ཀྲུང་གོ་བོད་ཀྱི་དྲ་བ།

བསམ་ཞིང་བསམས་ན་ངས་ཅི་ཡང་འགྲུབ་མི་འདུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བོན་སྐོར་དོན་གྲུབ་ཚེ་རིང་།   སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཚོད་ནི་བྱ་སྤུ་རླུང་གིས་ཁུར་བ་དང་མཚུངས། མིག་རྡེབ་ཙམ་གྱི་ཡུན་ལ་ལོ་ཡི་འཁོར་མོ་གཅིག་རྫོགས་སོང་། ལོ་གཅིག་གི་རིང་ལ་ངས་ཅི་ཞིག་འགྲུབ་ཡོད་དམ། བསམ་ཞིང་བསམས་ན་ཅི་ཡང་འགྲུབ་མི་འདུག ཐ་ན་རང་བློར་འབབ་པའི་སྒྲུང་ཐུང་ཞིག་ཀྱང་བྲིས་མི་འདུག་ཨང་།

ལོ་མཇུག་ལ། གྲོགས་པོ་ལ་ལས་ཁྱོད་ནི་རྒྱུན་པར་ཅི་ཞིག་འབྲི་བར་དགའ་ཞིང་གང་ཞིག་ཀློག་པར་ཡང་སྤྲོ་བས། ཁྱོད་ཀྱིས་ལོ་གཅིག་གི་ནང་དུ་འདིའི་ཕྱོགས་ནས་འབྲས་བུ་ཅུང་འོས་འཚམ་ཞིག་བླངས་ཡོད་ངེས་ཟེར། ཁོ་ཚོས་དེ་ལྟར་བཤད་ཡོང་དུས། ངས་རང་སེམས་རྣལ་ལ་ཕབ་ནས་བསམ་བློ་མང་པོ་གཏོང་དགོས་ཀྱིན་འདུག་སྟེ། དོན་དམ་དུ་ངས་དཔེ་ཀློག་བྱས་ནས་ཅི་ཞིག་རྟོགས་ཡོད་དམ། གང་ཞིག་བྲིས་ནས་རང་བློར་འབབ་པ་ཞིག་འབྲི་ཐུབ་ཀྱིན་ཡོད་དམ། བསམ་ཞིང་བསམས་ན་ཅི་ཡང་བྲིས་མི་འདུག་སྟེ། ངའང་དུས་རབས་ཀྱི་གྲིབ་གཟུགས་ནད་པ་གང་ཞིག་གི་གཏིང་རིམ་དུ་ལྷུང་འདུག་པ་འདྲ་བས། ངས་རྒྱུན་དུ་གྲོགས་པོ་ཚོར་ངས་ལོ་འདིར་ཅི་ཡང་འགྲུབ་མི་འདུག་ཅེས་བཤད་པ་ཡིན། དངོས་གནས་དྲང་གནས་བཤད་ན། ངས་ནི་ཅི་ཡང་འགྲུབ་མི་འདུག

དེ་ལྟ་ནའང་། གྲོགས་པོ་ལ་ལས་ང་ལ་བསམ་བཞིན་དུ་བརྙད་རྐོ་བ་ལྟར་ཁྱོད་ཀྱིས་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་བསྡུར་ཁྲོད་བརྩམས་ཆོས་སྤེལ་བ་དང་བསྟུད་མར་ལོ་གསུམ་ལྷག་རིང་བྲིས་པའི་ཚོད་ལྟའི་སྒྲུང་རིང《ནུབ》བརྩམས་གྲུབ་བྱུང་ནས《གཞིས་ཀ་རྩེའི་ཉིན་རེའི་ཚགས་པར》དང《རྔ་བའི་གསར་འགྱུར》སྟེང་མུ་འགོད་བྱས་ཡོད་པ་དེ་གཉིས་ལོ་འདིའི་གྲུབ་འབྲས་མིན་ན་ཅི་ཞིག་ཡིན་ཞེས་འདྲི་ལ། ད་དུང་ཁྱོད་ཀྱིས《སྤྲིན་དཀར་ལམ་རྙིང》དང《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》 《རྩོམ་རིག་གཞུང་ལུགས་གནད་བསྡུས》《རབ་གསལ་མེ་ལོང》 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》དང《དྲེལ་བའི་མི་ཚེ》 《སྒྲུང་གཏམ་སློབ་ཁྲིད》ཅེས་པའི་དཔེ་དེབ་སྟོད་སྨད་གཉིས་དང་། 《མཚན་མོ་སྟོང་དང་ཞག་མ་གཅིག》ཅེས་པའི་སྒྲུང་ཐུང་ཡིག་བརྒྱ་མའི་དེབ་གཅིག 《གཉིད་དུ་ཡུར་བའི་ཆུ》 《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》《བྱ་ཞིག་ཡིན་ན་བསམས་བྱུང》 《མཚན་མོ་སྟོང་དང་ཞག་མ་གཅིག》ཅེས་པའི་དམངས་ཁྲོད་གཏམ་རྒྱུད་ཀྱི་དེབ་གཅིག 《རྩོམ་རིག་ས་ཁམས་རིག་པའི་ཞིབ་འཇུག》 《རྩོམ་རིག་ས་ཁམས་རིག་པ》 《སྐྱེ་ཁམས་རྩོམ་རིག》 《རྩོམ་རིག་ས་ཁམས་རིག་པའི་མཐོངས་འོག་གི་ཡེ་པུའུ་ཧྲིན་གྱི་སྙན་ངག་ཞིབ་འཇུག》 《དེང་རབས་རིང་ལུགས་ནི་ཅི་ཞིག་ཡིན》ཞེས་པའི་དེབ་གཅིག མཚན་ཉིད་རིག་པའི་དེབ་གཅིག་བཅས་ཡོངས་སུ་བཀླགས་པ་དེའང་གྲུབ་འབྲས་མིན་ན་ཅི་ཞིག་ཡིན། གཞན་ཁྱོད་ཀྱིས《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》དང《རྗེ་རིན་པོ་ཆེའི་རྣམ་ཐར》བཀླགས་པ་དེའང་གྲུབ་འབྲས་མིན་ན་ཅི་ཞིག་ཡིན་ཟེར།

ངས་དཔེ་ཀློག་ཐན་ཐུན་དེ་འདྲ་བ་ཡང་གྲུབ་འབྲས་ཀྱི་གྲས་སུ་བགྲང་རུང་ན་ང་དང་ང་ལྟ་བུས་ཀྱང་གྲུབ་འབྲས་ཆེན་པོ་ལོན་གྱི་འདུག་པས་གཞན་རྣམས་དཔེ་ཀློག་གི་རི་བོ་སྒུལ་ཞིང་བརྩོན་འགྲུས་ཀྱི་རྒྱ་མཚོ་འཐུང་བའི་རྩོམ་པ་པོ་དང་དཔེ་ཀློག་མཁན་དག་གིས་ནི་འཛམ་གླིང་ལ་ངོམ་ཆོག་ཆོག་གི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་འདུག་པས་ཅི་འདྲའི་དགའ་འོས་པ་ལ་ཨང་ཞེས་བཤད་པ་ཡིན།

ཁོ་ཚོས་ང་ལ་གྲོག་མ་ལ་གྲོག་མའི་སྟོབས་ཤུགས་དང་སྦུར་ནག་ལ་སྦུར་ནག་གི་རྐང་ལག་ཡོད་པས་རང་གི་ནུས་ཚོད་ཀྱི་ལས་ཀ་སྒྲུབ་པ་ནི་ཡང་དག་པའོ་ཟེར། འོན་ཀྱང་། ངས་སེམས་རྣལ་ལ་ཕབ་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཚེ། ཉིན་སུམ་བརྒྱ་རེ་ལྔའི་ཡུན་ལ་རང་གིས་ཅི་ཡང་འགྲུབ་མི་འདུག ཆ་སྙོམས་བྱས་ཚེ་ལོ་གཅིག་ལ་ཟླ་རེར་དཔེ་ཆ་གཉིས་རེའང་བཀླགས་ནས་ཚར་མི་འདུག་ལ། ཞིབ་རྩིས་བྱས་ན་ལོ་ཧྲིལ་པོར་བསླབ་ཕྱིའི་དཔེ་ཆ་བཅུ་དགུ་མ་གཏོགས་བཀླགས་མི་འདུག དེ་དག་ལས་གོ་བ་ལོན་ཡོད་མེད་གཉི་ག་ཡོད་པས་མཐར་གཏུགས་ནས་བཤད་ན་ང་ནི་དུས་ཚོད་ཀྱི་སོ་ཁ་ནས་གཏན་དུ་ཕམ་འདུག ཚེ་སྲོག་དང་རྣམ་དཔྱོད་ཀྱི་དབལ་ཁ་ཆུད་ཟོས་སུ་བཏང་བ་ལས་ཅི་ཡང་འགྲུབ་མི་འདུག་སྟེ། མདོར་ན། ངས“གྲོག་མའི་ཚོད་ཀྱི་འགན་ཁུར”ཡང་འགྲུབ་མི་འདུག

ཁོ་ཚོས་ཁྱོད་ནི་སློབ་མ་ཞིག་ཡིན་པས་དཔེ་ཀློག་གི་ཕན་ནས་ལས་ཀ་མང་པོ་འགྲུབ་མེད་པ་ལ་འཁང་ར་དེ་འདྲ་ཆེ་དོན་ཡང་མི་འདུག་ཟེར། འོན་ཀྱང་། སློབ་མ་ཡིན་པའི་ཚོད་ཀྱིས་དཔེ་ཀློག་གི་འགན་ཁུར་ཡང་རྩ་བ་ཉིད་ནས་འགྲུབ་མི་འདུག་སྙམ་ཚེ་སེམས་པ་བློང་བློང་པོར་གྱུར་འགྲོ། དེ་བས། ངས་གྲོགས་པོ་ཚོར། ལོ་མཇུག་འདིར་ཁ་སང་ནི་ད་སྔོན་ཏག་ཏག་གི་དུས་སྐད་ཅིག་མ་དང་འདྲ་ཞེས་བཤད་པ་ཡིན། གྲོགས་པོ་ཚོས་ཁྱོད་ཀྱིས་ཞིབ་འདང་ཞིག་རྒྱོབས་དང་། སྤྱི་ལོ་འདིའི་ལོ་མགོ་ནས་སློབ་གྲྭར་དབྱར་གནང་གཏོང་བའི་བར་ཁོ་ནར་ཡང་ཁྱོད་ཀྱིས་བྱེ་བྲག་གི་དོན་དག་བགྲང་ལས་འདས་པ་ཞིག་བསྒྲུབས་ཡོད་པ་མིན་ནམ། ལོ་སར་རོལ་རྗེས་ཕ་ཡུལ་དང་གྱེས་ནས་ཕྱིར་སློབ་གྲྭར་ལོག་ཅིང་། མཐར་ཕྱིན་འཛིན་ཡིག་སོགས་ཕྱི་རྫིག་ནང་སྟོང་གི་ཡིག་ཚགས་དེ་དག་དང“བཟོ་ལྟ་ཤིན་ཏུ་ཉམས་དགའ་བ”ཡི་དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་གྱི་ཆེད་དུ་མཛུབ་སྟོན་དགེ་རྒན་དག་ལ“དོན་ཆེན”མང་དུ་བསྒྲུབས་པ་དེའང་གྲུབ་འབྲས་མིན་ནམ་ཟེར།

ངོ་མ་བཤད་ན། འཚོ་བ་ཞེས་པའི་འཛིན་རེག་བྲལ་བའི་ཕུགས་བསམ་འདིའི་རྒྱ་ཁྱོན་འོག་ཏུ་མི་སུ་ཞིག་ཡིན་ཡང་དེ་ལྟར་དོན་དག་ཙག་ཙིག་བགྲང་ལས་འདས་པ་ཞིག་གི་སླད་དུ་སྟོད་འདུར་སྨད་རྒྱུག་བྱེད་སྲིད་པ་ནི་སྤྱི་འགྲོས་ཤིག་ཡིན་པས་ངས་ཀྱང་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་བྱེ་བྲག་པ་དེ་དག་གི་རྒྱལ་ཕམ་ནི་རྒྱལ་ཕམ་ལ་བརྩི་བཞིན་མེད། གལ་སྲིད་དེ་དག་ཀྱང་རྒྱལ་ཕམ་ལ་བརྩི་དགོས་ཚེ། ང་ལའང་གཞན་ལ་ངོམ་ཆོག་ཆོག་གི་རྒྱལ་ཁ་བགྲང་ལས་འདས་པ་ཞིག་དང་སྦ་དགོས་པའི་ཕམ་ཁའང་གྲངས་ལས་འདས་ཞེས་བཤད། གྲོགས་པོ་ཚོས་ནི་དེ་འདྲ་བདེན་དུ་ཆུགས་ཀྱང་། ཕྱི་གླིང་པས་ནི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་བྱེ་བྲག་པ་ཞིག་ལས་དོན་ཆེན་དང་གནས་ལུགས་ཟབ་མོ་རྙེད་ཀྱིན་ཡོད་པས། ཁྱོད་ཀྱིས་ཀྱང་འཚོ་བའི་ཁྲོད་ཀྱི་དོན་དག་ཕྲན་ཚེགས་ལ་ལ་ཞིག་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། དཔེར་ན། འཛམ་གླིང་འཁྲུག་ཆེན་དང་པོའི་བསླངས་རྐྱེན་ནི་མི་གཅིག་བསད་པ་ལ་རྐྱེན་བྱས་པ་མ་ཡིན་ནམ་ཟེར།

དེ་ལྟ་ནའང་། ངས་ཇི་ལྟར་བསམ་ཡང་ལོ་འདིའི་ལོ་མགོར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་རྗེས་སླར་ཡང་མཐར་ཕྱིན་འཛིན་ཡིག་སོགས་ལག་རྟགས་ཁ་ཚང་ཞིག“རྩ་དོན”དང་མཐུན་པའི་སྒོ་ནས་ཇི་ལྟར་རེག་ཐུབ་རྒྱུར་བསམ་བློ་བཏང་འོང་བ་དེ་མ་གཏོགས་མི་རྣམས་ལ་སྤྲོ་བ་བསྐྱེད་ཐུབ་པའི་དོན་དག་ཅི་ཡང་འགྲུབ་མེད་པ་འདྲ་བས། ངས་སྔར་བཞིན་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་བྱེ་བྲག་པ་ལ་ལ་ཞིག་རྩ་བ་ཉིད་ནས་གླེང་མི་འདོད། འོ་ན། ཉིན་སུམ་བརྒྱ་རེ་ལྔའི་ཡུན་ལ་དོན་དམ་དུ་ཅི་ཞིག་བྱས་པ་ཡིན་ནམ། ངས་སེམས་རྣལ་ལ་ཕབ་ནས་བསམ་བློ་ཞིག་བཏང་ཚེ། སྤྱི་ལོ2018ལ།ངའི་དུས་ཚོད་ཀྱི་དབྱར་རྩྭ་དགུན་འབུ་ནི་ཁ་པར་ཞེས་པའི་འབུ་རྐོན་མིག་ཆེ་མ་འདིས་མངོན་ལྐོག་གང་རུང་ནས་བརྐོས་ཚར་འདུག་པ་ལ་ཨང་།

བསམ་ཞིང་བསམས་ན་ངས་ཅི་ཡང་འགྲུབ་མི་འདུག ལོ་འདིའི་ལོ་སྟོད་དུ་ངས་སྤྱི་ལོ2018ལ་གཞན་གྱིས་མཐོང་ཆེན་མི་བྱེད་ཀྱང་རང་ཉིད་ཅུང་དགའ་བའི་སྒྲུང་ཐུང་ཞིག་ཅིས་ཀྱང་འབྲི་ཐུབ་དགོས་ཞེས་དམ་བཅའ་བཞག་ཀྱང་། ལོ་མཇུལ་ལ་སླེབས་དུས། ཁ་སྟོང་ནང་གི་ཚིག་སྟོང་གི་གདོན་མོས་ང་ལ་ཡང་ཡང་ཁྲེལ་དགོད་བྱས་སོང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།