ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསར་དང་འབྲེལ་བའི་དྲན་འཆར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྷོ་སྨྱོན་བློ་བཟང་དོན་གྲུབ།   སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གསར་ཤར་ལ་ཉེ་བས། གནའ་གྲོང་ལྷ་སའི་ཕྱོགས་གང་སར་ཁ་ཟས་དང་སྡེར་ཁ། དར་ལྕོག་སོགས་ཚོང་མཁན་ཅི་རིགས་མཐོང་དུས། ང་ལ་ལོ་གསར་འཆར་གྲབས་ཡོད་པའི་སྐུལ་མ་གཏོང་། དེང་གི་ཆར་འཚོ་བའི་འཁོས་ཀ་ལེགས་སུ་ཕྱིན་པས་ཡིན་ནམ། ཡང་ན་རང་ཉིད་ན་སོ་དར་ལ་བབས་པའི་རྐྱེན་གྱིས་ཡིན། ལོ་གསར་ལ་རེ་སྒུག་དེ་ཙམ་བྱེད་ཀྱིན་མེད། ཡིན་ན་ཡང་ཆུང་དུས་ཀྱི་ལོ་གསར་སྐོར་གྱི་དྲན་འཆར་མང་པོ་ད་ཆ་ཡང་དྲན་འཛིན་གྱི་ཡོལ་བའི་ངོས་སུ་གསལ་པོར་མངོན་ཡོང་། དེ་ལས་ཀྱང་ཨ་ཅོག་དང་འབྲེལ་བའི་རྩེད་མཚར་མང་པོ་ཞིག་ད་དུང་ཡང་མིག་མདུན་དུ་ཁྲ་ཆིལ་ལེར་མཐོང་ཡོང་།

རི་གྲོང་ན་དུས་བཞི་སོ་ནམ་གྱི་ལས་ལ་བྲེལ་དགོས་པས། ལོ་གསར་འཆར་རིམ་བཞིན་གཞི་ནས་འཁྲུག་ཆ་ཅི་ལས་དོད། ཁོ་བོས་ཆུང་དུས་སུ་ལོ་གསར་རེ་སྒུག་བྱེད་པ་ཡང་། ལོ་གསར་ཤར་ན་གཞི་ནས་གཟབ་མཆོར་སྤྲས་ཆོག་པ་དང་། ཨ་ཅོག་ཀྱང་རང་དགར་རྩེད་ཆོག་པས་ཡིན། འདིར་ཞུ་འདོད་པ་ཡང་། ཨ་ཅོག་གི་རྩེད་མོའི་སྐོར་ཡིན། དེང་གི་དུས་ན་རི་གྲོང་དུ་སྟག་ཙེ་དང་ཤོ་སྦག་མ་ཅང་ལ་སོགས་པ་རྩེད་མོ་ཅི་རིགས་དར་བས།  བྱིས་པ་ཚོ་ཡང་ཨ་ཅོག་གི་རྩེད་མོར་རོལ་མཁན་སྤྱིར་ན་མཐོང་རྒྱུ་མི་འདུག ཁོ་བོས་དེ་ནི་ཕངས་སེམས་ཤིག་ལ་རྩི་བཞིན་ཡོད།

ཁོ་བོ་བྱིས་པ་ཡིན་དུས་ལོ་གསར་ཨ་ཅོག་གི་རྩེད་མོའི་ཁྲོད་དུ་བསྐྱལ་པ་ཡིན་ཞེས་བཤད་ན་ཡང་མི་ཆོག་པ་གཏན་ནས་མེད། ཁོ་བོས་བཟའ་མཁས་འཐུང་མཁས་བྱས་ནས་རེག་པའི་བྱི་རིལ་ལ་སོགས་ཀྱང་ཨ་ཅོག་དང་བརྗེས་པ་ཉུང་ཉུང་མིན། ཨ་ཅོག་ཅེས་པར་ཡུལ་སོ་སོར་འབོད་སྲོལ་མི་འདྲ་བ་ཡོད་སྲིད། དེ་ནི་ལུག་གི་རྐང་པའི་ཚིགས་མཚམས་སུ་ཡོད་པའི་རུས་པ་ཁྱད་པར་བ་ཞིག་ཡིན། བོད་པ་ཚོས་ཨ་ཅོག་བརྒྱ་ལ་ནོར་ཅོག་གཅིག་ཅེས་ཟེར་ནས། ད་ཆ་ཡང་གནའ་ཉམས་དོད་པའི་གཟིམ་ཁང་གི་ཐབ་ཚང་གི་ལྕམ་དྲལ་ཐོག་ཨ་ཅོག་སྐུད་པར་བརྒྱུད་དེ་འདོགས་སྲོལ་ཡོད།

བྱིས་དུས་སུ་ལོ་གསར་ཤར་རིམ་བཞིན། ཨ་ཅོག་གི་རྩེད་མོར་དབྱིངས་ཞུགས་ནས་ཟས་བརྗེད་གཉིད་བཅག་ཏུ་འགྱུར་བ་ཡང་ཉུང་ཉུང་མིན།  ཨ་ཅོག་ནི་སྐབས་དེ་དུས་བྱིས་པ་ཚོས་དགའ་ཤོས་བྱེད་པའི་རྩེད་མོ་ཞིག་ཡིན་པ་དང་།  བྱིས་པ་སྐོར་ཞིག་ཨ་ཅོག་གི་རྩེད་མོའི་ཁྲོད་ནས་བྱིས་དུས་ཀྱི་དགོད་སྒྲར་རྫོགས་མཐའ་བྲལ། ཨ་ཅོག་གི་ཐོབ་ཤོར་ཁྲོད་ནས་མི་ཚེའི་མ་འོངས་ཀྱི་ལམ་བུར་རྒྱང་ལྟ་བྱེད་བཞིན་མཆིས། ཨ་ཅོག་ལ་རྩེད་སྲོལ་ཅི་རིགས་ཡོད་ཅིང་།  རྩེད་པ་པོ་ཚང་མ་ཡར་ལངས་ཏེ་རྩེད་པའི་རིགས་ལ་ལངས་ཅོག་ཅེས་པ་དང་།  མི་རེས་ཨ་ཅོག་འགའ་རེ་རྩིག་པའི་ངོས་སུ་བཞག་ནས་རེས་མོས་ཀྱིས་ཞུ་རེས་བྱས་ཏེ་སུས་གཞུས་པ་ཟགས་ན་ཨ་ཅོག་དེ་མི་དེར་བདག་པའི་རྩེད་མོའི་རིགས་ཤིག་ལ་རྩིག་ཅོག་ཟེར། དེ་བཞིན་དུ་བསྡད་ཅོག་དང་། རྟ་པོས་ལུག་ཁྲིད་ལ་སོགས་པ་རྩེད་སྲོལ་ཅི་རིགས་མཆིས། རྩེད་མོ་དེ་རིགས་ནི་བོད་ཕྲུག་སྣབས་ལུག་ཚོའི་བློ་གྲོས་ལས་ཐོན་པའི་རྩལ་ཞིག་ཅི་ལ་མིན། དེང་གི་དུས་ན། རྩེད་མོའི་རིགས་མང་པོ་དར་བས། རི་གྲོང་དུ་ཡང་ཨ་ཅོག་གི་རྩེད་མོར་རོལ་མཁན་ཅང་མ་མཆིས། ཨ་ཅོག་གི་རྩེད་མོའི་དུས་དེ་གཡོལ་ཟིན་པ་འདྲ་ཡང་།  ཨ་ཅོག་གིས་བདག་གི་བྱིས་དུས་ལ་སྦྱིན་པའི་སྤྲོ་བ་ད་ལྟ་དྲན་ན་ཡང་མངར་སིལ་སིལ་བྱེད། ལོ་གསར་པ་འཆར་ལ་ཉེ་སོང་། རིག་ནུས་ཀྱི་རྩེད་མོ་གཏུམ་དྲག་ཅན་གྱི་བསླུ་ཁྲིད་འོག་ཏུ། དེང་གི་བྱིས་པ་ཚོས་ཨ་ཅོག་ལྟ་བུའི་སྣང་བ་སྐྱིད་པའི་རོལ་རྩེད་ཅིག་ལ་རོལ་ཐུབ་བམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།