བརྩི་བཀུར།

སྤྱིར་ང་ཚོ་འཇིག་རྟེན་དུ་སླེབས་པ་དང་།རྒྱུ་འབྲས་ཀྱི་བློ་མིག་གོ་མ་ལྡོག་པར་མི་ཚེ་དོན་ལྡན་ཞིག་དང་།ཡ་རབས་ཚུལ་མཐུན། བསམ་པ་བཟང་པོ་ཞིག་འཛིན་རྒྱུ་འདི་ཤིན་ཏུ་གལ་ཆེ། དེ་ལས་ལྷག་པ་ཞིག་ལ་རང་ཉིད་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཆེ་བའི་སྐྱེ་བོ་དག་ལ་བརྩི་བཀུར་བྱ་རྒྱུ་ནི་མི་ཚེ་འདིའི་གཡོལ་དུ་མེད་པའི་འོས་འགན་དང་། ཆོས་སྲིད་གཉིས་ལ་མཐུན་པའི་བསམ་སྦྱོར་བླ་ན་མེད་པ་ཞིག་རེད།

འོ་ན། ང་ཚོས་མགོ་གང་ནས་བཙུགས་ཏེ་མཐའ་གང་ནས་འཁྱོངས་དགོས་ཤེ་ན། དང་པོ་རང་གི་ཕ་མ་ཡིན་ཏེ།མདོ་ལས།“དྲིན་ཆེན་ཕ་མའི་དྲིན་ལན་འདི། སྟོང་གསུམ་གསེར་གྱིས་གང་ཡང་མཇལ་ཐབས་མེད།”ཅེས་པ་བཞིན། ཕ་མས་དང་པོར་ང་ཚོར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་གནང་བ་དང་།དེ་ནས་སྲོག་སྦྱིན།རྒྱུ་མཚན་ནི་ཁྱོད་ཨ་མའི་མངལ་ནས་སྐྱེས་མ་ཐག་ལུས་སྦྱིན་པ་དང་།དེ་ནས་བྲང་ལ་སྦྱར་ནས་ནུ་ཞོ་སོགས་བླུད་དེ་སྲོག་སྦྱིན། གལ་ཏེ་སྐབས་དེར་བདག་མ་བྱོས་ན་འཆི་བའོ། །

རིམ་བཞིན་ནར་སོན་རྗེས་འཇིག་རྟེན་པའི་ཐ་སྙད་དེ་དཔེར་ན་ཨ་ཕ།ཨ་མ། ཨ་ཅེ། ཨ་ཁུ་སོགས་མང་པོ་ཞིག་བསླབས་ནས་སྣོད་བཅུད་ལ་ངོས་འཛིན་བྱེད་པའི་གོམ་པ་དང་པོ་སྤོས། དེ་ནས་ཆོས་སློབ་པའི་བསྐལ་བ་དེ་སློབ་གྲྭར་བསྐྱལ་ནས་མི་བུ་ཡ་རབས་ཤིག་འཁྱོངས་པ་དང་། མ་མཐའ་ཡང་ལམ་བཟང་པོ་ཞིག་རྙེད་དེ་ཁ་ཕྱོགས་མ་ནོར་བར་ཤེས་ལྡན་པ་དང་ཆེད་མཁས་པ། རྩོམ་པ་པོ། ལག་རྩལ་པ། རི་མོ་བ། བསམ་བློ་པ། ཆབ་སྲིད་པ། སྙན་ངག་པ་སོགས་མདོར་ན་འཇིག་རྟེན་འདིའི་ཆོས་ཚང་མ་སློབ་པའི་དུས་སྐབས་སྦྱིན།

མཐའ་མར་རྒྱུ་ནོར་སྦྱིན་པ་སྟེ། བུའི་ཆེད་དུ་རྒྱུ་ནོར་ཁང་ཁྱིམ། ཐ་ན་དེའི་དོན་དུ་སྲོག་སོགས་གཏོང་དགོས་ཀྱང་འགྱོད་པ་སྤུ་ཙམ་མེད་པ་དང་།དཔེར་ན། བུས་རྐུན་འཕྲོག་བཅོམ་སོགས་ཚུལ་མིན་གྱི་བྱ་བ་བྱས་ཏེ་མཐའ་འབྲས་ངན་པ་བྱུང་ཡང་ཕ་མས་བུའི་དོན་དུ་དོང་མཇལ་བར་སྒོར་དང་ནོར་སོགས་ཕུད་དགོས་ཀྱང་འགྱོད་པ་མེད། འདི་དག་ནི་དྲིན་ཕ་མའི་བཀའ་དྲིན་ཏེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ལ་ནམ་ཡང་བརྗེད་མི་སྲིད། དེས་ན་ང་ཚོས་བརྩི་བཀུར་བྱ་རྒྱུ་ནི་སྨྲོས་མ་དགོས།

དེ་ནས་རིག་པ་དོན་དུ་གཉེར་བའི་ཤེས་འདོད་ཆོས་ཅན་ནམ་སློབ་མ་ཞིག་ལ་མཚོན་ན། དགེ་རྒན་ནི་མེད་དུ་མི་རུང་སྟེ། ཇི་སྐད་དུ།

བླ་མ་མེད་པའི་གོང་རོལ་ན། །

སངས་རྒྱས་ཞེས་པའི་མཚན་ཡང་མེད། །

བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །

བླ་མ་དག་ལ་བསྟེན་ནས་བྱུང་། །

ཞེས་གསུངས་པ་བཞིན་ཇི་ལྟ་ཇི་སྙེད་ཀྱི་ཚེས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་དགེ་རྒན་ལ་མ་བསྟེན་པ་གཅིག་ཀྱང་མེད། དེར་བརྟེན་མི་ཕལ་བ་རྣམས་ལྟ་ཅི་སྨོས།

དེ་ནས་ཕ་མས་འཇིག་རྟེན་པའི་ཐ་སྙད་བསླབ་པ་དང་། དགེ་རྒན་གྱིས་ཆོས་ཏེ།

ཆོས་ནི་ཤེས་བྱ་ལམ་དང་ནི། །

མྱ་ངན་འདས་དང་ཡིད་ཀྱི་ཡུལ། །

བསོད་ནམས་ཚེ་དང་མཐོ་རུས་དང་། །

འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །

ཞེས་པའི་དོན་ཚན་བཅུ་སྟེ་མདོར་ན་དམ་པའི་ཆོས་དང་འཇིག་རྟེན་སྲིད་ཀྱི་ཤེས་བྱ་ཡོན་ཏན་ཐམས་ཅད་དགེ་རྒན་ལ་བསྟེན་ནས་བྱུང་།

དགེ་རྒན་གྱིས་ལུས་ཀྱི་སྲོག་གཅོད། བརྐུ་བྱེད་པ།ཚུལ་མིན་གྱི་སྤྱོད་པ་སྤངས་ལ་ཕྱག་འཚལ་གུས་སྲོལ་སོགས་བསླབ་པ་དང་། ངག་གི་རྫུན་ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་སྤངས་ཤིང་། ཇི་སྐད་དུ།

ཡོན་ཏན་རབ་གྱིས་བརྒྱན་པ་ནི། །

ཁ་ནི་བདྨོ་ཡིད་འོང་ལྡན། །

ཞེས་པ་སོགས་སྐད་ཆ་བཤད་ཤེས་པ། སྨྲ་མཁས་པ། རྩོད་ཐུབ་པ་སོགས་ཁྲིད།

ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་སྤངས་ཤིང་།ཡིད་ལ་མི་ལེགས་པའི་ཆ་མི་དྲན་ཞིང་། བཟང་པོའི་ལས་གཞོལ་མཁས་པ་སྟེ་མདོར་ན། ལེགས་ཚོགས་ཐམས་ཅད་ཀྱི་ཁུངས་ནི་དགེ་རྒན་ལ་བསྟེན་ནས་བྱུང་བ་དང་།ཕ་མའི་ལུས་སྦྱིན་ན། དགེ་རྒན་གྱིས་ལུས་བརྒྱན་པ་ལྟ་བུའི་དྲིན་ཅན་གཉིས་ཡིན་པས་ང་ཚོས་བརྩི་བཀུར་བྱ་རྒྱུ་ཤིན་ཏུ་གལ་ཆེ།

མདོར་ན། བརྩི་བཀུར་ནི་དྲིན་དུ་ཤེས་པ། རྒྱུ་འབྲས་ལྡན་པ།ཡོན་ཏན་འབྱོར་བ། ལུགས་དང་མཐུན་པ། ཚད་དང་ལྡན་པ།ཡ་རབས་ཕྱོགས་སུ་ཁ་བསྒྱུར་བ་སོགས་ཀུན་ལ་ཕན་པས། ང་ཚོས་ད་ནས་བཟུང་སྟེ་དགེ་རྒན་དང་ཕ་མ་ལ་བརྩི་་བཀུར་བྱ་རྒྱུ་ནི་བསྙོན་དུ་མེད་པའི་འོས་འགན་ཞིག་ཡིན་པའོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།