་འཛུམ་མདངས་དང་དགོད་སྒྲ་སོགས་བསྟར་ཆགས་སུ་བཀོད་པ་ལགས་ན། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དགྱེས་རོལ་གནང་བ་ཞུ་རྒྱུ་དང་། དགེ་ལེགས་དཔལ་གྱིས་སྐྱེ་དགུའི་འདོད་དོན་འགྲུབ་ཅིང་ལེགས་བྱས་སྣང་བས་གངས་ལྗོངས་ཡུལ་ཀུན་ཁྱབ་པའི་རྟེན་འབྲེལ་བསྒྲིགས་པའང་ཡིན་ནོ། །

ལོ་འདི་དག་གི་རིང་ལ་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་སྔར་སྲོལ་གྱི་ལོ་གསར་རོལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། མི་ལ་ཤས་ནང་ལོགས་ཀྱི་ཞ་མོན་དང་ཞི་ཧྲོང་པའེ་ན་སོགས་ལ་ལོ་གསར་རོལ་ཏུ་འགྲོ་བ་དང་། འགའ་ཞིག་སྟོད་ཉི་མ་ལྷ་ས་སོགས་སུ་ལོ་གསར་ལ་རོལ་ཏུ་འགྲོ་བ་སོགས་ལོ་གསར་རོལ་སྟངས་རྣམ་པ་སྣ་ཚོགས་དར་བཞིན་འདུག ཁོ་བོའི་ཕ་ཡུལ་དུ་ཡང་དེ་དང་དེ་རང་བཞིན་ལྟར་འགྱུར་ལྡོག་ངང་གིས་འབྱུང་བཞིན་ཡོད་དོ། །

ཁོ་བོའི་ཕ་ཡུལ་ནི་གྲོ་ཞིང་ཁ་ཞེས་པའི་མདོ་སྨད་ཁྲི་ཀའི་ཡུལ་གྱི་རོང་མ་འབྲོག་གི་སྡེ་བ་ཆུང་ཆུང་ཞིག་ཡིན་ལ། སྔོན་གྱི་དུས་ན་སྨན་པ་གྲགས་ཆེན་ཞིག་བཞུགས་མྱོང་བས་ཡུལ་ཕྱོགས་དེར་ཀུན་གྱིས་གྲོ་ཞིང་ཁ་ཞེ་ན་མི་ཤེས་མཁན་ཧ་ཅང་ཉུང་། སྡེ་བ་ཡོངས་ལ་ཁྱིམ་ཚང་བཅུ་ཁ་ཙམ་ལས་མེད་ཀྱང་། བྱིས་དུས་སུ་ལོ་གསར་སླེབས་ཐེངས་རེར་ཨ་ཁུ་སྨན་པར་ལོ་གསར་འཚམས་འདྲིར་ཡོང་མཁན་གྱི་རླངས་འཁོར་དང་འཕྲུལ་རྟ་རྒྱུན་ཆད་མེད་པས། དེ་ནི་བྱིས་དུས་ཀྱི་ལོ་ཟླའི་ནང་ངོ་མཚར་བའི་ལྟད་མོ་ཞིག་ཏུ་གྱུར་མྱོང་།ད་ལྟ་ནི་ཕལ་ཆེར་དུད་ཁྱིམ་རེ་ལ་རླངས་འཁོར་རེ་ཡོད་པས། ཐ་ན་སྦག་སྒྲ་གྲགས་པའི་འཕྲུལ་རྟ་དེ་དག་སྔར་ནས་མཐོང་ལམ་དུ་ཕལ་ཆེར་བོར་ཚར། ལྷག་ཏུ་ལོ་འདི་དག་གི་རིང་ལ་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་ཅིང་། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱུང་བ་དེས་ང་ཚོའི་ཕ་ཡུལ་མ་ཟད་ཡུལ་ལུང་ཀུན་ཏུ་ཉེན་ཁང་ཞིག་གསོ་དང་བགྲོད་ལམ་གསར་ལས། མཁར་གྱང་ཡག་ལས་སོགས་ལས་གཞི་ལག་བསྟར་བྱུང་ཞིང་། ང་ཚོའི་ཕ་ཡུལ་ཡང“མཛེས་སྡུག་ལྡན་པའི་གྲོང་ཚོ”ཞེས་པའི་ལས་གཞིའི་གྲས་སུ་ཚུད་དེ་ཁོར་ཡུག་གི་གཙང་སྦྲ་དང་སྡོད་ཁང་སོགས་གང་ཐད་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

དེ་བས་ཀྱང་འགྱུར་ལྡོག་གཞན་ཞིག་བྱུང་ཡོད་པ་ནི། དུད་ཁྱིམ་གྱི་ཆ་རྐྱེན་ལྟོས་བཅས་ཀྱིས་ལེགས་པ་འགའ་རེས་སྡེ་བ་དང་སྤྱི་ལེ་ཉི་ཤུ་ལྷག་གིས་ཆོད་པའི་རྫོང་མཁར་དུ་ཐོག་ཁང་ཉོས་ཏེ་ལོ་གསར་གྱི་སྐབས་སུ་ཐོག་ཁང་ནང་ལོ་གསར་ལ་རོལ་བའི་རྣམ་པ་ཞིག་འབྱུང་བཞིན་འདུག ཁོ་བོས་ཀྱང་ད་ལོར་རྫོང་མཁར་དུ་ལོ་གསར་ལ་རོལ་བ་ཡིན་ལ། རྫོང་མཁར་དུ་ལོ་གསར་ལ་རོལ་ཚེ་གྲང་སྡུག་མཐོང་མི་དགོས་ཏེ། ལྷག་ཏུ་རྒན་པ་རྣམས་ཀྱིས་དྲོད་རླངས་ཡོད་པའི་ཁང་པའི་ནང་དུ་ལོ་གསར་དྲོན་པོ་ཞིག་རོལ་ཆོག་པ་དེ་ཡང་སྔར་དྲན་ཡུལ་དུ་འཁོར་མ་མྱོང་བ་ཞིག་ཡིན། དེ་ལྟར་ནའང་སྲོལ་རྒྱུན་གྱི་རི་བསང་གཏོང་བ་དང་ཁྱིམ་མཚེས་ཤ་ཉེ་བར་ལ་འཚམས་འདྲིར་སྐྱོད་པ་དེར་བར་ཆད་ཅི་ཡང་ཐེབས་མེད་པ་རེད། གཞོན་པ་རྣམས་ཀྱིས་ལོ་གསར་ཚེས་གཅིག་གི་ཞོགས་པར་ལུས་ལ་འཕྱོར་གོས་གྱོན་ཞིང་རླངས་འཁོར་བསྐོར་ནས་སྡེ་བར་ལོག་ཅིང་མ་ཎི་ཁང་དུ་ཞོགས་འདོན་རྫོགས་རྗེས་ཆབས་ཅིག་རྒྱབ་རིར་འགོས་ཏེ་ལབ་ཙེ་བསྟོད་པ་དང་དར་ལྕོག་འདོགས་པ། རླུང་རྟ་བསྐུར་བ། བསང་གཏོང་བ་སོགས་བྱས་ཏེ་སྲོལ་རྒྱུན་གྱི་ཆོ་ག་རྣམས་གཅིག་ཀྱང་ཆག་ཏུ་འཇུག་གི་མེད་པ་རེད། དེ་ནས་ཁྱིམ་མཚེས་གཡས་གཡོན་དང་། ཤ་ཉེ་འབྲེལ་སོགས་ལ་ལོ་གསར་འཚམས་འདྲིར་སྐྱོད་པ་སོགས་བྱེད་པ་རེད། ལོ་གསར་ཚེས་པ་གཉིས་དང་གསུམ་ནས་བཟུང་ནང་མི་ཁྱིམ་མཚེས་དང་གྲོགས་སྤུན་བཟང་ས་བར་ཁྱིམ་དུ་བོས་ནས་སྐོར་དང་སྐོར་བྱས་ཏེ་ལོ་གསར་འཐུང་བ་དང་། ད་དུང་འགའ་ཞིག་གིས་ཟ་ཁང་དངKTVསོགས་སུ་བོས་ཏེ་སྤྲོ་སྐྱིད་ལ་རོལ་བའི་རྣམ་པ་ཡང་ལོ་འདི་དག་ནང་དར་བཞིན་འདུག

ལོ་གསར་འཚམས་འདྲི་དེར་ཡང་སྔོན་དང་ཁྱད་པར་ཆེན་པོ་བྱུང་ཡོད་དེ། དེ་སྔ་སྡེ་རུ་ཁ་མི་གཅིག་པར་བར་ཐག་ཤིན་ཏུ་རིང་ཚེ་གྲོགས་པོ་སོགས་ཀྱི་བར་ལ་ལོ་གསར་འཚམས་འདྲི་བྱེད་མི་ཐུབ་མོད། ད་ལྟ་ཡིན་ན་རྒྱལ་ཁབ་ཕྱི་ནང་གང་ཡིན་ཡང་ཆོག་ལ། མདོ་དབུས་ཁམས་གསུམ་ཡིན་ཡང་བླ་སྟེ། ལོ་གསར་འཚམས་འདྲི་ནི་སྐད་འཕྲིན་སོགས་སུ་གང་འདོད་དུ་ཞུས་ཆོག་པ་ཡིན། ལོ་གསར་གྱི་ནམ་གུང་མཚམས་ནས་འཚམས་འདྲི་ཞུ་ཡིག་ནི་མཚམས་མ་ཆད་པར་བསྐུར་འོངས་ཏེ། འདིར་དཔེ་ཞིག་དྲངས་ན། གྲོགས་པོ་ཞིག་གིས“སྐྱིད་ལོ་གསར་ཚེས་གཅིག་མ་ཐོན་གོང་། ། ཟས་གོ་རེའི་སྡེར་ཁ་མ་བསྒྲིགས་གོང་། །ཤ་ཚོན་པོ་ཐབ་ནས་མ་བླངས་གོང་། ། ཆང་བདུད་རྩི་ཁ་ལ་མ་རེག་གོང་། །གོས་ཚ་རུ་རྒྱན་གྱིས་མ་སྤྲས་གོང་། ། གླུ་རྩེད་རིགས་རྩེ་མགོ་མ་བརྩམས་གོང་། །བུ་ཚ་བོས་མཆོད་ཆང་མ་བཏེགས་གོང་། ། ཁྱེད་ད་རུང་ཆང་གིས་མ་བཟི་གོང་། ། སེམས་གཙང་མས་བཀྲ་ཤིས་སྨོན་འདུན་ཞིག ། གྲོགས་ཁྱེད་ཀྱི་སྙན་དུ་བསྒྲོན་པ་ལ། །སྐུ་རི་རྒྱལ་འདྲ་བོ་བརྟན་པར་ཤོག །གསུང་ཁུ་བྱུག་འདྲ་བོ་སྙན་པར་ཤོག །ཐུགས་གངས་དཀར་འདྲ་བོ་སྐྱིད་པར་ཤོག ། ཚེ་བསོད་ནམས་སྤྲིན་བཞིན་འཕྱུར་བར་ཤོག ། ལས་ཅི་བསམ་ཡིད་བཞིན་འགྲུབ་པར་ཤོག ། ཅེས་བཀྲ་ཤིས་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་ཕུལ་བ་ལགས།”ཞེས་པའོ། ། འདི་དང་འདི་ལྟ་བུའི་འཚམས་འདྲིའི་ཤིས་ཚིག་སྒྲོན་མཁན་ཤིན་ཏུ་མང་།

ལོ་གསར་གྱི་ཟ་འཐུང་སྐོར་དེ་ཡང་སྔོན་གྱི་ཤ་དང་གྲོ་འབྲས། ཤ་མོག་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྔར་མཐོང་ཡང་མ་མྱོང་བའི་སིལ་ཏོག་གི་རིགས་སྣ་ཚོགས་བཤམས་པ་དང་། སྔོ་ཚལ་གྱི་རིགས་སྣ་ཚོགས་གཡོ་བ་དང་། སྐམས་ཤ་དང་ལུག་ཤ་དང་ཕག་ཤ་སོགས་ཕུད། ཉ་ཤ་དང་བྱ་ཤ ཐ་ན་ཞ་སྨི་སོགས་ཀྱང་ཁྱིམ་ཚང་རེ་རེའི་རྒན་དར་གཞོན་གསུམ་གྱི་དགའ་ཁ་འཁྱེར་ཕྱོགས་ལ་མཐུན་པའི་ཟས་སྣ་མང་པོ་སྤུངས་ཡོད་པས་ལོ་གསར་ཟེར་བ་དངོས་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་འདུག ལོ་གསར་གྱི་འགྱུར་ལྡོག་འདི་དག་ལས་ང་ཚོས་ཤེས་ཐུབ་པ་ནི་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་གོམས་སྲོལ་སྣ་ཚོགས་ཀྱང་དུས་བསྟུན་ལྷན་སྐྱོད་ཀྱིས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པ་དེའོ། །

གསར་འགོད་པ། ཚེ་རིང་བཀྲ་ཤིས།

♨ ལོ་གསར་སྐབས་སུ་གཞི་རིམ་དུ་བསྐྱོད་པ་།♨

རྩོམ་སྒྲིག་པ། : ཀླུ་མོ་མཚོ།