ཀྲུང་གོ་བོད་ཀྱི་དྲ་བ།

ངའི་ལོ་གཅིག་གི་འགྲུལ་བཞུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018ལོའི་ལོ་འདི་ཡང་ལས་ཀར་བྲེལ་འཚུབ་ཆེ་ཞིང་དུས་ཚོད་ཀྱི་འགྲོས་ཤིན་ཏུ་མགྱོགས་པ་ཞིག་སྟེ་ལོ་ཕྱེད་ཀྱི་ཡུན་ཙམ་ལས་མ་འགོར་བའི་རྣམ་སྟངས་བྱིན་སོང་། ལོ་མཇུག་ཏུ་ཕྱིར་མིག་ཅིག་ལྟ་དུས། ལོ་འདིའི་དུས་ཚོད་ཕལ་ཆེ་ཤོས་ཀྱང་ཡིག་སྒྱུར་ལ་བསྟིམས་ཡོད། ཁོ་བོར་མཚོན་ན། གཞན་གྱིས་ལས་བཅོལ་བྱས་པ་དང་རང་གིས་འཁུར་དུ་བླངས་པ་ཅི་རིགས་ཀྱི་ལོ་ཙཱའི་ལས་ཀ་མང་པོ་མཛོ་ཁལ་ར་ཡིས་མི་ཐེག་པ་བཞིན་མདུན་ཅོག་ཐོག་ཏུ་ཕུང་པོར་སྤུངས་ཡོད་པས། བློ་དམན་ལོ་ཙཱ་བ་ཆུང་ཆུང་ཞིག་གི་འགན་ཅི་ནུས་ཀྱིས་འགྲུབ་དགོས་པར་ནམ་ཡང་འབད་པས་རྒྱུན་སྐྱོང་དགོས་ཡོད།

དེ་ཡང་ལོ་སྟོད་ལ་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ལོ་འགའི་སྔོན་ཕྲན་ལ་རེ་སྐུལ་བཏོན་པ་བཞིན། ངེད་ཀྱི་ཕ་ཡུལ་ལུང་པའི་མི་རིགས་སློབ་གསོའི་ལས་དོན་ལ་ཕྱག་རྗེས་ཆེ་བའི་མི་བོ་ཆེ་གང་གི་ལོ་རྒྱུས་དེབ་ཆུང《རྒྱ་ཡེ་ཕུན་ཚོགས་ཀྱི་མི་ཚེའི་བྱུང་བ་རགས་བསྡུས》ཞེས་པའི་རྩོམ་འཕྲོ་བསྐྱངས་ནས་རྫོགས་པར་བྱས། དེ་སྔ་གཞན་གྱིས་དཔེ་དེབ་དེ་ཨིན་ཇིའི་སྐད་དུ་བསྒྱུར་འདུན་ཡོད་ཚུལ་ཡང་ལབ་བྱུང་མོད། འོན་ཀྱང་དཔེ་དེབ་འདི་ས་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ལྟ་བུར་ཉར་བ་ལས་གནས་སྐབས་སུ་པར་སྐྲུན་འགྲེམ་སྤེལ་བྱ་རྩིས་མེད།

སྤྱི་ཟླ་གསུམ་པར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གནད་ཆེའི་ལས་གཞི་སྟེ་དེབ་བརྒྱའི་བདག་ཉིད་ཅན་གྱི་དཔེ་ཚོགས་ལས། དེ་སྔ་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་དང་ཕྲན་པ་རང་གཉིས་ཀྱིས་མཉམ་དུ་བསྒྱུར་བའི《ཀྲུང་གོའི(རྒྱ་ནག)ཡི་གེའི་འཕེལ་འགྱུར་གྱི་ལོ་རྒྱུས》(中国文字发展)དང་། ཁོ་བོས་བསྒྱུར་བའི《གོང་མ་ཕིས་ཐེར་གྱི་བཅོས་སྒྱུར》(彼得大帝改革)ཞེས་པའི་དཔེ་དེབ་གཉིས་ལ་ཡིག་གྲངས་ཀྱི་ཚད་བཀག་དབང་གིས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་བླང་བྱ་ལྟར་མགོ་ནས་མཇུག་བར་དུ་ཡང་བསྐྱར་འཕྲི་སྣོན་བཟོ་བཅོས་མང་དུ་བཏང་།

སྤྱི་ཟླ་བཞི་པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང《ཏང་གི་འཚོ་བ》རྩོམ་སྒྲིག་ཁང་གིས་ཁོ་བོར་དཔང་ཡིག་ཐམ་ལྡན་དང་བཅས་སྤྲད་དེ་དུས་དེབ་དེའི་ཆེད་བསྐོས་ལོ་ཙཱ་བར་ཞུས། ཁོ་བོས་ཀྱང་ལོ་ཙཱ་བ་ཡིན་མདོག་གིས་འགན་ཕྲག་ཏུ་བླངས། བསྒྱུར་བྱའི་རྩོམ་ཡིག་གི་ནང་དོན་ཕལ་ཆེ་བ་ནི་ཏང་སྲིད་བྱ་བ་དང་སྤྱི་ཚོགས་གསར་འགྱུར་གྱི་སྐོར་འབའ་ཞིག་ཡིན་པས། རིག་གཞུང་དང་རྩོམ་རིག་ཡིག་སྒྱུར་བྱེད་སྐབས་ཀྱི་དེ་འདྲའི་སྤྲོ་བ་དང་ཧུར་སེམས་མེད་པར། སྐབས་ལན་རེར་དེབ་རེ་རེའི་རྩོམ་ཡིག་དག་གི་མ་ཡིག་བསྐུར་ཐོན་དུས་མཐོང་བ་ཙམ་ནས་སུན་པོ་སྐྱེས་འོངས་མོད། ལར་སྲིད་གཞུང་གི་སྒོ་ཁར་བོད་ཡིག་གི་ལམ་དོག་མོར་ཆགས་ཡོད་པས། དུས་དེབ་འདིས་ཀྱང་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་བྱེད་པར་ནུས་པ་ཅུང་ཟད་ཅིག་ཅི་ལ་མི་ཐོན་སྙམ་ནས། ཡིག་སྒྱུར་བྱེད་དུས་རང་ལ་བརྩོན་པས་ལྕག་གིས་བསྣུན་པ་ཡིན།

སྤྱི་ཟླ་ལྔ་པར། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མགོན་པོ་རབ་བརྟན་ལགས་ཀྱིས་གཙོ་སྒྲིག་པའི་འགན་བཞེས་པའི་རྒྱལ་ཁབ་ཀྱི་གནད་ཆེའི་ལས་གཞི་སྟེ《ཀྲུང་གོའི་ཤེས་བྱ་ཀུན་འདུས་ཆེ་མོ་ལས་དངོས་ལུགས་རིག་པ་བོད་འགྱུར་མ》(中国大百科全书·物理学{藏文版})ཞུས་བཤེར་གཏན་འབེབས་ཆེད་མཁས་པའི་ཚོ་ཆུང་དུ་ཞུགས་ཏེ། ཟླ་གཅིག་གི་རིང་མཁོས་སུ་བབ་པའི་ལས་དེ་ཁོ་ན་ཉིད་ལ་འབད་པས་རྒྱུན་བསྐྱངས་ཏེ་སྡུག་ཅུང་ཙམ་བཏགས་ནའང་དོན་སྙིང་ཡོད་སྙམ། ད་དུང་དངོས་ལུགས་རིག་པའི་བརྡ་ཆད་མང་པོ་གསར་དུ་ངོ་ཤེས་ཤིང་གོ་བ་ལོན།

སྤྱི་ཟླ་དྲུག་པར། སྐུ་ཞབས་གཅོད་པ་དོན་གྲུབ་དང་དགེ་རྒན་སྟོབས་ལྡན་གཉིས་ཀྱིས་ལས་བཅོལ་བྱས་ཏེ། སྐུ་འབུམ་དགོན་པའི་དགེ་བཤེས་བློ་བཟང་རྡོ་རྗེ་མཆོག་གི་མཛད་རྣམ་བསྡུས་པ་མེ་ཏོག་ཕྲེང་བ་ཞེས་པ་རྒྱ་ཡིག་ཏུ་བསྒྱུར། སྐབས་ཐོག་དེར་མིག་གཉིས་ཅུང་མི་བདེ་བ་བྱུང་བས། ཐོག་མར་ཤོག་བུའི་སྟེང་བྲིས་རྗེས་རྩིས་འཕྲུལ་དུ་འབེབ་འཇུག་བྱ་རྒྱུ་གཞན་ལ་ལས་བཅོལ་བྱས་ཆོག་སྙམ་སྟེ་ཤོག་ལྷེ་བདུན་བརྒྱད་ཙམ་བསྒྱུར། བྲིས་པ་རྒྱུག་ཆེ་བས་བར་དུ་ཡིག་བཙོག་རང་གིས་ཀྱང་ངོས་ཟིན་དཀའ་བ་བྱུང་། ཐ་མ་སླར་རྩིས་འཕྲུལ་ལ་གདོང་མི་གཏོད་ཀ་མེད་ཐུག་སྟེ་ལས་ཀ་བསྐྱར་རྫོགས་བྱས་པ་གླེན་པ་གཏི་ཐུག་གི་དཔེ་བཞིན་སོང་།ཟླ་དཀྱིལ་དུ་གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་ཆུ་བོ་སྐོར་ཞིག་ངོ་སྤྲོད་བྱ་དགོས་ཞེས་དགེ་རྒན་དོན་གྲུབ་ཚེ་རིང་ནས་ལས་བཅོལ་བྱས་པ་ལྟར།《རིག་མོའི་ཆུ》ཞེས་པ་བྲིས་ཏེ་ཚགས་པར་སྟེང་སྤེལ་རྗེས། ཀློག་པ་པོ་འགའ་རེས་ཁ་བྱང་ལ་གོ་བ་ལོག་ཏེ་དགོངས་འཆར་མང་དུ་སྩོལ་མཁན་བྱུང་།

སྤྱི་ཟླ་བདུན་པར། ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་བཀོད་སྒྲིག་ལྟར། པེ་ཅིན་དུ“2018ལོའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ལོ་ཙཱའི་ཆེད་ལས་དགེ་རྒན་གྱི་གསོ་སྦྱོང”(2018年全国高等院校翻译专业师资培训)དུ་ཞུགས་པའི་གསལ་བརྡ་འབྱོར་མོད། དུས་ཚོད་ཀྱིས་གཏུགས་པས་ཞུགས་ཐུབ་མ་སོང་། ཟླ་མཇུག་ཏུ་ཀྲུང་དབྱང་བརྙ་འཕྲིན་ཁང་གི་ཞིང་ལས་ལེ་ཚན་དུ་གཏོང་བཞིན་པའི་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་བའི་སྐོར་གྱི་བརྙན་འཕྲིན་ཟློས་གར་བཅུ་ཐམ་པའི་འཁྲབ་ཚིག་བསྒྱུར་རྒྱུ་ལས་བཅོལ་བྱས། དེ་ལས་བཞི་མ་གཏོགས་ལྷག་མ་རྣམས་དུས་ཚོད་ཀྱི་དབང་གིས་བསྒྱུར་ཁོམ་མ་བྱུང་ཕྱིར་སྤྲད།

སྤྱི་ཟླ་བརྒྱད་པར། ཟླ་གཅིག་གི་ངལ་གསོའི་གནང་བ་ཞུས་ཏེ་མགོ་ལོག་ས་ཆར་ལོ་དུ་མར་མ་མཇལ་བའི་སློབ་གྲོགས་ལ་འཕྲད་དུ་ཕྱིན། བྱ་བྲལ་ཆོས་དབྱིངས་རིན་པོ་ཆེར་མཇལ་བའི་སྐལ་བ་ཐོབ། རྙིང་མའི་དགོན་ཆེན་འགའ་རེར་མཇལ། དགའ་བདེའི་སློབ་གྲོགས་བཟང་པོ་བསོད་བསྟན་གྱིས་སྣེ་ལེན་དེ་ལས་ལྷག་མེད་པ་བྱས་པས་བཀའ་དྲིན་རབ་ཏུ་ཆེ་བར་གདའ། ཁོ་ཚང་དུ་ཉིན་དུ་མར་རང་ཁྱིམ་གྱི་རྣམ་སྟངས་བཟུང་སྟེ་འཛེམ་བག་མེད་པར་ལུས་སེམས་ལྷོད་བག་ངང་ནས་བསྡད། ཁོའི་བྱིས་པ་སྙིང་རྗེ་པོ་རྣམས་རིང་མིན་ང་ལ་ལོབས་ཏེ་ནམ་རྒྱུན་མདུན་རྒྱབ་གཡས་གཡོན་གང་རུང་ནས་རྐེད་དང་ལག་པར་འཇུས་པས། བུ་དང་ཆུང་མ་མེད་པའི་ཁེར་རྐྱང་གི་ང་ལ་ཕ་བུའི་སྣང་བ་རྫུན་དུ་མ་སོང་བ་ཞིག་བྱིན་སོང་། དར་ལག་གི་རྫོང་སྟོན་ལ་ལྟད་མོར་སོང་། རྟ་ཆེན་འབྲུག་འདྲ་བ་མང་། ཤོམ་པ་ཧ་ལས་པོ་ཡོད། མཛེས་མ་ལྟ་བས་མི་ངོམ་པ་གཅིག་མིན་གཉིས་མིན་མཐོང་རྒྱུ་གདའ།ཉིན་འདི་དག་གི་བར་སྐབས་ལ། སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ནས་ཡིག་ཆ་ཞིག་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་རེ་བ་གནང་། འོན་ཀྱང་ལག་ཐོགས་རྩིས་འཕྲུལ་བཟུང་མེད་པ་དང་རི་ལུང་དེ་གར་ཁ་པར་ནང་ཀློག་གསོག་རྒྱུ་ཡང་སྟབས་བདེ་པོ་མིན་པས་རོགས་རམ་བྱེད་མ་ཐུབ་པར་ཅུང་འགྱོད་པ་བྱུང་། ཕྱིར་ཟི་ལིང་དུ་ཐོན་རྗེས།《མི་རིགས་ཀྱི་རྩོམ་རིག》རྩོམ་སྒྲིག་ཁང་གིས་འགན་བཅོལ་བ་ལྟར《ཀྲུང་གོའི་དེང་རབས་རྩོམ་རིག་གཅེས་བསྡུས》དཔེ་ཚོགས་སུ་བདམས་པའི་རྩོམ་ཡིག་རིང་པོ་གཉིས་བསྒྱུར། ཟླ་མཇུག་ལ།རྒྱ་ནག་གི་ཀོང་ཞུས་ལའོ་ཁྲེང་ཡུལ་དུ་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭར་ཞུགས།ལོ་ཙཱ་བ་དང་རྩོམ་པ་པོ་ཡིན་ཟེར་བའི་རྒྱ་བོད་ཤེས་ཡོན་པ་སྐོར་ཞིག་ངོ་ཤེས། ཉིན་ཅིག་གྲོགས་པོ་ཅོ་ནེ་ཡུམ་ཚེ་རིང་ངེད་གཉིས་ཚོགས་མིས་མཉམ་དུ་དགོང་ཟས་ཟ་བའི་དུས་ཚོད་ཀྱི་རྗེས་སུ་ལུས་ཏེ། ཅོག་ཙེའི་སྟེང་གི་ཟས་སྡེར་སྟོང་བ་མང་པོ་ཕར་བསྐོར་ཚུར་བསྐོར་བྱེད་ཞོར་བ་དམ་དང་མ་རྨོས་ལོ་ཏོག་སོགས་ཤིང་ཏོག་རིགས་ཀྱི་ཟས་ལྷག་འབའ་ཞིག་ཟོས་ཏེ་ཕོ་བ་འགྲང་ཐབས་ཙམ་བྱས་པ་དྲན་ན་ད་དུང་དགོད་བྲོ་བར་གདའ།

སྤྱི་ཟླ་དགུ་པར། ལུང་རིན་ཆེན་གྱི་ལྷུག་རྩོམ་ཕྱོགས་བསྒྲིགས《ཚིག་ཇ་དང་འབྲི་ཞོ》དང《རྟ་གོང་ལ་ཆགས་པའི་མཚོ་སྔོན》ཞེས་པའི་དེབ་གཉི་ག་བོད་ཡིག་ཏུ་བསྒྱུར་རྒྱུ་ཁས་བླངས་ཏེ་ད་ལྟ་བསྒྱུར་དང་སྒྱུར་མུས་སུ་ཡོད། ཟླ་དཀྱིལ་དུ་སང་ལོར་ཧྥ་རན་སི་རྒྱལ་ཁབ་ཏུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནས། ཁོ་བོའི་སྒྲ་སྦྱོར་བམ་གཉིས་སྐོར་གྱི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་བདམས་ཐོན་བྱུང་བའི་གསལ་བརྡ་འབྱོར་བས་ཡིད་ཧ་ཅང་སྤྲོ་པོ་བྱུང་། འོན་ཀྱང་། བྱ་བར་བྲེལ་ཆེ་བས་དཔྱད་རྩོམ་གྱི་གཞུང་དངོས་ནི་ད་དུང་ཡིག་རྡོག་གཅིག་ཀྱང་འབྲི་ཁོམ་མ་བྱུང་བར་ལྷག་ཡོད། བར་སྐབས་དེར་བདག་གི་རྨོ་མོའི་ཚེ་ཡིས་མ་ལྕོགས། ལོ་གོ་བརྒྱད་ཡིན། ཟླ་ལྷག་མང་པོ་གྲངས་སུ་བརྩིས་ན་ལོ་བརྒྱར་བཞུགས་ཡོད་པར་ཐེ་ཚོམ་མེད། ན་ཚ་ཟུག་གཟེར་ཅི་ཡང་མེད་པར་རང་གི་བུ་མོ(ངའི་མ་ལགས)གཅིག་པུའི་པང་ནས་མར་མེ་གཟིམས་པ་བཞིན་དུ་བདེ་བར་བཞུད་སོང་བས། ཅི་ཞིག་ལ་རང་དབང་ཡོད་པའི་འཆི་བ་ཟེར་བ་གཞི་ནས་ཧ་གོ་སོང་། ཉིན་རེ་འགའ་ཞིག་ལ་སེམས་གདུང་ཤུགས་དྲག་པོས་གཙེས་ཏེ་ལས་ཀ་ཅི་ཡང་སྒྲུབ་མི་འདོད་པ་ཞིག་ཆགས་ནའང་། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་བཟོད་བསྲན་མཐར་སྐྱེལ་སྒོས་གཏོང་གཏད་ན་སྡུག་ལ་བརྗེད་རྒྱུ་མེད་ཀྱང་རྙིང་རྒྱུ་ཡོད་སྲིད། ཟླ་མཇུག་ཏུ་གྲོང་ཁྱེར་ཐེན་ཅིན་ལ་ཕྱིན་ཏེ། ཉིན་གསུམ་གྱི་རིང2018ལོའི་རྒྱལ་ཡོངས་དངོས་ལུགས་ཁྱབ་སྤེལ་ཚོགས་ཆེན(2018年全国物理科普大会)སྟེང་ཞུགས། རྒྱལ་ནང་གི་དངོས་ལུགས་རིག་པ་སྨྲ་བ་དང་ཚན་རིག་པའི་མཁས་ཅན་སྐོར་ཞིག་ངོ་ཤེས། ཚོགས་མི་ཉིས་བརྒྱར་ཉེ་བ་ཞིག་འདུག་ཀྱང་བོད་མགོ་ནག་གཅིག་ལས་མེད། དངོས་ལུགས་རིག་པའི་བློ་སྐྱེད་མང་ཙམ་ཐོབ། ཚོགས་འདུའི་སྐབས་རྒྱའི་ཤེས་ཡོན་པ་དག་གིས་དུས་ཚོད་ལ་ཤིན་ཏུ་གཅེས་འཛིན་བྱེད་པས་ཅི་ཞིག་ལ་དུས་ཚོད་ཀྱི་འདུ་ཤེས་ཟེར་བ་ཧ་གོ་སོང་། པེ་ཅིང་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀོང་ཆི་ཧང(龚旗煌)ལགས་ལ་སྒེར་དུ་གླེང་མོལ་བྱེད་པའི་གོ་སྐབས་བྱུང་། ཁོང་གིས་ལོ་ཙཱའི་བྱ་བ་ཤིན་ཏུ་གལ་ཆེ་ཚུལ་གྱི་བཀའ་སློབ་གནང་བས་ལས་རིགས་འདི་ལ་སྔར་ལས་འབད་པ་བྱེད་པའི་བློ་སྤོབས་བྱུང་།

སྤྱི་ཟླ་བཅུ་པར། རྒྱལ་ནང་གི་རིག་གཞུང་ཚོགས་འདུ་འགའ་རེར་ཞུགས་དགོས་པ་བྱུང་ཡང་། ཐག་རིང་པོ་འདུག་པས་འགྲོ་མ་ཐུབ་བསྐྱུར་བཞག ཟླ་དཀྱིལ་དུ་འཕགས་མོ་བཀྲ་ཤིས་དང་། རྨོག་རུ་དོན་གྲུབ་ཚེ་རིང་། ལུང་རིན་ཆེན་སོགས་གྲོགས་མཆོག་སྐོར་ཞིག་དང་མཉམ་དུ་འཛོམས་ཏེ། ཁོ་བོ་རང་གི་མི་ཚེའི་སྐྱེས་སྐར་ཐོག་མ་རོལ། གྲོགས་རྣམས་ཀྱིས་སོ་སོ་ནས་ལོ་ཙཱའི་དཔེ་དེབ་ལེགས་པོ་དང་རྟེན་འབྲེལ་ཞུ་ཡིག་སོགས་ལེགས་སྐྱེས་གྱ་ནོམ་པ་བསྩལ། ཟླ་མཇུག་ཏུ་ཁོ་བོས་བསྒྱུར་བའི《ཨེན་སི་ཐན་གྱི་ཤེས་རབ》ཅེས་པའི་བོད་འགྱུར་དེབ་ལ་མགོ་ནས་མཇུག་བར་དུ་ཞུས་དག་ཐེངས་གཅིག་བྱས། སྔ་དགོང་གི་དུས་སུ་དཔེ་ཀློག་རེ་བྱས། རྩོམ་ཡིག་རེ་གཉིས་བསྒྱུར།

སྤྱི་ཟླ་བཅུ་གཅིག་པ། ཟླ་མཇུག་ཏུ《2018ལོའི་ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ལོ་ཚོགས》(中国翻译协会年会)ལ་ཞུགས་པའི་གསལ་བརྡ་འབྱོར་མོད། འོན་ཀྱང་སྐབས་ཐོག་དེར་ཁོ་བོ་ཏག་ཏག་ངེད་རྩོམ་སྒྲིག་ཁང་གི་དེབ་དྲུག་པའི་རྩོམ་སྒྲིག་འགན་འཁུར་པར་ཁེལ་འདུག་པས། ཡང་དུས་ཚོད་ཀྱིས་གཏུགས་ཏེ་ཞུགས་ཐུབ་མ་སོང་།

རེ་ཞིག་ལོ་མཇུག་ཏེ་སྤྱི་ཟླ་བཅུ་གཉིས་པར་སླེབས། ཟླ་མགོར་རྒྱལ་སྤྱིའི་སྐུད་ཡོད་གཟུགས་ལམ་གསར་འགྱུར་དྲ་བ(CNN)ནས་ཨ་རིའི་སྲིད་འཛིན་སྔོན་མ་བྷོ་ཞི་ལགས་ཀྱིས་ཡབ་ཆེན་ལ་ཕུལ་བའི་མྱ་ངན་ཞུ་ཚིག་དབྱིན་སྐད་ནས་བོད་ཡིག་ཏུ་བསྒྱུར་ཏེ་ཀྲུང་གོ་བོད་ཀྱི་དྲ་བ་སྟེང་སྤེལ་རྗེས། ཉིན་བཞི་ཙམ་གྱི་ནང་ཀློག་གྲངས་ཁྲི་ཚོ་བཞི་ལས་བརྒལ་བ་བྱུང་། ཟླ་འདིའི་ནང་རང་ཞིང་གི་རིག་གཞུང་ཚོགས་འདུ་འགའ་རེར་ཡང་ཞུགས། སློབ་ཆེན་གྱི་དགེ་རྒན་འགའ་རེ་ངོ་ཤེས། ཉིན་ཅིག རྒན་པོ་སློང་མོ་བ་ཞིག་ལ་ཕྲད། རང་གི་གྱོན་པ་མཐུག་པོ(ཆེར་རྙིང་པའང་མིན། ཕ་ལམ་སྒྱེ་མོ་གང་ཡོད།)འགའ་དང་ཟ་མ་ཉུང་ཙམ་གྱིས་སྦྱིན་པ་བཏང་། མི་སོ་སོའི་ལས་དབང་གཅིག་གི་མ་རེད། འཇིག་རྟེན་གྱི་འཚོ་བ་ལ་ཡིད་ཆེས་ཡོད་པ་གྱིས་ཞེས་རྒན་པོར་སེམས་གསོ་ཡང་ཡང་བྱས། ཟླ་མཇུག་ཏུ་རང་གི་སྒྱུར་རྩོམ་དག་སྤྱི་བསྡོམས་ཤིག་བྱས། ད་ལོར་བྱ་བའི་ཞོར་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཁ་ཤས་སྟེང་སྒྱུར་རྩོམ་རེ་གཉིས་སྤེལ། དེ་ལས་རིང་ཐུང་ཅི་རིགས་མཆིས། གྲངས་མ་རྩིས། ཉུང་མཐར་ཡང་སུམ་ཅུ་ལྷག་ཙམ་ཡོད་སྙམ། མང་ཆེ་བ་དུས་དེབ་ཀྱི་མགོ་བརྗོད་དང་། རྩོམ་བཏུས། བརྩམས་སྒྲུང་། སྙན་ཞུའི་རྩོམ་རིག་སོགས་ཡིན། སློབ་གསོ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་ལྷ་མོ་མཚོ། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གསར་བརྗེ་བཅས་ཀྱི་རིག་གཞུང་དཔྱད་རྩོམ་གསུམ་བསྒྱུར།(བོད་ཀྱི་སློབ་གསོ་དུས་དེབ་སྟེང་སྤེལ།) དེ་ལྟར2018ལོའི་ལོ་འདི་ཡང་མགྱོགས་པོར་རྫོགས་ལ་ཡོད། ལོ་འདིར་ཕ་ཡུལ་ལ་ཐེངས་བཞི་ཙམ་ལས་འགྲོ་མ་ཐུབ་ཀྱང་། ཁོམ་དུས་དྲིན་ཅན་ཕ་མ་གཉིས་ལ་བསྐོར་བ་རེ་བྱས་ཏེ། སྐད་ངག་འཇམ་པོ་རེ་བཤད། ཟས་ཞིམ་པོ་རེ་བྱིན། ལྭ་བ་དྲོན་པོ་རེ་ཉོས། ངའི་མ་ལགས་མ་རྨོས་ལོ་ཏོག་ཟ་རྒྱུར་དགའ་བས། ནམ་རྒྱུན་ཕ་ཡུལ་ལ་ལོག་ཐེངས་རེར་སྟོང་སྐོར་ནས་མ་རྨོས་ལོ་ཏོག་དྲོན་མོ་རེ་ཉོ་རྒྱུ་ངའི་གོམས་གཤིས་སུ་ཆགསས་ཡོད།

ཧ་ལམ་གཟའ་སྤེན་པ་དང་གཟའ་ཉི་མའི་ཉིན་མོར་ཡང་ང་རང་གཞུང་ལས་ཁང་དུ་ཡོད་སྲིད། ལན་རེར་ལུས་སེམས་ལྷོད་གཡེང་གི་ཆེད་དུ་འདུ་འཛི་མེད་པའི་ཇ་ཁང་དུ་ཇ་འཐུང་ཞོར་རང་ཉིད་གཅིག་པུ་ཁུ་སིམ་བག་ཕེབས་ངང་ནས་བསམ་གཞིགས་ཀྱི་མཁའ་དབྱིངས་སུ་བསྐྱོད་ངེས། ཡང་ན་རོལ་མོ་རེར་ཉན། འབྲོག་གླུ་སང་སང་རེར་ཉན་ན་ཁེར་རྐྱང་གི་སྐྱོ་བ་སངས་དུས་ཀྱང་ཡོད། འཕྲིན་ཕྲན་རྩེ་རྒྱུར་མི་དགའ། གྲོགས་རེ་འགས་ང་རང་གོ་མེད་ཚོར་མེད་ལ་འཕྲིན་ཕྲན་གྱི་ཚོགས་པ་འགའ་རེའི་ནང་ཁྲིད་འགྲོ། དགོས་མེད་ཀྱི་ཚོགས་པ་མང་པོ་ཞིག་ནི་ལས་ཀའི་བར་ཆད་དུ་འགྲོ་བས་ཕྱིར་བུད་པ་ཡིན། ང་ལ་ཡུལ་མི་དང་། ལས་གྲོགས། སློབ་གྲོགས་སོགས་ཀྱི་ཚོགས་པ་དགོས་པ་ཅན་འགའ་རེ་ལས་མེད།ནམ་རྒྱུན་ཕྱི་དྲོ་ལས་ཚོགས་གྲོལ་མ་ཐག ལས་ཁུངས་ཀྱི་རྒྱ་བོད་ལས་གྲོགས་ཚང་མ་རང་རང་གི་ཡུལ་ལ་གཤར་འགྲོ། ཉམ་ཆུང་གི་འབྲོག་མི་ལོ་ཙཱ་བ་དེ་གཅིག་པུ་སྔར་བཞིན་གཞུང་ལས་ཁང་དུ་ལྷག་ཡོད། མ་ལགས་ཀྱིས། ཁ་པར་བཏང་སྟེ། བུ། ད་ཅི་བྱེད་གོ  ཟ་མ་ཨེ་ཟོས། གཟུགས་པོ་བདེ་ཐང་ཡིན་ནམ། དུས་ལྟར་ཟ་མ་ཟོ། དུས་ལྟར་ངལ་གསོ་བྱོས་ཞེས་སེམས་ཁུར་ཚད་མེད་གནང་སྟེ་བརྩེ་བ་ཆེན་པོས་འཚམས་འདྲི་བྱེད་ཐེངས་རེར། བུའི་སེམས་ལ་མིག་ཆུ་ལྷུང་བ་ཐེངས་གཅིག་མིན། ཐེངས་གཉིས་མིན།

འཇིག་རྟེན་དུ་མིར་སྐྱེས་ན། མ་མཐའ་ཡང་མིའི་དོན་སྒོ་ཅུང་ཟད་འགྲུབ་དགོས། དེ་མ་འགྲུབ་པར་བརྒྱགས་པ་ཁོ་ནས་དུས་འདའ་བ་ནི་མི་ལུས་འཕྲོ་བརླག་ཡིན་པར་སེམས། ཁོ་བོར་མཚོན་ན། མི་ཚེ་འདིར་དཔེ་ཀློག་དང་འགྲོགས་ཏེ་རྙོག་འཛིང་མིན་པའི་འཚོ་བ་སྟབས་བདེ་རོལ་རྒྱུ་དང་ནང་སེམས་ཀྱི་ལྷིང་འཇགས་འཚོལ་སྙེག་བྱ་རྒྱུ་ནི་གཙོ་བོ་ཡིན། དེ་མིན་རྒྱུ་འབྱོར་བ་ནི་ཡོད་དམ་མེད་ཀྱང་རུང་སྟེ་ཡོད་པས་དགའ་རྒྱུ་ཆེར་མེད་ལ་མེད་ནའང་སྐྱོ་བ་སྐྱེ་མི་སྲིད། མ་གཞི་འཇིག་རྟེན་ནི་ལོ་ཟླ་ཁ་ཤས་ཀྱི་གནས་ཚང་ལྟ་བུ་ཡིན་པས། གལ་སྲིད་ཁྱོད་རང་འཇིག་རྟེན་གྱི་བྱེད་པོ(上帝)མིན་ན། འཇིག་རྟེན་འདི་བསྐལ་པ་མ་སྟོང་བར་དུ་རང་ཉིད་ལ་གཏན་དུ་དབང་བ་ཞིག་ཡིན་མི་སྲིད། དེ་བས་སང་ཉིན་འཆི་རྒྱུ་ཡིན་པ་ལྟར་མ་ཤིའི་སྔོན་གྱི་ཉིན་མོ་རེ་རེ་དེ་སྙིང་པོ་ཡོད་པའི་སྒོ་ནས་འཚོ་དགོས་པ་ལས་གལ་བོ་ཆེ་མེད་སྙམ། དེ་ལྟ་དེ་ལྟར་བསམ་ཞིང་དེ་ལ་དེ་ལྟར་བགྱིས་ཏེ། ལོ་གཅིག་གི་འགྲུལ་བཞུད་ཀྱི་ལམ་བུ་འདི་ལ་ཕྱིར་དྲན་གྱི་ཚུལ་དུ་བྲིས་པའི་སྙུག་ཐོགས་པ་ནི་ཐང་བོད་ས་མཚམས་ཏེ་རི་བོ་ཉི་ཟླ་ཉག་གའི་ཕར་ནང་གི་ཕ་ཡུལ་འབྲོག་རུ་ཕྱུག་མོ་མཚོ་སྔོན་པོའི་ཉིན་ལུང་པ་བསམ་གྲུབ་མིང་ཅན་ནོ། ། མཇུག་ཏུ། ལོ་གསར་པའི་ནང་འགྲུབ་པར་རེ་བ་ཐམས་ཅད་དེ་བཞིན་དུ་འགྲུབ་པའི་སྨོན་ལམ།

རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །

རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །

རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །

མཁས་དབང་དགེ་འདུན་ཆོས་འཕེལ་ནས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།