ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་མིག་དྲོན་མོའི་ཁྲོད་ཀྱི་ལོ་གསར། དྲན་པ་དཀར་པོའི་ཁྲོད་ཀྱི་ལོ་གསར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གསར། བྱིས་པ་ཚོའི་རྣ་ལམ་དུ་སྙན་ཞིང་འཇེབས་པའི་དིང་གླིང་གི་འགྱུར་ཁུགས་དྭངས་མོ།

ལོ་གསར། བྱིས་པ་ཚོས་ཡུན་རིང་དུ་སེམས་སུ་སྦྲུམ་པའི་འགྱུར་མེད་ཀྱི་རྨི་ལམ་ལྗང་ཁུ།

ལོ་གསར་ནི་འདབ་མ་ལྷུག་པོར་བཞད་པའི་མེ་ཏོག་གི་གང་བུ་ཆུང་ཆུང་དེ་ཡིན། ལོ་གསར་ནི་དགའ་བའི་གླུ་དང་སྐྱིད་པའི་གར་ལ་རོལ་བའི་ཕུན་ཚོགས་ཀྱི་སྲོལ་བཟང་དེ་ཡིན། ལོ་གསར་ནི་དཀར་ཡོལ་ཁ་རུ་ལྟེམ་མེར་འཁྱིལ་བའི་དཀར་གསུམ་མངར་གསུམ་གྱི་ལེགས་སྐྱེས་སྣུམ་པོ་དེ་ཡིན། ལོ་གསར་ནི་ཆེས་ཐོག་མའི་དབུ་ཁྱུད་དཀར་པོ་དང་ལོ་སོ་རྙིང་གཉིས་ཀྱི་དཀྱོགས་མཚམས་དེ་ཡིན།

ད་ཆ་ལོ་གསར་སླེབས་ལ་ཉེ་སྐབས། དུས་རྒྱུན་གྱི་ཙག་ཙིག་གི་བྱ་བ་ལོགས་སུ་གཡུགས་ནས་ཡུལ་མི་ཐམས་ཅད་ཁོམ་ལོང་ཡེ་ནས་བྲལ་བར་འདུར་རྒྱུག་གི་འཚང་ཁ་རབ་ཏུ་རྒོད་དེ་ལོ་གསར་ཉོ་ཚོང་ལ་ཤ་ཐུལ་གྱི་རི་རབ་བརྩིགས་ནས་ཁ་ལ་གང་ཞིམ་གྱི་ཟས་རིགས་སྣ་ཚོགས་བྱུར་བུར་སྤུངས་ཏེ་སྡེར་ཁ་བསྒྲིགས་ཤིང་། ལུས་ལ་གང་ཡག་གི་གྱོན་གོས་གསར་པས་རབ་ཏུ་བརྒྱན་ནས་བདེ་སྐྱིད་མཉམ་འཛོམས་ཀྱི་དུས་ཆེན་གཅིག་པུར་སྐྱིད་པོ་ཞེ་དྲག་བྱས་ཀྱང་བྱིས་དུས་ཀྱི་དགའ་སྤྲོ་ལྷད་མེད་དེ་སླར་ཡང་རྙེད་ཐབས་མེད་པ་འདྲ།

དེ་ནི་ནར་སོན་གྱི་གོ་རིམ་བརྒལ་ཏེ་བྱིས་དུས་ཀྱི་ལོ་ཟླ་གཟུར་བའི་མངོན་རྟགས་ཤིག་ཡིན་ལ། འཚར་ལོངས་ཀྱི་གང་བུ་རྒྱས་ཏེ་ན་ཆུང་གི་དུས་ཡུན་ཡལ་བའི་མཚོན་རྟགས་ཤིག་ཡིན་ཙ་ན། ལོ་གསར་དུས་ཆེན་གྱི་ཕྲེང་རྡོག་རེ་རེ་བགྲངས་ནས་མི་ཚེའི་དེབ་གཅིག་གི་ཆ་ཤས་གསིལ་ཏེ་ཇེ་སྟུང་དུ་འགྲོ་དུས་དར་མ་དང་རྒན་དར་གྱི་ཚོགས་རྣམས་ལོ་སར་རོལ་བར་སྤྲོ་ཉམས་མི་སྐྱེ་ནའང་། སྔོན་ཆད་དང་ད་ལྟའི་བྱིས་པ་སུ་ཞིག་ལ་མཚོན་ནའང་རེ་བའི་དགའ་འབོད་ལྷང་ལྷང་སྒྲོག་པ་དང་དུངས་པའི་མིག་གིས་ཧྲིག་གེར་ལྟ་ས་གཅིག་པུ་ནི་ཆུང་བྱིས་དུས་ཀྱི་ལོ་ཟླའི་ཁྲོད་ནམ་ཞར་རེ་ལྟོས་ཧ་ཅང་ཆེ་བ་དང་སྤྲོ་བ་རབ་ཏུ་འཁོལ་བའི་ལོ་གསར་དུས་ཆེན་འབའ་ཞིག་གོ། །

གློ་རྡེག་ཏུ་བོད་ལོ་ཚེས་ནས་ལོ་གསར་དུས་ཆེན་དུ་སླེབས་ལ་ཉེ་དུས། ཚམ་ཚོམ་མེད་པར་ལོ་ཟླའི་གོམ་འགྲོས་ཕྱིར་བསྐུམས་ཏེ་འདས་སོང་གི་ལོ་རེའི་ལོ་གསར་རོལ་སྟངས་ལ་ཕྱིར་དྲན་བྱེད་པ་ནི་བཞུད་ཟིན་པའི་ཁ་སང་གི་རྨི་ལམ་དྲོན་མོར་སྔོག་བཤེར་ཐེངས་ཤིག་བྱེད་པ་དང་ཀུན་ནས་མཚུངས།

ད་ལྟ་ཕྱིར་འདང་རེ་བརྒྱབ་ན་དེ་དུས་ང་རང་ཉིད་ལ་མཚོན་ན་བོད་ལོ་ནང་གི་མི་ཞེས་པ་ལྟར་དུད་པ་ཕྱགས་པ་དང་གོ་རེ་དམར་པོ་བཅའ་བ། རྒྱལ་པོ་སྲེག་པ། ཤ་འཐག་པ། ཆ་མ་གསིལ་བ་སོགས་ལོ་གསར་ལ་གྲ་སྒྲིག་བྱེད་པའི་ལས་ཀ་པའི་གྲས་སུ་མི་ཚུད་ན་ཡང་ན་མཉམ་བྱིས་པ་ཚོ་དང་ཆབས་ཅིག་ཞིང་ཁར་སྤོ་ཐོ་བརྩིགས་ནས་རྩེད་ར་བསྒྲིགས་ཤིང་། སྡོང་ར་དང་ཞིང་ར་མྱུལ་ནས་དེ་ཕོ་དང་རི་བོང་བདའ་བར་ཆས་ཏེ་རྩེད་ཞོར་དགོད་ཞོར་ནག་དྲེག་ཆགས་པའི་མཛུབ་མོ་རེ་རེ་ནང་དུ་བཀུག་སྟེ་ལོ་གསར་དུས་ཆེན་གྱི་ཉིན་མོར་རེ་བ་དྭངས་མོ་དང་སྤྲོ་བ་ཚད་མེད་ཀྱིས་སེམས་དང་བསམ་པས་བསྒུགས་མྱོང་བ་ནི་ཅི་འདྲའི་གླེང་རི་བའི་བརྗོད་གཞི་ཞིག ཡིན་ཏེ། བྱིས་པ་ལོ་ཆུང་དག་གིས་ལོ་གསར་ཉིན་མོ་བསླེབ་པར་རེ་སྒུག་ཤིན་ཏུ་དྲག་པ་ནི་དཔེ་གཞི་དཀོན་པའི་གནས་སོ། །

ང་ཚོ་བྱིས་པ་ཡིན་དུས་ད་ཆ་ནང་བཞིན་མདུན་ཅོག་སྟེང་ན་གཅལ་དུ་བཀྲམ་པའི་རིགས་མི་གཅིག་པའི་ཀ་ར་སིལ་ཏོག་བྱུར་བུར་སྤུངས་པའམ་ལུས་ལ་གང་མཛེས་ཀྱི་གྱོན་གོས་སྣ་ཚོགས་གདམ་གསེས་སྒོས་བརྗེ་སྤོར་བྱེད་པའི་ཆ་རྐྱེན་མི་འཛོམས་ནའང་། ཟས་ཞིམ་པོ་ཡོད་ན་རྒྱ་ལོའི་ཚེས་གཅིག་ལ་ཟོ། གོས་ཡག་པ་ཡོད་ན་དྲུག་པའི་ཀླུ་རོལ་ལ་གོན་ཞེས་པ་ལྟར། ལོ་གསར་མ་སླེབས་གོང་གི་དགོང་མོར་ཕ་མས་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ཟླ་བརྩེགས་ལ་དབྱར་ཆར་ཆུ་དང་དགུན་ཙག་སེར་ལ་མ་འཛེམས་པར་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་མུག་གསོག་སྡུག་གསོག་གིས་ཉོས་པའི་ལྭ་བ་གསར་པ་དེ་དག་སྔས་མགོར་བཞག་སྟེ། ལོ་གསར་གྱི་མཆོད་ཀ་འཐུང་རྒྱུ་དང་ཕྲ་ཚོམ་ཤོག་སྦག་དགད་རྒྱུར་རྔམ་སྟེ། མིག་ཟུང་བཙུམ་ནས་ཉལ་ནའང་ཡང་དང་བསྐྱར་དུ་གནམ་ལོ་གསར་ཚེས་ཀྱི་དུས་སུ་སྡེ་བའི་ར་ཁར་བརྩེངས་པའི་སྒྲ་སྒམ་ལས་གླུ་པ་རྡོ་རྗེ་ཚེ་བརྟན་དང་གླུ་པ་གུ་རུ། གླུ་མ་ཚ་གཞིས་མ་སོགས་ཀྱི་དམངས་གླུའི་འགྱུར་ཁུགས་སྙན་མོ་མཆེད་པ་དང་ཟུར་གསུམ་དབྱིབས་ཀྱི་རྩེ་མོར་བལ་དཀར་དང་ཤུག་པས་དཀྲིས་ཤིང་དམར་སེར་སྔོ་ལྗང་གི་གློག་སྒྲོན་བཏེགས་པའི་ཏིན་ཤིང་། གཅིག་འཇགས་གཉིས་ལངས་ཀྱི་ཤོག་སྦག་བཀད་སྒྲ། ད་དུང་མཚན་གུང་སྨག་ནག་ནའང་ཆེད་དུ་ལོ་གསར་འཚམས་འདྲིར་འགྲོ་བར་སྟ་གོན་བྱས་པའི་ཆུ་ཁུག་མཆན་ལ་བཙིར་ཏེ་རུ་ཁ་ཁྱིམ་མཚེས་དང་ཤ་ཉེ་སྤུན་མཆེད་ལ་ལོ་གསར་འཚམས་འདྲིར་འགྲོ་བའི་རྣམ་པ་དག་མིག་གི་རྒྱལ་མོར་འཚང་ཁ་ཤིག་ཤིག་ཏུ་བརྡོལ་འོངས། གཉིད་ཐུན་ཙམ་ཞིག་གི་འཕྲོར། རུ་ཁ་ཁྱིམ་མཚེས་ཀྱིས་དངོས་གནས་ཤོག་སྦག་རེ་གཉིས་ཀྱིས་གནམ་ལོ་གསར་པའི་རྟགས་མཚན་སྟོན་ཅིང་། ལྷ་ཤིང་ཤུག་པ་དང་བསང་རྫས་ཀྱི་དྲི་མ་སྟུག་པོ་དྲི་འཛིན་སྣ་ལམ་དུ་ཡུན་གྱིས་རྒྱུ་བར་མ་ཟད། ལ་ལས་དུང་དཀར་འབུད་པ་དང་སྒྲ་སྒམ་ལས་དབྱངས་རྟ་སྙན་མོ་ཕན་ཚུན་འགྲན་པའི་ཚུལ་དུ་གཏོང་བར་མ་ཟད། ཁྱིམ་ཚང་གི་སྒོ་ཁ་དང་སྲང་ལམ་གྱི་གྲུ་ཁ་གང་རུང་དུ་གློག་སྒྲོན་བཀར་བ་རེད།

དེ་དུས་དགའ་སྣང་དང་སྤྲོ་སྣང་བློར་མི་ཤོང་བ་ཞིག་གིས་བརྟས་ཏེ་ལུས་གང་མྱུར་སྒོས་ལྭ་བ་སོ་མ་གོན་ཏེ། ཐབ་ཁུང་དུ་ལམ་ལམ་འབར་བའི་མེ་ཁར་འདུས་ཏེ་ཁྱིམ་གྱི་ཁ་རྡང་སྟེང་གི་སྡེར་ཀའི་གསེང་ན་ཐ་ཐོར་བཞག་པའི་ཀ་ར་དག་བཟའ་འདོད་ཀྱི་འགྲམ་ཆུ་ལྡང་སྟེ་མཆིལ་མ་མིད་ཞོར་མིག་ཧྲིག་གེར་བལྟས་མྱོང་། ད་ལྟ་ཐུམ་མི་གཅིག་པའི་ཀ་ར་དང་བྲོ་བ་མི་འདྲ་བའི་ཀ་ར་གོ་རེ། མདོག་མི་མཐུན་པའི་སིལ་ཁུའི་བཏུང་ཆུ་རིགས་སྡེར་མ་དང་སྡེར་མ། སྡེར་ཁ་དང་སྡེར་ཁས་བྲག་རི་བརྩིགས་ནའང་། ད་ལྟའི་བྱིས་པ་རྣམས་དེ་དག་ཟ་འདོད་ཀྱི་འགྲམ་ཆུ་ལྡང་བ་ལྟ་ཅི། དེ་དག་ལས་གདམ་བསལ་དང་ཡི་གར་འཚམ་པ་བཟའ་བ་ལས་གཞན་དག་ལ་མིག་ཞགས་ཀྱང་མི་འཕེན་པ་རེད། ཡིན་ཡང་དེ་དུས་ང་ཚོ་ན་ཆུང་བྱིས་པ་ཚོས་གོ་དམར་དང་གོ་རེ་རྒྱལ་པོ་རེ་འགའ་སླེ་བོ་དང་སྨྱུག་ཕད་དུ་བཅུག་སྟེ་ལོ་གསར་ལེགས་སྐྱེས་སྐྱེལ་དུ་འགྲོ་བ་རེད། ལོ་གསར་ལེགས་སྐྱེས་སྐྱེལ་བར་སོང་ན་ཁྱིམ་བདག་གིས་ཀྱང་སྔ་མོ་ནས་གྲ་སྒྲིག་བགྱིས་པའི་བྱིས་པ་རྣམས་ཀྱི་ལོ་སྐལ་བསྡུ་སའི་ཆུ་ཁུག་ནང་དུ་ཀ་ར་རྡོག་གཅིག་གམ་སིལ་ཏོག་ཆང་བ་ལི། བ་དམ་དང་ཉི་འབྲས་ཐར་ཐོར་བཅས་སྟེར་ལ་ནང་སྒོས་སུ་བྱིས་པ་ཕོ་རྣམས་ལ་ཤོག་སྦག་ཆུང་ངུ་གཅིག་རེ་གཉིས་རེ་བྱིན་པའི་ཚེ་ན། ང་ཚོ་དགའ་བས་བརྟས་ཤིང་རང་བྱུང་གི་འཛུམ་ཆུང་མེ་ཏོག་གི་འདབ་ལོ་གྲོལ་བ་ལྟར་བཞད་འོངས། ང་ཚོ་བྱིས་པ་དག་གིས་མཚན་མོའི་མུན་པ་ཅི་འདྲའི་སྟུག་ནའང་གསལ་ལ་མི་གསལ་བའི་ལག་སྒྲོན་ཆུང་ངུ་རེ་བསྣམས་ཏེ་དགུན་གསུམ་གྲང་ངར་གྱི་ཙག་རླུང་གདོང་གིས་བསུས་ནས་ཁྱིམ་ཚང་ཉིས་བརྒྱས་གྲུབ་པའི་སྡེ་བའི་སྲང་ལམ་བརྒྱུད་དེ་འགྲོ་སྐབས་ཕན་ཚུན་ལ་བཀྲ་ཤིས་རྟེན་འབྲེལ་གྱི་དོད་དུ་ལོ་གསར་བཟང་ཞེས་འཚམས་འདྲི་རེ་བྱེད་ཞོར་བྱིས་པ་ཕན་ཚུན་གྱི་ལོ་གསར་ཀ་སྣོད་ཀྱི་མང་ཉུང་དང་བཟང་ངན་ལ་ཞིབ་ལྟ་བྱེད་པ་ལས་གཞན་ད་དུང་ཡུན་རིང་གྱོན་སྐལ་བྲལ་བའི་ལྭ་བ་སོ་མ་དེ་དག་ལོག་སར་གྱི་མཚན་མོར་གྱོན་པ་ན། བྱིས་པ་ཕན་ཚུན་གྱིས་དགོང་མོ་མུན་པ་མཐུག་ན་ཡང་ལག་སྒྲོན་བཀར་ཏེ་རིག་རིག་མིག་གིས་མགོ་ནས་མཇུག་བར་དུ་ཐེངས་ཤིག་ལོངས་སུ་སྤྱོད། ལོ་གསར་ལེགས་སྐྱེས་འཁྱེར་ཡུལ་གྱི་ཁྱིམ་ཚང་ལ་འབྱོར་ཏེ་ཨ་ཁུ་ཨ་ནེ་དང་ཕུ་བོ་ཨ་ཅེ་རྣམ་པས་བྱིས་པ་དག་གི་ལུས་ལ་གོན་པའི་ལྭ་བ་མཛེས་པར་བསྟོད་ར་ཐུང་ཐུང་རེ་བྱས་ཚེ། ཐོལ་བྱུང་དགའ་ནས་ཁོང་འཛུམ་ལྷུག་པོར་གྲོལ་བ་རེད།

ཕྱི་ཉིན་སྡེ་བའི་མང་ཚོགས་རྣམས་མ་ཎི་ཁང་དུ་མཆོད་མཇལ་ལ་སླེབས་དུས། བྱིས་པ་རྣམས་ཀྱིས་ཚི་ལེན་ཚི་སྟུག་དང་དོར་མ་ལྷན་པ་ཅན་པོ། རས་ལྷམ་སྣ་རལ་སོགས་གཞོགས་སུ་དོར་ཏེ་ཡུན་རིང་གྱོན་མ་མྱོང་བའི་ཚུགས་ཀ་ཐ་དད་པའི་སྟོད་གོས་གསར་པ་དང་ལོ་གསར་ལ་ལེགས་སྐྱེས་སུ་བྱིན་པའི་ཀ་སྣོད་ཆུ་ཁུག་གང་པོ་ཁྱེར་ཏེ། བྱིས་པ་མང་པོ་མ་བགྲོས་གཅིག་མཐུན་ངང་མཉམ་དུ་འདུས་སྲིད་ལ། དེ་རུ་ཕན་ཚུན་གྱི་གྱོན་གོས་གསར་པ་ངོམ་སོ་བྱེད་ཅིང་། ཕན་ཚུན་གྱི་ལོ་གསར་ལེགས་སྐྱེས་ཀྱི་མང་ཉུང་གཤིབ་ཅིང་བརྗེ་རེས་བྱེད་པའི་མི་ཚད། ཤོག་སྦག་བཀད་པའི་སྦྱོར་བ་རེ་ཞིག་མགོ་རྩོམ་པ་རེད། བྱིས་པ་དག་ལྷང་ལྷང་ཤོག་སྦག་གི་འགད་སྒྲ་དང་ལྷན་དུ་ཡར་རྒྱུག་མར་རྒྱུག་སྒོས་བདའ་འདེད་ཀྱི་རྩེད་འཇོ། བཞའ་རེས་ཀྱི་རྩེད་འཇོའི་ཁྲོད་ཧབ་ཆ་དིར་རེ་མཐོངས་དབྱིངས་ཀྱི་བྲག་ཅར་བསྐུར་ཏེ་ལོ་གསར་གྱི་རྣམ་པ་གསར་པ་འཁྲུག་ཆ་དོད་པོར་བཟོས་འགྲོ་བ་རེད། མ་ཟད་ལོ་སར་ཚེས་གཅིག་ནས་བཟུང་ཤ་ཉེ་ཁྱིམ་མཚེས་དག་གིས་ཕན་ཚུན་ལོ་ཉུལ་དུ་འགྲོ་བ་དེར་ལོ་སར་ཞེས་འབོད་པ་དང་། ལོ་ཉུལ་དུ་ཡོང་ན་ཤ་མོག་དང་འབྲས་སྐྱ། ཆོབ་སོགས་ཀྱིས་སྣེ་ལེན་བཟང་པོ་བྱེད་བཞིན་བདུད་རྩི་ཆང་གི་མགྲོན་བསུ་དང་གླུ་གར་གཞས་གསུམ་གྱི་ལྟད་མོ་གྱ་ནོམ་པ་སྟོན་ནོ། །

དེའི་དུས་ཁྱིམ་ཚང་སོ་སོའི་འབྱོར་འཁོས་ཞན་ན་ཡང་། རང་རང་གི་འཛོམས་ཚོད་ཀྱིས་ལོ་གསར་ལ་རོལ་ཚེ་དེ་ནི་དངོས་གནས་གོ་རིམ་གསལ་ཞིང་ཞིབ་ཆ་དོད་ལ། མི་དགའ་ལྷ་སྐྱིད་ཀྱི་ལྷན་འཛོམས་དུས་ཆེན་བཟང་ཤོས་ཤིག་ཏུ་འདོད། ཡིན་ཡང་ཉེ་བའི་ལོ་འདི་འགའི་རིང་དུ་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བྱུང་བས། ལོ་གསར་གྱི་ཉིན་འདི་དག་གཅིག་པོར་བལྟས་ནའང་ཤེས་སྲིད་དེ། ཁྱིམ་ཚང་ལ་ལས་འབྱོར་བ་བཟང་བའི་རྟགས་སུ་ཅུང་ཡིན་མདོག་ཁ་པོ་དང་ཡོད་མདོག་བསྟན་ཏེ་ལོ་གསར་གྱི་ཉོ་བཅའ་རླངས་འཁོར་ཆེ་བའི་འཁོར་སྒམ་ནང་དུ་དབོར་འདྲེན་བྱེད་ཀྱིན་ཡོད་ལ། ཁྱིམ་གྱི་ཅོག་ཙེའི་སྟེང་གི་སྡེར་ཀ་ནི་ཁང་བརྩེགས་བཞིན་མཐོན་པོར་བསྒྲིགས་ཏེ་ཕྱུག་བདག་ཕན་ཚུན་བར་བཤམས་སྟོན་གྱི་འགྲན་སྡུར་ལྟ་བུའི་སྲོལ་ངན་ཞིག་ཆགས་འདུག འདི་ནི་ལྷ་སྲོལ་དང་མི་སྲོལ་གང་ལ་ཡང་མ་བསྟུན་པའི་འཆལ་སྤྱོད་ཅིག་ཏུ་འདོད་པས། ཁ་དཔེར་ཡང་ཕྱུག་པོའི་འགྲོ་ཡ་བྱས་ན་མེད་པོའི་རྩམ་ཁུག་སྟོང་པར་འགྱུར་ཞེས་པ་མིན་ནམ། དེར་བརྟེན་ང་ཚོས་ལོ་རེའི་ལོ་གསར་རོལ་སྐབས་ཀྱང་གཙོ་བོ་ཁྱིམ་ཚང་རང་སྟེང་གི་འཁོས་ཀའི་ལེགས་ཞན་ལྟར་གང་ལ་གང་འཚམ་བྱ་རྒྱུ་ནི་ཅིས་ཀྱང་དོ་སྣང་བྱ་དགོས་པའི་གནད་དམ་པ་རེད་འདོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།