ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་གསང་བ།(ཞར་བཀོད་གཉིས)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

སེང་རྡོར། 1982ལོར་མདོ་སྨད་རྐང་ཚར་སྐྱེས། 2014ལོར《མི་རིགས་ཀྱི་རྩོམ་རིག》གི་བྱ་དགའ་ཐོབ། སྙན་ངག་འབོར་ཆེན་བྲིས་ནས་ཀློག་མཁན་ལ་ཤུགས་རྐྱེན་ཟབ་མོ་བཞག ཁོའི་སྒྲུང་གཏམ་དང་ལྷུག་རྩོམ་ལའང་རང་མདངས་དང་རང་གཤིས་ཁྱད་པར་བ་གྲུབ་ཡོད་ཅེས་ཟེར་མཁན་མང་། རྩོམ་དཔྱད་མཁས་པ་སྐོར་ཞིག་གིས་ཁོས་བཅད་གསར་སྙན་ངག་ཅེས་པའི་རྩོམ་སྲོལ་ཞིག་བཏོད་ཚར་བའི་ངོས་འཛིན་ཡང་བྱེད། བརྩམས་ཆོས་ཅུང་མང་པོ་ཞིག་ཕྱི་ཡིག་ཏུའང་བསྒྱུར་ཡོད་ཁར། ཕྱི་རྒྱལ་པ་ཚོའི་ཁྲོད་དུའང་ཚུར་སྣང་ལན་ཆ་བྱུང་མགོ་བརྩམས་ཡོད། ཁོས་སྔ་ཕྱིར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་སོགས་བརྒྱུད་ནས་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་བཅས་ཀྱི་དེབ་སྟེ་ཁྱོན་བསྡོམས་དཔེ་ཆ་རིགས་མི་འདྲ་བ་བཅུ་ལྷག་པར་དུ་བསྐྲུན་ཡོད་དོ། །

ང་ཡི་གསང་བ།

མུ་མེད་ཀྱི་ནམ་མཁའི་ཐུ་འོག་ཏུ། རྫོགས་མེད་ཀྱི་རི་ཆུའི་ཞབས་འོབས་སུ། མི་ནི་གསང་བ་གང་རུང་རེའི་ཆེད་དུ་ཤར་གྱི་སྤྱང་ཀི་བྱེད་པར་འདང་རྒྱག་མི་འདུག་ལ། ནུབ་ཀྱི་ལུག་རྫི་ཆགས་པར་ཡང་སྔོན་རྩིས་ཁྲིགས་ཁྲིགས་རེ་བཏང་ཡོད་པ་འདྲ།

དཀར་ཡོལ་གྱི་ཞབས་ར་ལག་པས་སྐོར་བཞིན་གསང་བའི་གོ་ཐལ་ནང་ཅིས་ཀྱང་སྤྲུག་སྤྲུག་གཏོང་མཁན་ནི་ང་ཚོའི་མེས་པོ་ཚོ་རེད་ལ། གྲོང་ཁྱེར་ལས་བརྒལ་མ་ཐག་ཁ་བདེ་མོས་ལྕགས་གླིང་ཕྲ་མོ་ལྷང་ལྷང་འབུད་པའི་ང་རང་ཚོ་ཡང་མཐར་གཏུགས་ན། གསང་བའི་མི་རབས་ཤིག་ངེས་པར་ཡིན་དགོས་པ་འདྲ། ང་ཚོའི་གར་འགྲོ་ལ་གཏོལ་མེད་པའི་གནས་སྟངས་འདི་ཁོ་ནས་ཀྱང་གནད་དེ་གསལ་བཤད་བྱས་མི་འདུག་གམ།

ལར་མི་ལུས་ཀྱི་གསང་བ། བང་སོ་ཡི་གསང་བ། སྒྱུ་རྩལ་གྱི་གསང་བ་ཞེས་འཇིག་རྟེན་གྱི་སྒོ་ཐེམ་རེ་རེར་གསང་བ་རྐྱང་རྐྱང་གི་པོ་ཏི་རེ་སྣ་རིང་མ་རེ་བཞག་འདུག་ལ། ཕ་རྒྱུད་གསང་བ་འདུས་པ། གསང་བདག་ཕྱག་ན་རྡོ་རྗེ། གསང་གསུམ་རྒྱན་གྱི་འཁོར་ལོ་ཞེས་ཆོས་དང་ཆོས་ལུགས་ཀྱང་གསང་བ་རེད་ལ། གཡག་དང་གད་པ་ཡང་ནམ་ཞིག་གསང་བ་རྡོག་རྡོག་རེ་ལ་ཡེ་ནས་གནས་འགྱུར་ཐུབ་པ་འདྲ།

གསར་འགྱུར་ཞིག་ཏུ། “ཨ་རིའི་སྒོར་མོ་དུང་ཕྱུར་ལྔ་ལྷག་བཏོན་ནས《བོད་ཡུལ་གྱི་གསང་གྲངས》(藏地密码)ཞེས་པ་ལོ་རྒྱུས་སྟེང་རྩ་ཆེ་བའི་རིག་གནས་མྱུལ་དཔྱད་གློག་བརྙན་ཆེན་པོ་ཞིག་ཏུ་བརྙན་ཕབ་བྱེད་རྒྱུ་རེད”ཅེས་བཀོད་ཡོད་པ་ངས་ཀྱང་མཐོང་མྱོང་། དེས་ན་མི་རྣམས་ནི་སྔོན་ནས་ད་ལྟའི་བར་དུ་རྦད་དེ་གསང་བའི་ཁམས་ཤིག་ལ་དབྱིངས་ཞུགས་ནས་བསྡད་ཡོད་པ་འདྲ།

ལོ་རྒྱུས་ཀྱི་གསང་བ། ཆོས་ལུགས་ཀྱི་གསང་བ། གཏེར་ཁའི་གསང་བ་ཞེས་ཡོད་ཚད་ལ་གསང་བ་ཞིག་ངང་གིས་ཐོན་ཡོད་ཅིང་། སྲིད་པའི་གཏམ་དཔེར། སྟག་ཤ་རར་གསང་ཆེན་བཅོ་བརྒྱད་ཡོད་ཀྱང་ཟེར། སྙིགས་མའི་དུས་འདིར་གསང་སྔགས་ལ་བརྟེན་ན་བཙན་ཐབས་སྐད་ཅིག་གིས་འཚང་རྒྱ་ཡོང་ཟེར་བས། ད་ཚོད་གསང་དབང་ཞུ་མཁན་གྱི་དད་ལྡན་པའང་ཇེ་མང་ནས་ཇེ་མང་རེད་དོ། །

མིའི་རིགས་ལ་ཁྲིམས་ལུགས་ཀྱི་ཁག་ཐེག་ཡོད་པ་ནས་བཟུང་། མི་སྒེར་གྱི་གསང་བ་ལ་སྤྱིར་བཏང་སྲུང་སྐྱོབ་ཐོབ་ཀྱི་ཡོད་མོད། དྲུག་པ་ཚངས་དབྱངས་རྒྱ་མཚོས། གསང་དང་མ་གསང་མི་འདུག ། ཞབས་རྗེས་གངས་ལ་དཔར་འདུག ། ཅེས་དང་། སྨྲ་མཁན་ནེ་ཙོ་ཨོ་ཤེས། །གསུང་ཁ་མདོ་ལ་མ་གནང་། །ཞེས་ཁོང་གི་གསང་བ་ཕྱི་ཤོར་གྱི་ཐད་ལ་ཐུགས་ཁྲལ་ཚད་མེད་མཛད་ཡོད་ཅིང་། འདི་པའི་གསང་བའི་རྣམ་ཐར་དང་། རྗེའི་གསང་བའི་རྣམ་ཐར་སོགས་དམངས་ཁྲོད་དུའང་གྲགས་ཆེ་ཞིང་། ཀློག་པ་པོའི་དགའ་བསུ་ཡང་མི་དམན་པ་ཐོབ་ཡོད་ཚོད་རེད།

ཕོ་གཞོན་མོ་གཞོན་ཤར་དར་ཁྲག་དར་ཚོ་ནི་ཕན་ཚུན་གྱི་གསང་གནས་ལ་བལྟ་བར་སྲེད་པ་ལངས་པར་ཁག་ཀྱང་མེད་པ་འདྲ་སྟེ། དཔེ་ཆའི་ནང་དུའང་གསང་གནས་བདེ་སྐྱོང་འཁོར་ལོ་ཞེས་ཆེས་གལ་ཆེན་འགངས་ཆེན་ཞིག་ལ་བགྲངས་ནས་བཤད་ཡོད་ཁར། དེ་དང་འབྲེལ་བའི་གསང་བའི་མན་ངག་ཀྱང་སྣ་ཚོགས་པ་ཞིག་མཆིས་སོ། །

སྡེ་སྲིད་ཀྱིས་རྒྱལ་དབང་ལྔ་བ་སྐུ་གཤེགས་རྗེས་ལོ་ཧ་ཅང་མང་པོར་གསང་རྒྱ་བྱས་རབས་དང་། ལ་ལས་དགེ་ཆོས་ནི་དབྱིན་ཇིའི་གསང་མྱུལ་བ་ཞིག་ཡིན་པར་ཚོད་དཔགས་བྱས་ཡོད་པ་དང་། དྲ་ལམ་ཁག་ཏུ། ཁ་སང་དེ་རིང་གི་དཔོན་ཆེན་ག་གེ་མོའི་གསང་བ་ཡོངས་སུ་བརྟོལ་ཡོད་རབས་དང་མི་སྒེར་ཆེ་གེ་མོའི་དངུལ་བྱང་གི་གསང་གྲངས་གཞན་གྱིས་ཤེས་སོང་རབས་སོགས། གང་ལྟར་གསང་བའི་སྐོར་ནི་ཛ་དྲག་པོ་ཞེ་གཅིག་མ་རེད་དམ།

གསང་བའི་སྒོ་ནས་བསྒྲུབ་དགོས་པའི་ལྷ་དང་གསང་བའི་ངང་ནས་འདོན་དགོས་པའི་སྔགས། གསང་བའི་ཐོག་ནས་འགྲོགས་དགོས་པའི་ཟུར་བསྟེན་དགའ་ལོ་སོགས་ཀྱང་ཅུང་རྩིང་རགས་ཀྱིས་བཤད་ན། མི་ཡུལ་འདིའི་གསང་འཕྲིན་རིང་མོ་རེ་རེ་ཅི་ལ་མིན་ནམ། ཡིན་ཁོ་ཐག་རེད་འདོད།

ང་རང་ལོ་ཆུང་དུས《གསང་ཆེན་ཐབས་ལམ་ཉེར་མཁོའི་རྣལ་འབྱོར་སྙིང་ནོར》ཞེས་པའི་བསྒྲིགས་དེབ་ཅིག་ལ་བལྟས་མྱོང་། དེ་རུ་བོད་བརྒྱུད་ནང་བསྟན་གྱི་རྩ་ཐིག་རླུང་གསུམ་གྱི་གསང་གནད་སྐོར་ཆེས་རྩལ་དུ་བཏོན་ཏེ་བྲིས་འདུག དེ་ངའི་གསང་བ་ཞིག་ཅང་མ་རེད་མོད། ངས་ད་ལྟའི་བར་གཞན་ལ་བཤད་མྱོང་ནི་མེད།

བླ་མ་ཚོའི་གསང་ཡུམ་དང་གསང་གཏམ། ཚོང་བ་ཚོའི་གསང་གྲོས་དང་གསང་ཆིངས། རྐུན་མ་ཚོའི་གསང་ཇུས་དང་གསང་འཕྲད། ངོ་མ། གསང་བ་མེད་ས་ཞིག་མི་འདུག་ཨང་། དེས་ན་གསང་བའི་མེ་ཏོག་རེ་རེའི་ཡུ་བ་ལྕུག་ལྕུག་ཏུ་སྒུལ་མཁན་ནི་སྤྱི་ཚོགས་ཀྱི་རླུང་ཤ་ཡིན་ནམ་མི་སེམས་ཀྱི་རྔོན་པ་ཡིན།

ཞང་ཞུང་འོལ་མོ་ལུང་རིང་ནི་གསང་བ་ཞིག་རེད་ཟེར་ལ། རྩ་མདའི་གུ་གེ་རྒྱལ་རབས་ཀྱང་གསང་བ་ཞིག་རེད་ཟེར། ངག་རྒྱུན་གྱི་ཤམ་བྷ་ལ་ཚུན་ཆད་ཀྱང་གསང་བ་ཞིག་གི་ཁ་སྒང་དུ་བསྡད་ཡོད་སྟབས། གསང་བ་ཞིག་གི་སྲུབས་ཀ་ནས་འོད་དང་འོད་ཟེར་འཁྱུག་རྒྱུར་ད་གདོད་ཐག་རིང་པོ་མེད་པ་འདྲ། དེ་ནི་གཉན་པོའི་གསང་བ་གཞན་ཞིག་ཡིན་སྲིད་དམ།

ང་ནི་རྩྭ་ཕྲན་གྱི་ཉག་མར་བཞོན་ནས་རྣམ་ཤེས་ཀྱི་ཁ་ཟས་འཚོལ་མཁན་ཞིག་ཡིན་པས། གསང་བ་ཞེས་པའི་རེ་ལྡེ་ལྷེབ་རིང་ལྷེབ་ཐུང་དེ་འདྲ་ངས་གཏན་ནས་ཁྱག་ལེ་མེད། འོན་ཀྱང་དེ་ཙམ་གྱིས་ང་ལ་གསང་བ་གཅིག་ཀྱང་མེད་ཅིག་ཟེར་ཐུབ་ས་མ་རེད།

དེང་སང་མི་ཚོས་གླུ་བ་དེའི་སྐད་ནི་གསང་བ་ཞིག་རེད། ཕལ་ཆེར་རྫུན་མ་ཡིན་པ་འདྲ་ཟེར། ཡང་འགའ་རེས་མཛེས་མ་དེའི་སྣ་དཔངས་ནི་གསང་བ་ཞིག་རེད། ཧ་ལམ་འགྱིག་གིས་ཚུགས་ཀ་བཏོད་འདུག་ཟེར།

 ཐེ་ལན་རྒྱལ་ཁབ་ཏུ་སླེབས་དུས་མི་ཚོ་ཕོ་མོ་གང་ཡིན་ཡང་གསང་བ་ཞིག་ཡིན་ཏེ། མཚན་འགྱུར་གཤག་བཅོས་བྱས་ཡོད་མེད་ལ་དོགས་པ་ཆེ་བས་སོ། །འདིའི་ཐད་ནས་ངས་མནའ་བསྐྱལ་ཏེ་ལབ་ཐུབ་པ་ནི་ང་ཡི་སྐད་ལ་གསང་བ་ཞིག་འདྲེས་མི་སྲིད་པ་དང་། ངོ་ལ་དེ་ལས་ཀྱང་གསང་བའི་དྲི་ཙམ་མེད་ཁར། ང་ཐེ་ལན་དུའང་སོང་མྱོང་མེད་པས་མཚན་འགྱུར་གཤག་བཅོས་རང་བྱས་ག་ལ་མྱོང་། དེ་འདྲའི་ལག་རྩལ་མེད་ས་ནས་དེ་འདྲའི་དོན་དག་ཀྱང་འབྱུང་ཐུབ་ཐབས་མེད་ཙང་། ང་རང་གསང་བ་དེ་ཚོ་དང་འབྲེལ་བ་ཅི་ཡང་མེད་པ་ཨ་གསལ་ཀ་གསལ་ཞིག་རེད་སྙམ།

ཡིན་ནའང་། རླབས་ཆེན་གྱི་མཁས་པ་ཞིག་གིས“མི་ཞིག་ཡིན་ཕྱིན་ག་ཚོད་ཀྱིས་སྤྱིར་བཏང་ཞིག་ཡིན་ཡང་སོ་སོས་མ་གཏོགས་མི་ཤེས་པའི་གསང་བ་རེ་ངེས་པར་ཡོད”ཅེས་གསུངས་མྱོང་སྐད། དེས་ན་ང་ཡང་མི་དཀྱུས་མ་བརྒྱ་ཡིན་ཡང་རང་གིས་མ་གཏོགས་མི་ཤེས་པའི་གསང་བ་གཅིག་གཉིས་ཤིག་ཅིས་ཀྱང་ཡོད་དགོས་སོང་བ་མིན་ནམ། དེས་ན་གསང་བ་དེ་ནི་ཅི་ཞིག་ཡིན་སྲིད་དམ། ང་རང་ན་ཆུང་དུས་ཨ་མས་མི་རིག་ས་ནས་པྲ་ཆལ་ཏོག་ཙམ་རེ་བྱས་མྱོང་། ངའི་གསང་བ་ནི་དེ་རང་ཡིན་ནམ། གསང་བ་ཆུང་ཆུང་དེ་ཡང་ངས་འདི་ལྟར་རྩོམ་དུ་བཅུག་ནས་རྒྱ་ཁྱབ་ཏུ་བསྒྲགས་ཟིན་པས། ད་ནས་བཟུང་ང་ནི་གསང་བ་མེད་པའི་མི་ཞིག་ཆགས་རྒྱུ་མ་རེད་དམ། “གསང་བ་མེད་པའི་མི་ཨ།” དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ། །

ཟླ་དཀར། རྒྱབ་གཟུགས་མག་མོག    

《ཇ་ཤིང་མེ་ཏོག་མ》ཞེས་པའི་སྒྲུང་རིང་དེ་བཀླགས་ཐེངས་རེ་རེེར་ངས་ཟླ་དཀར་ཞེས་པའི་བུ་མོ་ཞིག་གི་སྐོར་ལ་བསམ་བློ་མི་གཏོང་རང་གཏོང་རེད།

ཟླ་དཀར་ཞེས་པའི་བུ་མོ་དེ། ལོ་ན་ཅུང་ཆུང་། ཆང་ལ་ཅུང་དགའ། བུ་མོ་དེ་དང་ངའི་བར་ན་དམིགས་བསལ་གྱི་འབྲེལ་བ་ཞིག་ཧ་ལམ་མེད། ཡིན་ནའང་ངེད་གཉིས་ཡང་དང་ཡང་དུ་ཐུག་མྱོང་ཞིང་། སྤྱིར་བཏང་གི་འབྲེལ་བ་དེ་ལོ་དུ་མའི་རིང་ལ་རྒྱུན་བསྲིངས་ནས་ཡོང་།

མི་ལ་ལས་ང་ལ། ཟླ་དཀར་ཞེས་པའི་བུ་མོ་དེ་བརླ་ཡངས་ཤིག་ཡིན་ཡང་སྲིད་ཟེར། ངེད་གཉིས་ཀྱི་བར་ན་དམིགས་བསལ་གྱི་འབྲེལ་བ་ཞིག་མེད་ཅེས་ངས་གོང་ནས་ལབ་ཟིན་པས། མོའི་བརླ་ཡངས་མིན་ནི་ང་ལ་མཚོན་ན་དོན་དག་གཞན་ཞིག་མ་རེད་དམ། ཡང་མི་ལ་ལས་མོའི་སྒོར་མོའི་ཡོང་ཁུངས་ཅི་ཡིན་ནམ་ཞེས་གཏམ་གོ་རྒྱུ་ཅན་བཤད། དེ་ལའང་ངས་ཇུས་གཏོགས་བྱེད་མི་འདོད། 《ཇ་ཤིང་མེ་ཏོག་མ》ཞེས་པའི་སྒྲུང་རིང་དེ་བཀླགས་མྱོང་མཁན་ཞིག་ཡིན་ཚེ་ངའི་འདང་རྒྱག་སྟངས་འདིར་གོ་བ་མི་ལོན་པ་མི་སྲིད་སྙམ།

ཟླ་དཀར་ཞེས་པའི་བུ་མོ་དེ་མཐོང་ཐེངས་རེ་རེར་ངས《ཇ་ཤིང་མེ་ཏོག་མ》དང་སྒྲུང་དེའི་མི་སྣ་གཙོ་བོ་མཱ་ཀེ་ལེ་ཐེ་ཞེས་པ་དྲན་ཡོང་། བུ་མོ་ཚོར་འཁོར་སླ་བ་ནི་མི་ཁ་རང་རེད། བུ་མོ་མང་པོ་ཞིག་གི་སེམས་སུ་དག་སེལ་དང་གསལ་བཤད་ཀྱི་ཁུར་པོ་སྦས་ཡོད་སྙམ། ཟླ་དཀར་ལའང་ཁུར་པོ་དེ་འདྲ་ཡོད་ལས་ཆེ་སྙམ། ཡིན་ནའང་ངས་མོ་ལ་རོགས་པ་ཅི་ཡང་བྱེད་མི་ཐུབ་པ་འདྲ། ལོ་ཞིག་གི་སྟོན་ཁར་ཟླ་དཀར་གྱིས་ཁྲམ་པ་ཁྲམ་མ་འགའ་ལ་ཧུར་རྒྱག་བཅུ་གཅིག་བྱས་མྱོང་། བུ་མོ་ལོ་ཉུང་ཞིག་གིས་དངོས་སུ་ལག་འགུལ་ཏེ་རང་སྲུང་བྱེད་དགོས་པ་ནི་སྡུག་ལ་ཐུག་པ་ཞིག་རེད་མོད། གང་ལྟར་ངས་མོ་ལ་རྒྱབ་སྐྱོར་བྱེད་འདོད།

མི་ནི་སྐར་ཚོགས་ཀྱི་ཚོད་ཅིག་མང་། སྐར་མ་གང་སྔོན་ལ་ཡལ་རྒྱུ་དང་སྐར་མ་གང་རྗེས་ལ་ཡལ་རྒྱུ་ནི་བརྗོད་ཐབས་བྲལ་བ་ཞིག་རེད། ཟླ་དཀར་ཡང་སྐར་མ་རྡོག་གཅིག་ཅི་ལ་མིན་ནམ། དེས་ན་མོའི་འཆར་ནུབ་ཀྱང་ངས་ག་ལ་ཤེས་ཐུབ། འདི་ཡང་ངའི་སེམས་ཁུར་གཞན་ཞིག་ཡིན་པ་འདྲ། དབྱར་མགོ་ཞིག་ལ་ངས《ཇ་ཤིང་མེ་ཏོག་མ》ཞིག་ཉོས་ཏེ་ཟླ་དཀར་ལ་ལེགས་སྐྱེས་སུ་བྱིན་པ་ཡིན། མོའི་ཡིག་རྩ་དེ་འདྲ་མི་བཟང་བས། སྒྲུང་དེ་ཡོངས་སུ་ཧ་གོ་མིན་མི་ཤེས་ཀྱང་། ངས་ཟླ་དཀར་ལ་དེབ་དེ་འཕྲོད་དུ་བཅུག་པ་ནི་མཱ་ཀེ་ལེ་ཐེ་ལ《ཇ་ཤིང་མེ་ཏོག་མ》འཕྲོད་དུ་བཅུག་པ་ལྟ་བུའི་ནང་དོན་ཁ་ཁ་ཞིག་ཡིན་པར་འདོད། ང་རང་གིས་ནི་དེ་ལྟར་འདོད་དོ། །

གཅིག་བྱས་ན་ཟླ་དཀར་གྱི་སེམས་སུ་ཏན་ཏན་དོགས་མི་བདེ་བ་དང་། འགྱོད་པ་འཆོར་ས། ཐག་མི་ཆོད་པ་དང་། ངོ་ཚ་དགོས་ས་ཡང་ཡོད་སྲིད། འོན་ཀྱང་མོའི་གཤིས་རྒྱུད་ཀྱི་སྦུབས་གཞན་ཞིག་ན་སྨིན་ལ་མ་སྨིན་གྱི་དཔའ་ངར་དང་། དྲང་བདེན་གྱི་ས་བོན་ཐར་ཐོར། ལ་རྒྱའི་སྐུད་པ་ཆིག་རྐྱང་བཅས་ཉར་ཡོད་པར་ང་རང་མཐའ་གཅིག་ཏུ་ཡིད་ཆེས། ཟླ་དཀར་ཞེས་པའི་བུ་མོ་དེའི་མིག་མདངས་ལས་ངས་མོ་རང་བརྒྱུད་མྱོང་བའི་གཉན་འཕྲང་མང་པོ་མཐོང་ཐུབ་ལ། ཁོ་མོས་མ་ཉེས་ཁ་གཡོགས་དང་བརྙས་བཅོས་ཐུབ་ཚོད་ཀྱི་བྲོ་བ་ཡང་མྱངས་ཡོད་པ་ཚོད་དཔག་བྱེད་སླ། ངས་ཟླ་དཀར་ཞེས་པའི་བུ་མོ་དེའི་ཐོག་ནས་མཱ་ཀེ་ལེ་ཐེ་དུང་ཕྱུར་མང་པོ་རིག་ཡོང་ལ། ཡང་ངས《ཇ་ཤིང་མེ་ཏོག་མ》ལས་ཟླ་དཀར་ཞེས་པའི་བུ་མོ་དེ་འདྲ་ཁྲི་ཁྲི་འབུམ་འབུམ་གྱི་སྐད་སྒྲ་གོ་ཡོང་།

མི་ཁ་ཞེས་པ། གླེང་ཕྱོགས་ཞེས་པ། རྣ་སྡུག་ཞེས་པ། རྒྱབ་བཤད་ཅེས་པ་འདི་ཚོར་གཟུགས་རང་མེད་པས་ཡང་མོ་ཞིག་ཅི་ལ་མིན་ནམ། འཚོ་གནས་ཀྱི་གནོན་ཤུགས་ཞེས་པ། ཆགས་སྡང་གི་མནར་གཅོད་ཅེས་པ། རྒྱལ་ཕམ་གྱི་ཚོར་བ་ཞེས་པ་འདི་དག་ཀྱང་མཐོང་རེག་གི་ཡུལ་ལས་འདས་པས་ཡང་མོ་ཞིག་ཅི་ལ་མིན་ནམ། འོན་ཀྱང་ཆེས་ཐེག་པར་དཀའ་བ་ཡང་འདི་དག་ལས་གཞན་ཞིག་མིན་པས། ངོ་མ་མིའི“ཚེ་སྲོག་གིས་ཐེག་པར་དཀའ་བའི་ཡང་མོ”ཞེས་པ་ཅི་མི་བདེན་ཨང་།

དཔེ་ཆའི་ཕྱི་ན་ཡོད་པའི་ཟླ་དཀར་ཡ། དཔེ་ཆའི་ནང་ན་ཡོད་པའི་མཱ་ཀེ་ལེ་ཐེ་ཡ། ཁྱེད་གཉིས་ཀྱི་ལས་དབང་ནི་གཅིག་པ་གཅིག་རྐྱང་ཞིག་མ་རེད་མོད། ཆེས་ཐ་དད་ཁ་ཁ་ཞིག་ཀྱང་མ་རེད། 《ཇ་ཤིང་མེ་ཏོག་མ》ནི1847ལོའི་ལོ་མཇུག་ལ་ཀྲུང་མཱ་གཞོན་པས་བརྩམས་པ་ཞིག་རེད། ཟླ་དཀར་ཞེས་པའི་རྩོམ་ཐུང་འདི་ངས2018ལོའི་ལོ་དཀྱིལ་ཞིག་ལ་འབྲི་བཞིན་ཡོད་པས། དུས་ཚོད་ཀྱི་བར་ཐག་ནི་རིང་དྲགས་ནའང་། མཚུངས་ཆོས་ནི་རབ་ཏུ་མང་ངོ་། །

ངས་ཟླ་དཀར་བརྒྱུད་ནས་མཱ་ཀེ་ལེ་ཐེ་དང་མཱ་ཀེ་ལེ་ཐེ་ལྟ་བུའི་རྩོམ་ནང་གི་བུད་མེད་རྣམས་ལ་བློ་ཞིབ་མོས་རྒྱུས་ལོན་བྱེད་ཀྱི་ཡོད་ཅིང་། ཡ་ངས་ཀྲུང་མཱ་གཞོན་པའི་སྨྱུག་ཁ་བརྒྱུད་ནས་ཟླ་དཀར་དང་ཟླ་དཀར་འདྲ་བའི་ད་ཡོད་ཀྱི་བུ་མོ་གསོན་པོ་དག་གི་སྐྱིད་སྡུག་ལའང་བསམ་པ་རྣམ་དག་གིས་གདུང་སེམས་འཆང་གིན་ཡོད་དོ། །

ཟླ་དཀར། ལྭ་བ་དམར་པོའི་འོག་གི་སྤོས་ཆུ། ཟླ་དཀར། ཆར་གདུགས་སྔོན་པོ་བཟུང་བའི་གར་མ། ཟླ་དཀར། ངའི་ཐག་རིང་གི་ལྗོན་རྩེར་འབབ་པའི་བྱིའུ་ཆུང་ཆ་མེད། ཟླ་དཀར། ངའི་བར་ཆད་ཀྱི་ཆར་ཆུ་འགོག་པའི་མགོ་ཕྱིང་སོ་མ། ཟླ་དཀར། 《ཇ་ཤིང་མེ་ཏོག་མ》ཡི་ཤོག་ལྷེ་འགའི་སྲིབ་ངོས་ཀྱི་གོ་དོན་ཆ་ཚང་ཨང་།

ང་ཡི་གམ་དུའང་མི་ཡི་སྐར་མ་སྣ་ཚོགས་ཤིག་ཤར་མྱོང་ལ། རྒྱ་བོད་བལ་ཧོར་ཁ་ཆེ་བཅས་མཆིས་ཁར། ནུབ་ཡོ་རོབ་དང་ལྷོ་ཨ་ཧྥེ་རི་ཁའི་མིའམ་སྐར་མ་ཡང་འདུས་མོད། ཟླ་དཀར་ཞེས་པའི་སྐར་མ་ཆུང་ཆུང་འདི་ཉིད་ནི། ཟུག་གཟེར་དང་བཅས་ཏེ་ངའི་བློ་ཡུལ་དུ་ལུས་ཤིང་། ཡང་ཁྲག་དམར་དང་བཅས་ངའི་དྲན་ངོགས་སུ་བརྣགས་ནས་འདུག

མི་ཚེ་ནི་མཚན་ནམ་རིང་མོ་ཞིག་དང་འདྲ་ལ། མིའི་སྐྱིད་སྡུག་ནི་ནམ་སྟོད་ནམ་སྨད་ཀྱི་གནམ་གཤིས་ལྟར་ཅིས་ཀྱང་འགྱུར་ལྡོག་གིས་གཡོ་ཞིང་། ཡང་རླུང་སྤྲིན་གྱི་ལངས་འཇགས་ལྟར་དུས་སྐད་ཅིག་ལའང་རྟག་པ་ཞིག་མེད། ཡིན་ནའང《ཇ་ཤིང་མེ་ཏོག་མ》ཡི་རོ་ཉམས་ཀྱིས་ཕྱུག་པའི་ཟླ་དཀར་འབའ་ཞིག་ནི། མཚན་ནམ་རིང་མོ་ཞིག་དང་མི་འདྲ་བར་སྐར་མ་ཁེར་རྐྱང་ཞིག་དང་འདྲ་ལ། སྐར་མ་དེས་ནི་འོད་ཆུང་ཞིག་སྤྲོ་བཞིན་སྤྲོ་བཞིན་རི་བོ་ཞིག་གི་ཆེས་རྒྱབ་རོལ་ཏུ་ལྷུང་བ་ངས་དངོས་སུ་མཐོང་མྱོང་།

ཡང་ངས་ཟླ་དཀར་ཁྲིད་ནས་ས་ལ་སྐོར་བ་ཞིག་དང་ཐང་ལ་མདུད་པ་ཞིག་བརྒྱབ་ནས་ཕྱིར་ཟི་ལིང་ལ་ཐོན། ཟི་ལིང་ནས་ཀྱང་འདུག་མ་ཁོམ་པར་གནས་གཞན་ཞིག་ཏུ་ཁ་ཕྱོགས་དཀྱོགས་ཚར་ལ། མི་དང་མིའི་འབྲེལ་བའི་སྐུད་པ་འདིས་ཐེག་གི་ཟེར་ན་སྐད་ཆ་ཞིག་ཀྱང་མི་ཐེག་ཅིང་། ཡང་མི་ཐེག་གི་ཟེར་ན་ཚེ་སྲོག་ཧྲིལ་པོ་ཞིག་ཀྱང་ཐེག་པ་འདྲ། ངས་བཏང་ཡོད་པའི་མོ་ཊ་ནི་སྔོན་ལ་འགྲོ་མོད་ངས་བདག་མི་ཐུབ་པའི་སེམས་པ་ནི་རྒྱབ་ཕྱོགས་ཁོ་ནར་འཆོར། ཟླ་དཀར་གྱིས་ཀྱང་ངའི་སྙིང་ཚ་ཕྱལ་ལེ་བ་དེ་ཚོར་བཞིན་ཡོད་ངེས།

ལམ་མདོའི་གློག་དམར་དང་གློག་ལྗང་གི་མཚམས་ནས། ངོ་གདོང་མང་པོའི་ཕག་ཏུ་ངོ་གདོང་མང་པོ་བཙངས། ཆ་ཡོད་དང་རྒྱུས་མེད་ཀྱི་མི་ཚོགས་དལ་འཇགས་ཀྱིས་བཞུར་ལ། ཡང་རྦ་རླབས་བཞིན་འཁོལ་ཡང་འཁོལ། གློག་སྐས་ཀྱི་ཡར་འགྲོ་དང་མར་འབབ་ཀྱི་རྒྱུན་ལས་དཀར་ཞིང་གཙང་བའི་ཉྭ་དང་མཁྲེགས་ཤིང་འཇམ་པའི་བརླ། ཤམ་གོས་ཀྱི་ཆུ་གཉེར་དང་ལྷམ་སྒྲོག་གི་ཚོན་མདངས་སོགས་གདུ་བ། མི་ནི་སྤྱིར་བཏང་ནས་བཤད་ན་འདོད་པའི་གྱང་ངོས་ལ་དཔྱངས་པའི་ཆུ་ཚོད་འཁོར་ལོ་ཞིག་ཅི་ལ་མིན་ནམ། ངའི་ལངས་ཕྱོགས་དེ་ལའང་ཟླ་དཀར་གྱིས་དོ་སྣང་ཡེ་མི་བྱེད་པ་འདྲ།

ངས་ནི་ཆུ་ཚོད་ཀྱི་ཐག་སྒྲར་ཉན་ནམ་མི་ཚོགས་ཀྱི་རྡོག་སྒྲར་ཉན། ང་རང་མི་ཚོགས་ཀྱི་འཇིངས་ལ་འཛུལ་ལམ་ཆུ་ཚོད་ཀྱི་སྔོན་ལ་ལྡིང་། མི་རབས་འདིའི་མཆོད་རྟེན་གྱི་བང་རིམ་ནི་ཉིལ་གྲབས་ཉིལ་གྲབས་བྱེད། མི་རབས་གཞུག་མའི་ཨ་ལོང་གི་སོ་ཁ་ནི་འཕྲོད་གྲབས་འཕྲོད་གྲབས་བྱེད། གནད་དེ་ཡང་ཟླ་དཀར་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མིན་པས་མོའི་རྣམ་རིག་ནི་ཤིན་ཏུ་རྒྱུན་ལྡན་ཞིག་རེད།

མི་ཨ། ཤེལ་སྒོ་ཞིག་འཁོར་བ་ནང་བཞིན་འོད་ལམ་ལམ་རེད། མི་ཨ། ས་ཡོམ་ཞིག་ཐོན་པ་ནང་བཞིན་འདར་ཡོམ་ཡོམ་རེད། ངས་བལྟས་ན《ཇ་ཤིང་མེ་ཏོག་མ》དང་ཟླ་དཀར་ཡང་ཚུལ་དེ་ལས་མ་འདས་ཤིང་ཚུལ་དེ་ཁོ་ནར་འདུས་ཡོད་སྙམ།

མོ་ཊ་ཤུགས་ཀྱིས་བརྒྱུགས་པའི་འགྲོས་དང་བསྟུན་ནས་ཟླ་དཀར་གྱིས་གཞས་ཤིག་བཏང་བྱུང་། “སྟར་ཀར་རྡོ་གཅིག་བཞུས་པས། ། ཉི་ཤུ་ས་ལ་ཟགས་སོང་། ། ང་ལ་གཅིག་ལས་མི་དགོས། ། བཅུ་དགུ་ག་ལེར་བཞུགས་དང་། །”ཞེས་པའོ། ། རེད་ཨང་། ཟླ་དཀར་དང་ཟླ་དཀར་ལྟ་བུའི་བུ་མོ་དག་ལའང་སྟར་ཀ་མང་པོ་ཞིག་ལ་རེག་རེག་བྱས་རྗེས་མཐར་རང་བློར་འབབ་པའི་སྟར་ཀ་གཅིག་ཁོ་ན་ཨམ་ཕྲག་ནང་འཇུག་པའི་འཆར་གཞི་མེད་པ་མ་རེད། འོན་ཏེ་བུ་མོ་དག་ཁ་ཆུང་དབང་ཆུང་ཡིན་དྲགས་ནས་དང་། བུ་མོ་དག་སྤྱི་ཚོགས་ཀྱི་དོང་རྙི་མང་པོར་ཚུད་སླ་དྲགས་ཙང་། ཁོ་མོ་ཚོ་མ་བྱས་པ་ཞིག་བྱས་སོང་རབས་དང་བྱས་སོང་བ་ཞིག་མ་བྱས་རབས་ཀྱི་མིའི་ཁ་དུག་བཙན་པོ་ལས་ཐར་ཐབས་ག་ལ་ཡོད་དམ། སྐབས་འདིར་ངས“མ་བྱས་མི་ཁ་ལྡང་བ། ། ང་དང་ཕོ་རོག་ནག་ཆུང་། ། བྱས་ཀྱང་མི་ཁ་མི་འདུག ཁོ་དང་རྒྱ་ཁྲ་ཧོར་བ། །”ཞེས་པའི་ཚིག་ཅིག་དྲན་ཡོང་ངོ་། །

མཐར་ངས་ཟླ་དཀར་ལ་ཟེར་འདོད་པ་ནི། “ཁྱོད་ནི་བུ་མོ་ལེགས་པོ་ཞིག་རེད། རང་གིས་རང་ལ་ཡིད་ཆེས་བྱོས། ཐེ་ཚོམ་མང་པོ་མ་བྱེད་པར་ཁྱིམ་ཚང་ཞིག་ཆོས་ལ་སྟབས་བདེའི་འཚོ་བ་ཞིག་རོལ”ཞེས་པ་དེའོ། །ཚིག་འདི་འདྲ་ཞིག་ངས《ཇ་ཤིང་མེ་ཏོག་མ》ལས་ཧ་ལམ་མཐོང་མ་མྱོང་བ་འདྲ། དེས་ན་འདི་ནི་ཟླ་དཀར་ཁོ་མོ་སྒེར་ལ་དབང་ཤ་སྟག་གི་སྙིང་གཏམ་རྗེན་པ་ཞིག་ཡིན་ཡང་སྲིད་སྙམ་མོ། །

སྤྱོད་ཁང་གི་ཕྱི་ནང་།    

ང་རང་ད་ལྟ་ཕོ་སྤྱོད་ཁང་ཞིག་གི་རྫ་དཀར་གཏོང་སྣོད་ཆག་པོ་ཞིག་གི་ཁ་རུ་བསྡད་ཡོད། འདིའི་སྐྱ་འབྲེལ་ཁང་པ་ནི་མོ་སྤྱོད་ཁང་ཡིན་པ་དང་། ལར་སྤྱོད་ཁང་ཧྲིལ་པོར་ཞིག་གསོ་མ་བྱས་པར་ལོ་མང་སོང་ཡོད་པས། ཕོ་སྤྱོད་མོ་སྤྱོད་ཀྱི་བར་གྱང་ཡང་ཁྲ་ཐེད་ཐེད་ཅིག་ལས་བསྡད་མེད།

མོ་སྤྱོད་ཁང་ལས་བྱུང་བའི་སྐད་གདངས་སྣ་ཚོགས་ལས་ངས་སྐད་ངོ་ཆོད་པ་ཡང་མང་པོ་རེད། གཡེར་བག་གིས་དྲེགས་པ། སྒེག་ཉམས་ཀྱིས་རླིངས་པ། སྟབས་སྤྱོད་ཀྱིས་བརྒྱངས་པ་དེ་ཚོ་ཡང་སྤྱོད་ཁང་ཞེས་པ་འདིར་ཐོན་དུས། མགོ་བསྒུར་ཏེ་གསང་དོར་ཚུན་ཆད་ཕུད་ནས། སྐྱག་སྦྲང་མང་པོའི་ཟི་ལོང་གི་ཁྲོད་དུ་ཁ་གཉེར་སྣ་གཉེར་གྱིས་སིར་སིར་སིར་ཅི་ཞིག་གཏོང་ཡང་གཏོང་དགོས་པ་རེད་ལ། མི་གཏོང་ཡང་གཏོང་དགོས་པ་མ་རེད་དམ།

ཕོ་སྤྱོད་ཁང་གི་ཁང་མཐིལ་དུ་དུ་སྣེ་དང་སྐྱག་ཕྱིས་སོགས་ཅི་དགར་དབྱུགས་འདུག་ཁར། གྱང་ངོས་ལ་ནི་དོན་ཡོད་མེད་ཀྱི་ཁ་པར་ཨང་གྲངས་དང་། ཆགས་སྲེད་དང་འབྲེལ་བའི་རི་མོ་ཡ་མ་གཟུགས་སྣ་ཚོགས་གང་བྱུང་མང་བྱུང་དུ་ཕབ་འདུག ངས་སྐེ་བསྲིངས་ནས་མོ་སྤྱོད་ཁང་ལ་མ་བལྟས་མོད། ཁོ་མོ་ཚོས“ཕའེ”དང“ཕོའུ”དང“ཨེག”སོགས་ཟེར་སྲོལ་ལ་བརྟགས་ན། དེ་རུ་ཡང་ཁྲག་འབྱར་ལ་སོང་ཡོད་པའི་གསང་ཤོག་སོགས་ཁྱི་འཕེན་གཏོ་འཕེན་བྱས་ཡོད་པ་ནི་གདོན་མི་ཟ་སྙམ།

ཕོ་སྤྱོད་ཁང་འདིར་བསྡོམས་པས་རྫ་དཀར་གཏོང་སྣོད་དྲུག་བདུན་ཞིག་བསྒྲིགས་འདུག་པ་དང་། སྐྱེས་པ་ཚོར་ཆེད་བཟོས་ཀྱི་ལངས་གཅིན་གཏོང་སའི་རྫ་དཀར་ཤུར་མོ་དེ་འདྲ་ཡང་བཅུ་ཕྲག་ཙམ་མཆིས། ད་ཆ་ངའི་ཀླད་པའི་ནང་ལ་རི་མོའི་སྒྱུ་རྩལ་པ་ཞིག་གིས་བྲིས་པའི་འཛམ་གླིང་གི་མི་སྣ་གྲགས་ཅན་སྐོར་ཞིག་སྤྱོད་ཁང་གི་གཏོང་སྣོད་ཁར་ཧ་ཅང་སོ་ལུག་ནས་སྡོད་པའི་རྣམ་པ་དེ་རེད། ཨུ་རུ་སུའི་ཙུང་ཐོང་གིས་རྐང་སྣམ་སྒྱིད་ཁུག་ལ་འཕངས་ཏེ་གཤིས་བསམ་པས་བཙིར་གྱིན་ལོས་ཡོད་སྙམ་པ་དེར་ལྷག་ཏུ་འདང་ཞིག་རྒྱག་རྒྱུ་མཆིས་པ་འདྲ།

དངོས་གནས། སྤྱོད་ཁང་གི་གཏོང་སྣོད་འདི་དག་ལ་འཁྱགས་དབང་འཇགས་ལོང་ཞིག་མི་འདུག་སྟེ། ཆེ་ཆུང་རྒན་གཞོན་མེད་པར། མཐོ་དམན་སྐྱ་སེར་མེད་པར་འདིའི་ཨོང་ཤ་བཀྱགས་མ་ཐག་དེའི་ཨོང་ཤ་འཕེན་པ་དང་། དེའི་གཅིན་སྐྱག་བཤངས་མ་ཚར་སྔོན་ལ་འདིས་སྲ་མོ་སྙི་མོ་ཚང་མ་བཤོས་འགྲོ་བ། ཧ་ལམ་སྐར་མ་གསུམ་བཞི་རེ་ཡང་མི་འགོར་བར་མི་རེ་ཐོན་ཡོང་ནས་གཏོང་སྣོད་གང་རུང་དུ་ཕཊ་ཕཊ་དང་ཤག་ཤག་ཏུ་བླུགས་ཚར་འཕྲོར་ཡང་བྲེལ་བྲེལ་འཚུབ་འཚུབ་ཏུ་གང་ཞིག་ལ་བུད་འགྲོ།

གཅིན་སྐྱག་གི་མིང་གཞན་ལ་མི་གཙང་བ་ཟེར། མི་གཙང་བ་དེ་མིའི་ཁོག་པའི་ནང་དུ་ཉར་འདུག མི་ཡིས་ཉིན་རེར་ཐེངས་འགའ་རེར་མི་གཙང་བ་གང་འཚམ་རེ་ཁྱེར་ནས་སྤྱོད་ཁང་དུ་རྒྱུག་དགོས། སྤྱོད་ཁང་གི་ཞབས་ན་ནག་ཉོག་ཉོག་དང་དམར་འདག་འདག་གིས་འདྲེས་ཡོད་པའི་མི་གཙང་བའི་ཕུང་བོ་དེ་ང་ཚོ་ཚང་མའི་རེད། སྟོབས་ཆེན་དང་འཁོས་ཆུང་། བཙན་པོ་དང་གཉོམ་ཆུང་སོགས་ནི་སྤྱིར་ན་བར་ཐག་གིས་ཆོད་ཅིང་ལས་སླ་པོར་ཐུག་ཐབས་ཤིག་མེད་མོད། འོན་ཀྱང་སྤྱོད་ཁང་ནང་དུ་ངེས་པར་ཐུག་ཡོང་ཞིང་དེ་ལས་ཀྱང་སྤྱོད་ཁང་གི་ཞབས་ནས་ཆེས་དབྱེར་མེད་དུ་འདྲེ་བར་འགྱུར་རོ། །སྤྱོད་ཁང་ནི་མི་གཙང་བ་འདོར་ས་རེད། ཡིན་ནའང་སྤྱོད་ཁང་གི་གཙང་སྦྲ་མི་བཟང་ཞེས་མི་ཕལ་ཆེ་བས་གཤེ་གཤེ་གཏོང་། དེས་ན། མི་གཙང་བ་དང་གཙང་སྦྲ་གཉིས་ནི་སྤྱོད་ཁང་ནང་གི་རོལ་རྩེད་ཆེས་ཆེ་ཤོས་དེ་ཆགས་ཡོད།

ངས་ཧ་ལམ་དུས་ཚོད་གཅིག་ལྷག་ལ་གཏོང་སྣོད་ཅིག་སྒེར་གཅོད་བྱས་ནས་མི་དྲན་དགུ་དྲན་བྱས་འཕྲོར་ད་ཚོད་གཞི་ནས་སྤྱོད་ཁང་གི་སྒོར་ཐོན། ཨ་ཙི། སྐྱ་འབྲེལ་གྱི་མོ་གཅོད་ཁང་གི་སྒོ་ཁར་ཁ་ངོ་གཅིག་ལས་གཅིག་མཛེས་དང་། སྐྱེ་འབྲས་གཅིག་ལས་གཅིག་དྭངས། ལུས་གཟུགས་གཅིག་ལས་གཅིག་ལྡེམ་གྱི་སྨན་ཤར་ཁྱུ་གཅིག་གིས་བཙངས་རྒྱག་སྤྲད་དེ་གཏོང་སྣོད་ཅིག་ཨེ་ཐེམ་ལ་འབད་པ་བྱེད། “ལས་ཀ་བྲེལ་འཚུབ་ཆེ། སྔོན་ལ་ངས་གཏོང་རྒྱུ་ཡིན།” “མྱུར་དུ་སྒོར་ཤོག སྤྱོད་ཁང་འདི་ཁྱོད་ཚང་གིས་ཉོས་བཞག་པ་ཡིན་ནམ།” “ཨ་ཅེ་ལེ་ལེ། ངའི་ཁོག་པ་བཤལ་གྱིན་འདུག ཅུང་ཟད་སྒུགས་དང”སོགས་ལབ་སྟེ་རྩ་ཆུ་གཉིས་དང་འབྲེལ་བའི་འཐབ་འཁྲུག་ཆུང་ཆུང་ཞིག་རྒྱག་གིན་ཡོད་པ།

སྤྱོད་ཁང་དང་ཐག་མི་རིང་སར་སྒོ་ཐོད་དུ་དར་སེང་དམར་པོའི་མདུད་ཆེན་བརྒྱབ་པའི་རྒྱ་ཁོག་ཟ་ཁང་ཞིག་དང་། དེའི་གཡས་ལོགས་སུ་དྲ་ཁང་ཆེ་ཐག་ཆོད་པ་ཞིག་དང་། དེའི་ཡང་རྒྱབ་ལོགས་སུའང་ཚོང་ཁྲོམ་ཆེན་པོ་ཞིག་འུར་ལོང་ངེར་མཆིས་པས། སྤྱོད་ཁང་འདི་ཉིན་གང་བོར་འཁྱག་རྒྱུ་མིན་པ་ཁོ་ཐག་བཅད་ནས་ལབ་ཐུབ་པ་སྟེ། མི་ཚོས་ཁུ་ནག་དང་བརྒྱད་ཐུག དམར་ཁ་ཚ་དང་ཕག་སུག་སོགས་ཁ་དལ་མེད་དུ་སྤྱད་རྗེས་སྤྱོད་ཁང་དུ་མི་འགྲོ་བར་ཡང་གང་འགྲོ་ཨང་།

ངས་ལྟ་ཕྱོགས་ཤིག་གིས་གཙག་རིས་འབྲི་ཁང་གི་བུ་མོ་དེ་སྤྱོད་ཁང་ནང་ལ་མ་ཆུད་ཙང་སྡུག་ཐུག་སྟེ་སྤྱོད་ཁང་ཕྱིའི་རྡོ་ཆའི་ཐོག་ཏུ་འཛེམས་མེད་ངང་རྐང་སྣམ་མར་ཕུད་དེ་གཅིན་པ་སེར་ཆིལ་ཆིལ་གཏོང་བ་རིག་བྱུང་། འཕོངས་ཚོས་ནི་དཀར་ལོག་གེ དོར་ལུང་ནི་ཁྲ་ཀྱུག་གེ གསང་གནས་ཀྱང་སྨུག་ལམ་མེ་སྣང་། འོན་ཀྱང་སྤྱོད་ཁང་གི་གཏོང་སྣོད་ལ་རིག་པ་ཤིན་ཏུ་བསྒྲིམས་ནས་སྔ་གཞུག་ངེས་པར་རྩོད་དགོས་ས་ཞིག་ཏུ། མི་ཞིག་གཅེར་བུ་ཡིན་པ་རང་ལྟ་ཞོག་མི་གཉིས་ཀྱིས་ཐད་ཀར་འཁྲིག་པ་སྤྱད་བཞག་ཀྱང་ཁ་ཡ་དེ་ཙམ་ཞིག་མི་བྱེད་པ་འདྲ། དེས་ན་སྤྱོད་ཁང་ནི་ངོ་ཚ་བ་དང་ངོ་མི་ཚ་བ། གནད་འགག་ཡོད་པ་དང་གནད་འགག་མེད་པ་བཅས་ཀྱི་སྒྱུ་རྩལ་གྱི་རྣམ་པ་གཞན་ཞིག་རེད་ཟེར་རྒྱུ་ཡིན།

དེ་ཡང་བཞི་སྲང་གི་དཀྱོགས་མཚམས་ཤིག་ནས་བཞི་སྲང་གི་དཀྱོགས་མཚམས་གཞན་ཞིག་ལ་ལྡིང་བ་ན། ང་ཚོས་ཡང་བསྐྱར་སྤྱོད་ཁང་ཆེ་ཆུང་མང་པོ་མཐོང་ཡོང་ལ། སྤྱོད་ཁང་ལ་བདག་བྱེད་མཁན་དང་སྤྱོད་ཁང་གི་སྒོ་སྲུང་ལུགས། གཅིན་པ་ཐེངས་གཅིག་བཏང་ན་སྒོར་གཅིག་དང་སྐྱག་པ་ཐེངས་གཅིག་བཏང་ན་སྒོར་གཉིས་ཡིན་པའི་གཏན་འཁེལ་སོགས་ཀྱང་ཤེས་ཡོང་།

ལོ་ཟླས་མཚམས་བཅད་ཡོད་པའི་དོན་དག་ཚང་མ་འཆར་སྒོའི་དུས་ཚོད་ཀྱི་ལྟེ་བ་གཅིག་ལ་ཐད་ཀར་བཀོད་སྒྲིག་བྱས་ཚེ། ང་ཚོས་སྤྱོད་ཁང་ཞིག་གི་སྒོ་ཆུང་ནས་སྡེ་སྲིད་ལགས་ཡང་ཟོར་དང་བཅས་མར་འབུད་བཞིན་པ་རིག་ཐུབ་ལ། ཡང་སྤྱོད་ཁང་གཞན་ཞིག་གི་གཏོང་སྣོད་ཁར་སྲོང་བཙན་སྒམ་པོ་མཆོག་འོ་བརྒྱལ་གྱིས་བཞུགས་ཡོད་པའང་མཐོང་ཡོང་ངོ་། །

ང་ཚོས་སྤྱོད་ཁང་གི་ནང་ནས་གཞི་ལྷོད་ལྷོད་དུ་འདང་ཞིག་བརྒྱབ་ན། མི་དང་མིའི་འབྲེལ་བ་དང་འགལ་བ། རྩོད་པ་དང་འདུམ་འགྲིག་བཅས་ནི། སྤྱོད་ཁང་གི་ཞབས་ན་དལ་བྲེལ་མེད་པར་བཞུར་བཞིན་པའི་སེར་ནུར་ནུར་གྱི་གཤེར་བག་དེ་དང་འདྲ་བོ་འདུག་ཨང་། སྤྱོད་ཁང་གི་ཆེད་སྤྱོད་རླངས་འཁོར་ནི་དྲི་ངན་གྱིས་བཏུམས་པ་ཞིག་ཡིན་མོད། རླངས་འཁོར་དེས་ང་ཚོའི་ཞེ་སྡང་གི་ཁུ་བ་ཡིན་པའི། གཉིད་ལམ་གྱི་སྐྲག་སྣང་ཡིན་པའི། ཁ་ཟས་ཀྱི་སྙིགས་མ་ཡིན་པའི་གཅིན་སྐྱག་གཉིས་པོར་ལམ་སེང་ཉ་ར་བྱེད་བཞིན་ཡོད་ཙང་། ང་ཚོར་མཚོན་ན་དེ་ནི་འཁོར་ལོའི་ཁྲོད་ཀྱི་འཁོར་ལོ་གནད་ཡོད་ཅིག་ཅི་ལ་མིན་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།