ཀྲུང་གོ་བོད་ཀྱི་དྲ་བ།

བུ་ཚེ་རིང་གི་མི་ཚེའི་འགྲུལ་བཞུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།   སྤེལ་དུས། : 2018-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བུ་ཚེ་རིང་གི་མི་ཚེའི་འགྲུལ་བཞུད།

མགར་ཐང་དཀར། མཚོ་ལྷོ།

གཅིག

སྤྱིར་བཏང་མི་བུ་སོ་སོར་ཨ་མའི་མངལ་ནས་ལྟེ་ཁྲག་ས་ལ་འཕོས་པ་ནས་མི་ལོ་ཉི་ཤུར་འགྲུལ་བཞུད་ཀྱི་ལམ་བུ་རེ་ཡོད་པ་བདེན་མོད། ཕྲན་གྱི་གྲོགས་པོ་ཚེ་རིང་ཕོ་ལོ་ཉི་ཤུར་སོན་པའི་ཀྱག་ཀྱོག་གི་ལོ་ཟླ་ནི་ནང་བའི་འཇིག་རྟེན་གཞན་ཞིག་གམ་བློ་ངོ་རུ་ཚད་ཤིང་མི་རྙེད་པའི་སྟོངས་སྣང་གི་ཁམས་གཞན་ཞིག་ཡིན་པར་སྣང་འོང་། ཡིན་ན་ཡང་ཁོ་རང་འཇིག་རྟེན་འདིའི་འགྲོ་བ་གཞན་ཞིག་གམ་དུས་རབས་ཤིག་གི་འགྲོ་སྟངས་ལ་གོམ་ཁ་མ་ཞོག་པའི་གསར་བུ་འཆལ་བོ་ཞིག་རྩ་བ་ནས་མིན་ཏེ། ཁོ་ཡང་ཕྲན་དང་ན་ཚོད་འདྲ་ཞིང་དབང་བོ་ཡན་ལག་ཚང་བའི་གསར་བུ་བདེ་མོ་ཞིག་ཡིན།

གཉིས།

ཡིན་ནའང་།  མི་བུ་རེ་རེའི་ལས་དབང་གི་བགོ་སྐལ་མི་འདྲ་ཞིང་།  དཀའ་སྡུག་དང་རྔུལ་ཆུའི་མང་ཉུང་མི་གཅིག་པས།  ཕྲན་གྱི་གྲོགས་པོ་ཚེ་རིང་ཡང་དེ་བཞིན་དེ་གཉིས་སུ་མ་མཆིས།  བྱིས་དུས་ཀྱི་འཚོ་བར་སྨུག་ནག་གི་གྲིབ་མས་བཙེམས་པའི་ཕྲན་གྱི་གྲོགས་པོ་ཚེ་རིང་ལ་མཚོན་ན།  གོང་ནས་ཕ་ཡི་བྱམས་སྐྱོང་འཐོབ་མ་མྱོང་ཞིང་འོག་ནས་གཉེན་གྱི་གོང་བཀུར་ཐོབ་མྱོང་མེད་པའི་བུ་ཆུང་དྭ་ཕྲུག་ཅིག་ཡིན།  ཁོ་རང་ཕོ་ལོ་བརྒྱད་ཀྱི་སྟེང་ཁོ་རང་ཉིད་ཀྱི་མ་རྒན་ལ་དཀའ་སྡུག་གི་ཁྲོད་དུ་ལུས་ཟུངས་ཀྱི་རང་མདངས་ཉམས་པས། ཟླ་ངོ་དུ་མར་སྨན་ཁང་དུ་ནད་གསོ་མི་བྱེད་ཐབས་མེད་དུ་གྱུར། གནས་ཚུལ་དེ་འདྲ་བའི་བཙན་འཛུལ་གྱི་སྡུག་ཡུས་ནས་མགོ་བཟུང་སྟེ་ཁོ་རང་ཉིད་ཀྱི་འཚོ་བ་ལོ་ཟླ་ནག་པོ་ཞིག་གི་ཐུ་འོག་དུ་འཐིམས། སྐབས་དེ་དུས་ཕྲན་གྱི་གྲོགས་པོ་ཚེ་རིང་མི་ལོ་བརྒྱད་ཡིན་ཞིང་། ཁོ་རང་ཉིད་ལ་ད་དུང་ཤ་ཁྲག་གི་རྒྱུ་བ་གཅིག་པའི་སྲིང་མོ་ཆུང་ཆུང་ཞིག་ཀྱང་ཡོད་པར་བཤད།  སྐབས་དེར་ཁོ་རང་ཉིད་ཀྱི་ཤ་གཅིག་རུས་གཅིག་གི་སྲིང་མོ་ཆུང་ཆུང་དེ་ལོ་གཉིས་ཙམ་ཡིན་འདུག  སྤྱིར་བཏང་དུས་རབས་ཉེར་གཅིག་གི་བྱིས་པ་ཆུང་ཆུང་ཞིག་གིས། སྐད་ཆའི་བརྒྱུ་བ་ཡང་གསལ་མོ་མི་དག་པའི་སྲིང་མོ་ཆུང་ཆུང་ཞིག་སྐྱོང་ཞོར་ཁྱིམ་གཞི་ཞིག་གི་མགོ་རྐང་འཛིན་རྒྱུ་རྟོག་པའི་སྣང་ངོར་ཤོངས་མི་ཐུབ་པའི་དྲན་པ་རིང་མོ་ཞིག་ཏུ་བསམ་ཆོག་ཆོག་ཡིན་མོད།  འོན་ཀྱང་ཕྲན་གྱི་གྲོགས་པོས་ས་ཆེན་གྱི་བྲང་གཞུང་ཐོལ་གྱིས་བཀྱགས་དེ་ལོ་ཟླ་ནག་པོའི་མདུན་རྒྱབ་ལ་ཕྱིར་སྐོར་དང་ཡང་སྐོར་ཐེངས་མང་བརྒྱབ་མྱོང་ལ། ཐག་ཉེ་རིང་གང་ལ་སྣང་བའི་ངུ་སྐད་ཡང་བཏང་མྱོང་། ད་དུང་ཁོ་རང་ཉིད་ཀྱི་ཨ་མར་ནད་ཀྱིས་གཟིར་བའི་དྲན་གདུང་རིང་མོ་དེའི་ཁྲོད་དུ་སེམས་ཟུང་ལ་འཁྱག་སིབ་སིབ་ཀྱི་རླུང་བུ་ལྡིང་གིན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་མ་ཡི་ལས་དོན་འབའ་ཞིག་གསལ་གསལ་དག་དག་གིས་བསྒྲུབས། 

གསུམ།

ཉེ་སྔོན་གྱི་སྤྱི་ཚོགས་ཁྲ་ཁྲ་རིག་རིག་ཡིན་པས།  ཁོ་རང་སྐབས་དེར་ལས་ངན་པར་འབད་པའི་མི་བུ་རེ་འགའི་བརྙས་བཅོས་ལའང་ཚུལ་མྱོང་ཟེར།  ཡང་ལན་རེར་ཁོས་ཨ་མའི་དྲོད་འཇམ་གྱི་ཞལ་མདངས་ཡལ་བར་དངངས་ཤིང་། སྐབས་རེར་ཁྱིམ་གྱི་འཚོ་རྟེན་ལ་འདྲེ་ཡི་ལག་པ་བསྲིང་བར་ཡང་དོགས་མྱོང་ཟེར།  དོགས་པ་དང་དངངས་འཚུབ་གྱི་དཀྱོག་མཚམས་རེ་རེའི་མཚན་གཞུང་ནས་ཁོ་རང་ཉིད་གཡོ་ཧམ་གྱི་ཁྲམ་རྐུན་ལ་འཕྲད་མྱོང་ཞིང་། བརྙས་བཅོས་ཀྱི་རྡུངས་རེས་མྱངས་ནས་ཐང་ལ་འགྱེལ་པའི་སྐབས་ཀྱང་མི་ཉུང་ཟེར།  ཡིན་ནའང་ཁོ་རང་ཉིད་ཀྱིས་དོན་དངོས་ཀྱི་འཚོ་བ་གདོང་གིས་བསུས་ཅིང་། སྲིང་མོ་རྒྱབ་ཏུ་ཁུར་ནས་ཞོགས་པ་ཉི་ཤར་གྱི་ཅོང་ཆེན་དང་འགྲོགས་ནས་ས་ཤུན་གྱི་གློ་སྙིང་ལ་འཇུས་ཅིང་། གྲོ་མ་དང་དབྱར་རྩྭ་ཡི་རིན་གོང་བསོགས་ཏེ་ཨ་མའི་སྨན་རིན་སྤྲད་པ་དང་། འབྲི་མོ་དང་ལྕི་བ་ཡི་འཚོ་བར་ཞུགས་ནས་ཁྱིམ་གཞི་ཆུང་ཆུང་ཞིག་གི་ངོ་གདོང་རིང་ནས་ཡལ་དུ་མ་བཅུག བྱིས་པ་ལོ་བརྒྱད་ཟེར་ན་ནི་སྤྱིར་རང་ཉིད་རང་བདག་མི་ཐུབ་པའི་གནས་བབས་ཞིག་དང་།   གཅིན་སྐྱག་ལག་བསྣོག་བྱེད་པའི་བསམ་མེད་ཀྱི་ལོ་ཚོད་ཞིག་དུ་འདུག་ཅིང་། ཕྲན་གྱི་གྲོགས་པོ་ཚེ་རིང་ནི་དེ་ལྟ་ལས་ཡེ་ནས་ལྡོག་ཅིང་། བསམ་ཤེས་ནས་རང་ཉིད་ལ་རང་ཉིད་ཀྱི་སྐུལ་ལྕག་གཏོང་བའི་ལང་ཚོ་ཡི་ནམ་མཁར་རེ་བའི་ལག་པ་བསྲིང་བའི་གྲས་སུ་ཡིན་འདུག

བཞི།

དེ་ལྟར་ཟླ་ངོ་གསུམ་བཞི་ཙམ་ཁད་ཀྱིས་འདས་པའི་ཞོར་ནས།  ཨ་མ་ཡི་ནད་གཞི་ཡང་ཅུང་ཇེ་བཟང་དུ་སོང་ནས་སྨན་ཁང་ནས་སྒོ་ཕྱིར་འབུད་ཆོག་པའི་དཔང་ཡིག་སྤྲད། ཡང་གཅིག་བཤད་ན་དེ་ནི་དཀོན་མཆོག་གི་མཐུ་བཟང་པོས་མ་དྲིན་ཆེན་དེའི་ཞལ་འཛུམ་གྱི་དྲོལ་ཁོལ་མཐའ་དག་ཁོང་མིང་སྲིང་གཉིས་ལ་ཡང་བསྐྱར་གནང་བའི་སྐལ་བ་བཟང་བོ་ཞིག་སྤྲད་པ་ནི་ཅི་ལ་མིན། དེ་ལྟར་ཨ་མ་དྲིན་མོ་ཆེ་སྨན་ཁང་ནས་ཕྱིར་རང་ཡུལ་དུ་ལོག་པ་དང་། བུ་ཆུང་གིས་ཁྱིམ་གཞི་ཆུང་ཆུང་དེ་སྣུམ་ཤིག་ཤིག་དྲོལ་འཇམ་ངང་བསྐྱངས་ཡོད་པ་མཐོང་ནས།ཡིད་སེམས་དགའ་བས་བཟི། ལུས་སེམས་དྲོད་ཀྱིས་ཁེངས། དེ་ནས་རིམ་བཞིན་འཛུམ་ཆུང་གི་སྐྱེལ་མ་ལྟེམས་པའི་མ་དྲིན་མོ་ཆེ་ཡིས་ཁོང་མིང་སྲིང་གཉིས་ཀ་འཇིག་རྟེན་གྱི་གཤོག་པ་འཚོལ་སའི་ཤེས་རིག་གི་གཤིན་ས་སྣུམ་པོར་འཚོ་བ་ཡི་གོམ་ཁ་བསྒྱུར་དུ་བཅུག

ལྔ།

ཤེས་བྱ་ཅི་འདོད་མ་ལུས་སྩོལ།།

བདག་གི་བློ་ནི་གསལ་གྱུར་ཅིག།

ཅེས་པས་ཁ་གཡང་དྲོལ་མོ་ཞིག་དང་མཉམ་དུ་ཁོང་མིང་སྲིང་གཉིས་ཀས་སློབ་རའི་སྐས་ཐེམ་གྱི་གཏམ་རྒྱུད་རེ་རེར་རང་ཉིད་ཀྱི་མི་ཚེ་ཕུལ་བར་བརྩམས།འོན་ཀྱང་ཕྲན་གྱི་གྲོགས་པོ་ཁོ་རང་ཤེས་བྱའི་འོ་མཚོ་གཞིམ་པའི་ལམ་ཀ་རེ་རེའམ། གསལ་བོ་བཤད་ན་སློབ་ཆུང་ནས་སློབ་འབྲིང་གི་བར་དུ་གཞན་གྱི་ནག་ཉེས་དང་སྐྱོན་འཛུག་གི་རྡེའུ་ནག་མང་དུ་ཉེས། ད་དུང་སྐྱོ་སྣང་དང་སྡུག་ཡུས་རུམ་གང་ཁྱེར་ཏེ་མཐོ་འབྲིང་གི་སྒོ་ཐེམ་ལ་ལྷོད་མེད་ཀྱི་ཕུགས་བསམ་བྲིས། རང་ཉིད་ལ་རང་རློམ་དང་གཞན་གྱི་ཉེས་འདོག་ལ་རྒོལ་ལན་ཡོད་པའི་ཕྲན་གྱི་གྲོགས་པོས། དཀའ་ཁག་དང་ཉེས་འདོག་ལ་མགོ་བོ་མ་བསྒུར་བས། རིམ་བཞིན་ས་དེ་ཀའི་མི་རིགས་མཐོ་འབྲིང་གི་སྒོ་ཐེམ་བསྙེག་པ་ནས་བཟུང་། ཁོ་རང་ཉིད་ཀྱི་མགོ་རུ་བསྐོན་པའི་ཝ་ཞྭ་ནག་པོ་དེའི་སྤུ་མདོག་ངང་གིས་འགྱུར་ཏེ་ལྷགས། རྒྱུ་མཚན་ཁོས་རང་ཉིད་ཀྱི་རང་ཉིད་ལ་ཤེས་བྱའི་གཟིམས་མེད་ཀྱི་སྒྲོན་མེ་འོད་ཆེན་དེ་སྦར་བས་ཡིན་འདུག

དྲུག

དུས་ཀྱི་འགྱུར་བག་དང་བསྡོངས་ནས་མཁའ་དབྱིངས་སུ་སྤྲིན་པའི་རྣ་རྒྱན་བཏེགས་ཅིང་། ས་གཞི་རུ་རྟ་ཕོའི་འཚེར་སྐད་འཐོར། ད་ལྟ་ནི་སྡུག་ཡུས་དང་དངན་པའི་མཚོ་མོར་རྐྱལ་མྱོང་བའི་ཕྲན་གྱི་གྲོགས་པོ་ཚེ་རིང་། སླར་ཡང་འཇིག་རྟེན་གསར་བ་འདིའི་པང་ཁ་ནས་འགྲེང་སྟེ་འདས་ཟིན་པའི་ཁྱིམ་མི་གསུམ་གྱི་དཀའ་སྡུག་གི་ལོ་ཟླར་ཕུགས་བསམ་གསེར་དཀར་གྱི་ལྷན་པ་རྒྱག་པར་རྩོམ། ན་ཟུག་དང་སྨྲེ་ངག་གི་གདུང་དབྱངས་རེ་རེར་ལྷག་བསམ་མ་ཡིག་གི་གད་བདར་བྱེད་པར་ཆས་གྱིན་གདའ།

བདུན།

དེ་བས་རང་ཉིད་རང་གི་ལན་ཆགས་སུ་གྱུར་བའི་དུས་གསར་གྱི་གཞོན་པ་ཚོ།  དཀའ་སྡུག་གི་མི་ཚེ་ནི་མི་བུ་ཞིག་གི་ལོ་རྒྱུས་ཀྱི་བདེན་པ་རྐྱང་རྐྱང་ཡིན་ལ། ནག་ཉེས་ཀྱི་ན་ཟུག་ལྕི་མོ་དེ་མི་བུ་ཞིག་གི་འཚར་ལོངས་ཀྱི་མྱོང་བ་ཐེངས་གཅིག་ཏུ་མངོན་པས། ཕྲན་གྱིས་ཀྱང་ལོ་ཟླའི་བྲང་གཞུང་ལ་སྙིང་ཕུར་གདབ་སྟེ་ཟིན་ཐོ་ལྟ་བུའི་སེམས་གཏམ་དམར་རྗེན་འདི་ཕྱིར་མི་ཡུལ་ལ་ཟས་རིན་ཙམ་ཏུ་ཕུལ་འདོད་སོང་། དེ་ལྟ་ན། ཁོ་དང་ན་ཚོད་མཉམ་པའི་ང་ཚོས་ཀྱང་རང་རང་སོ་སོའི་འདས་མ་ད་གསུམ་གྱི་ལོ་ཟླའི་ངོ་གདོང་མཐའ་དག་གཅིག་དུ་བསྡུས་ནས་རང་ཉིད་ངོ་མ་ཞིག་བཞེངས་བསྐྲུན་བྱེད་པར་སྙིང་དཀར་ནག་གི་མཚམས་ནས་རེ་བ་དང་སྐུར་འདེབས་རེ་བྱེད་འདོད་སྐྱེས་སོང་།

བརྒྱད།

སྤྱིར་གྲོགས་པོ་ནི་རང་ཉིད་ཀྱི་འཁང་ར་དང་སྨྲེ་ངག་འདོན་ས་མིན་ལ། དགའ་སྐྱོ་ཡི་ལས་དབང་གླེང་ས་ཡིན་པས།  གྲོགས་ལགས་ཀྱིས་ཀྱང་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་མཐའ་གཅིག་དུ་ང་ལ་ལབ་བྱུང་བས། ཕྲན་གྱིས་ཀྱང་སེམས་གཏམ་འདི་རྣ་རྒྱབ་ཀྱི་རླུང་ལྟར་མ་དོར་བར།གྲོགས་ཁོང་གི་ལོ་ཟླ་ནག་པོའི་ཞེན་ཆགས་འདི་ཐ་སྙད་ཀྱི་སྙི་ས་ནས་འཐེན་ཏེ་གདུང་བ་འདི་ཉམས་སུ་མྱངས་ཚར་དེ་སྨྱུག་ཁ་རུ་བརྡལ་བ་ལགས། གྲོགས་པོ་ལགས། དེ་རིང་ནས་ལས་དབང་གི་མཐུ་བཙན་པོ་དང་འཚོ་བ་ཡི་གཤིས་སྐྱོ་བོ་འདི་ཁྱོད་ཀྱི་ཕྲག་སྟེང་ནས་ལྷོད་ཀྱིས་བཞུད་བས། ངས་ཁྱོད་རང་ཚོན་མདོག་སྟོང་གི་ཕྱུག་པའི་གསེར་གྱི་ལམ་ཆེན་ལ་སྙེག་པར་ཟིན་ཐོ་འདི་དང་བཅས་ཏེ་གསོལ་བ་དང་སྨོན་ལམ་ཞུ་འདོད། ཕྱིར་དྲན་གྱི་ལས་དབང་བཙན་པོ་དེ་དེ་རིང་སྡུག་ཡུས་འབུམ་གྱིས་གཙེས་པའི་དུར་ཁྲོད་དུ་འཆི་བར་སྨོན།

དགུ།

གྲོགས་པོ་ལགས། ཕྲན་གྱི་གྲོགས་པོ་ཚེ་རིང་ལགས། དེ་རིང་ནས་དཀའ་སྡུག་གི་ན་བུན་ཁད་ཀྱིས་དཀྲོགས་དང་། འུ་གཉིས་མཉམ་དུ་སང་ཉིན་གྱི་ནམ་མཁར་མཛེས་སྡུག་གི་དབུ་ཁྱུད་འབྲི། འུ་གཉིས་ལྷན་དུ་ཁ་སང་གི་ནག་ཉེས་ལ་ཤེས་བྱ་ཡི་དག་ཐེར་བྱེད། ཕྲན་གྱི་གྲོགས་པོ་ལགས། འདས་ཟིན་པ་ནི་ཁ་སང་ཡིན་ལ་བཞུད་དགོས་པ་ནི་སང་ཉིན་ཡིན། གྲོགས་པོ་ལགས། སང་ཉིན་མང་པོ་ཞིག་སྔར་བཞིན་ང་ཚོའི་མདུན་ན་འགྱིང་ཡོད་ངེས་པས། ང་ཚོ་སྔར་ནས་གསོན་དགོས་ལ། གསོན་པ་ལའང་དོན་སྙིང་ཡོད་དགོས། དོན་སྙིང་དེ་རྒྱུ་མཚན་སྟོང་གི་ཕར་ནང་ན་ཡོད་རུང་། གསོན་པ་ནི་ཁྱོད་ཀྱི་ཆེད་ཡིན་ལ། ང་ཡི་ཕྱིར་ཡིན་ཞིང་། རང་ཉིད་ཀྱི་དྲིན་ཆེན་དེའི་སླད་དུའང་སྲིད། དེ་བས་འུ་གཉིས་འཇིག་རྟེན་གྱི་གཤོག་པ་རྐྱོང་དུ་འགྲོ། བདེན་རྫུན་གྱི་སྟབས་ག་འཚོལ་དུ་ཆས། ཕྲན་ཆུང་ཡི་རིང་བའི་མནའ་གྲོགས། ཕྲན་གྱི་བློར་འབབ་པའི་ཚེ་གྲོགས་ལགས།། 

2018ལོའི་ལོ་སྨད་དུ་མཚོ་ནུབ་སློབ་གླིང་ནས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།