ཀྲུང་གོ་བོད་ཀྱི་དྲ་བ།

2018ལོ་དང་སྒེར་གྱི་འཚོ་བ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོག་ཀློའུ་སྒྲོལ་རྡོ།   སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

2018ལོར། སྒེར་ངོས་ནས་དེབ་སྣ་ཚོགས་པ་མང་པོར་དོ་སྣང་བྱས་མྱོང་ནའང་། སྤྱིའི་ཆ་ནས་རིགས་གསུམ་དུ་དགར་ཆོག་སྟེ། བོད་སྐད་ཀྱི་གཏིང་འཁྱིལ་བའི་བོད་རྩོམ་དག་ཀློག་པ་ནི་སྔར་གྱི་ཤེས་བྱ་ཡོན་ཏན་དག་ཡར་བསྐྱེད་ཀྱི་རྒྱུ་རུ་བསྔོ་བ་དང་། རྒྱ་རྩོམ་ལ་ཟ་དང་ཟུར་ནས་དོ་སྣང་བྱེད་པ་ནི་རང་གི་གསར་རྩོམ་གྱི་ལྟ་རྒྱ་བསྐྱེད་པ་དང་འཚོ་བར་སྔར་ལས་ཆ་རྒྱུས་ཏོག་ཙམ་ཡོང་བའི་དོན་དུ་ཡིན་ཞེས་སྨྲས་ན་སྐྱོན་ཆེན་པོ་མི་འདུག་སྙམ། ཡང་གཞན་ཞིག་ནི་འགྱུར་དེབ་ཀྱི་རིགས་ཡིན་ཤས་ཆེ། འགྱུར་དེབ་མང་པོ་མེད་པའི་བོད་ཀྱི་རྩོམ་སྟེགས་སུ་ད་ཆ་ལོ་ཙཱའི་དེབ་གང་མང་ཞིག་ཐོན་གྱིན་ཡོད་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཏུ་སྣང་བ་སྨོས་མ་དགོས། དེ་དག་ཕལ་མོ་ཆེ“压缩版”ཁོ་ན་ལགས་པས། མི་རེ་ཟུང་གིས་སྒེར་གྱི་ཁེ་ཕན་ཁོ་ན་ཡིད་ལ་བརྣགས་ཏེ་ཚོང་ལས་དང་ཁེ་འབབ་ཀྱི་ཆེད་དུ་དེབ་རྒན་ཞིག་ཡིན་ཁ་བོས་དྲ་སྒང་དུ་སྤུར་གྱིན་ཡོད་ལ། ཡོད་དོ་ཅོག་གསེར་དུ་རློམ་ནས་རྫུན་གྱི་གཤོག་འོག་ཏུ་རླུང་གཡུག་གིན་པ་འདི་དག་གིས། བོད་རང་གི་རྩོམ་སྟེགས་ཀྱི་མདུན་ལྗོངས་ཀླ་ཀློ་དང་མུན་ནག་གི་འཇིག་རྟེན་ཞིག་ཏུ་སྐྱེལ་གྱིན་པའི་སྣང་བ་སྐྱེས་ཤིང་། ཀུན་གྱིས་མཁྱེན་ངེས་པས་འདིར་ངལ་བ་བསྐྱུང་བར་འདོད་དོ། །

2018ལོར། ཁོ་བོས་རང་གི་དགའ་ཕྱོགས་ཀྱི་མུ་མཐའ་བསྲིངས་ནས་གསར་རྩོམ་བྱེད་ཞོར་ཕ་ཡུལ་གྱི་ལོ་དེབ་གསར་པ《མཚེར་ས》རྩོམ་སྒྲིག་གི་ལས་ཀ་ལྷུར་བླངས་པ་དེ་ཡིན། སྤྱིར་རྩོམ་སྒྲིག་གི་ལས་ཀར་ཆ་རྒྱུས་དང་དོ་སྣང་ཅིའང་མེད་མཁན་ཚོར་མཚོན་ན་ངོ་སོ་དང་གོ་ཐོབ་ཁོ་ནར་བལྟས་ཏེ་རྩོམ་ཡིག་དག་ལྷན་པ་སྦྱོར་སྦྱོར་བྱ་ཆོག་སྙམ་སྲིད་མོད། བོད་ཀྱི་རྩོམ་སྟེགས་ལ་མཚོན་ནའང་འདྲ། སྒོས་སུ་ང་རང་གི་ཕ་ཡུལ་ལ་མཚོན་ན་རྩོམ་རིག་ལོ་དེབ་ཧ་ཅང་ཉུང་བ་དང་། ཁྱད་པར་དུ་རྩོམ་སྒྲིག་ཞིབ་ཚགས་མིན་པའི་སྤྱི་སྒེར་གང་གི་དེབ་དང་སྤྱི་སྟེགས་མང་པོ་བྱུང་དང་འབྱུང་གིན་པ་དེས་རྩོམ་ཀོག་ཐན་ཐུན་བྲིས་ཏེ་རྩོམ་སྟེགས་སུ་རྩོམ་པ་པོ་གང་གི་འཚང་སྙིང་འདོད་པའི་རྩོམ་དགའ་རེ་ཟུང་ལ“རྩོམ་པ་པོ་གྲགས་ཅན”དང“སྙན་ངག་པ”སོགས་ཀྱི་ཆོ་ལོ་ཐོབ་ཡོད་ཅིང་། ས་རྡོ་མཉམ་བསྲེས་ཀྱི་གར་སྟེགས་ཤིག་ཏུ་མཆེད་ཀྱིན་འདུག་པའི་རྩོམ་སྟེགས་ཤིག་ལས་ཅིའང་མིན་པའི་སྣང་ཚུལ་མི་འབྱུང་གྲང་། ཡང་ལ་ལས་མཚན་སྙན་གྲགས་ཀྱི་དོན་དུ་རྩོམ་འབྲི་བར་ན་རག་བྱེད་པ་མཐོང་། སྔོན་གྱི་དམ་པ་ཚོར་འདི་འདྲའི་གསུང་སྒྲོས་ཤིག་མཆིས་ཏེ། མེ་བུས་ན་དུ་བ་ཞོར་ལ་ཡོང་ཟེར། ཁྱེད་ཀྱིས་ངེས་དོན་གྱི་བརྩམས་ཆོས་རེ་ཕྲིས་དང་མཚན་སྙན་གྲགས་ནི་མེ་ཞོར་གྱི་དུ་བ་འདྲ་བོ་རེད། དེ་མིན་ཐབས་འདྲ་མི་འདྲ་སྣ་ཚོགས་འཐེན་ནའང་གྲགས་སྐམ་སྟོང་བ་རེ་ཐོབ་ཀྱང་སྲིད་ལས་ཆེ་མོད་སྙིང་པོ་ཅི་ཞིག་གདའ་འམ། ངས་ནི་ད་སྐབས་ཤིག་ལ་རང་གི་མྱོང་སྣང་དམར་པོས་རྩོམ་རེ་བྲི་རྒྱུ་ནི་ཤིན་ཏུ་གལ་ཆེ་བྱུང་སྙམ་ནས་བསྡད་ཡོད་ཅེས་བཟླས་ཤིང་ཟློ་བཞིན་ཡོད། དེ་བས། ང་ཚོས་བྲིས་བྲིས་ཚང་མར་རིན་ཐང་ཡོད་མེད་དེ་དུས་ཚོད་ཀྱིས་ཞུ་དག་ནན་མོ་ཞིག་བཏང་ཡོང་ངེས་རེད་ལ། དུས་ཚོད་ཀྱིས་གསེར་བཙགས་ནས་མཆོད་སྟེགས་སུ་འཇོག་ངེས་ལ། གད་སྙིགས་ཕྱགས་ནས་སྙིགས་ཟོམ་དུ་འདེད་ངེས། དེ་བས་རྩོམ་བྲིས་ན་རླུང་རྟ་མི་རྒྱུག་པའི་རྩོམ་མཁན་རྣམས་ཀྱིས་ཀྱང་བློ་ཕམ་དེ་ཙམ་བྱ་དགོས་པ་ཞིག་གཞར་ཡང་མིན་ནོ། ། ཡང་གཅིག་བཤད་ན་རི་བོང་གནམ་རྡིབ་ཀྱི་སེམས་འཁུར་འདྲ་བོ་ཞིག་ཏུ་ཆགས་འདུག་གོ། །

2018ལོར། ང་ཚོས་ཁུ་སིམ་མེར་ཐེག་དཀའ་བའི་རང་ཉིད་རེ་རེ་བཀྱགས་ནས་ལྗིད་ཏིག་ཏིག་གིས་འགྲོ་བཞིན་འདུག་ནའང་། ང་ཚོ་ཕྱིར་དྲན་གྱི་བཞི་མདོ་ནས་ཡང་ཡང་འཛོམས་ཤིང་འཛོམ་ངེས། ལོ་འདིར་བག་ཆགས་ཆེ་གྲས་དང་ཟབ་ཤོས་ཀྱི་གློག་བརྙན་ནི《隔隔老师》དང《怦然心动》ཞེས་པའི་གློག་བརྙན་འདི་གཉིས་ཏེ། སྔ་མ་དེར་བོད་སྐད་དུ《 ཨི་ཀ་མ》ཞེས་པ་དང་འབྲེལ་ནས་སྐད་ཆ་འགའ་སྨྲ་དགོས་བྱུང་སོང་། འུ་ཚོས་དོན་གསར་པ་གང་ཞིག་བོད་ཡིག་ཏུ་ངོ་སྤྲོད་སྐབས་ཐོག་མར་བོད་རང་ལ་བརྡ་དེ་ཡོད་མེད་ལ་མནོ་བསམ་གཏོང་དགོས་ལ་གཏང་ཡང་དགོས། སྒྲ་སྒྱུར་ཙམ་དུ་ཨག་ཨག་དང་ཨིག་ཨིག གག་གག་སོགས་ཟེར་བཞིན་གང་འདོད་དུ་བསྒྱུར་ན་ཡག་སྣང་ཏོག་ཙམ་ཡང་མི་འདུག རྒྱ་སྐད་ལ་ཡག་ཀྱང་བོད་སྐད་ལ་མི་སྙན་ནོ། ། བོད་རང་ལ་སྐྱིགས་བུ་འབྱིན་པའི་སྒྲ་དེའི་མིང་ལ་ཨི་ཀ་ཟེར་བཞིན་དུ་ཨག་ཨག་དང་ཨིག་ཨིག གག་གག་ཟེར་ནས་སྐེ་ཏི་བསྡམས་པ་ལྟ་བུའི་སྒྲ་ཞིག་ཏུ་བསྒྱུར་དགོས་དོན་རྦད་དེ་མི་འདུག གློག་བརྙན་འདི་ལས་དགེ་རྒན་ངན་པ་ལས་སློབ་མ་ངན་པ་མེད་ཟེར་མཁན་ཚོ། འདང་རྒྱོབས་ཤིག དཔེ་ཞིག་བཞག་ན། སྤྱི་ཚོགས་ངན་པ་ལས་སློབ་གྲྭ་ངན་པ་མེད་ཅེས་པ་དང་ཁྱིམ་བདག་ངན་པ་ལས་སློབ་མ་ངན་པ་མེད་ཅེས་པ་དང་འདྲ་ཨང་། དེ་བཞིན་རིགས་བསྒྲེ་ཡིས་ཅི་འདོད་བཞིན་བསྒྲིག་ཆོག་པར་སྣང་། དེ་བས། འཐུས་ཚང་མིན་པའི་སྤྱི་ཚོགས་ཤིག་ནས་འཁྲི་བ་ཡོད་ཚད་སྤྱི་དང་སྒེེར་གང་གི་མགོར་འགེལ་བ་ལས་ཚང་མས་འཐབ་ཕྱོགས་གཅིག་ཏུ་འབད་པ་བྱས་ན་མི་དགའ་འམ་སྙམ། ཕྱི་མ་གློག་བརྙན་འདི་ལས་བྱིས་པ་གཉིས་ཀྱི་ཆེས་ལྷད་མེད་དྭངས་གཙང་གི་བརྩེ་དུང་ལ་ཕྱིར་དྲན་བྱ་ཐུབ། སྣ་འདུས་སྣེ་འཛིང་གི་སྤྱི་ཚོགས་ནང་དུ་ང་ཚོས་དུས་ཚོད་དང་ལྷན་དུ་འགྲན་རྒྱུག་དང་ཕ་མ་དང་བུས་ཕྲུག་གཅེས་པར་སྐྱོང་དགོས་པ་ཙམ་ལས་འཚོ་གཞེས་ཀྱི་ཟ་ཟུར་གང་གི་གྲུབ་ཆ་ཡག་ཤོས་ཤིག་ཏུ་འཛིན་ཐུབ་ཀྱིན་མེད་པ་དེས་ཆོས་ཉིད་མང་པོ་ཞིག་བག་ལ་ཞ་རུ་བཅུག་ཡོད་པར་གློག་བརྙན་འདི་ནས་གོ་བརྡ་སྤྲད་པ་ནས་ཡུན་གྱིས་ཁོག་ལ་སྡུག་ཅིག་བསྐྲུན་ཡོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།