ཀྲུང་གོ་བོད་ཀྱི་དྲ་བ།

བསིལ་རླུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2018-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དམའ་བ་རྒྱ་མཚོའི་འགྲམ་ནས་ལྡང་བའི་རླུང་བསིལ་མོ་ཞིག སེམས་ཀྱི་སྐྱོ་ངལ་སངས་པའི་རླུང་བསིལ་མོ་ཞིག ཐོག་རེག་བཀག་འགོག་མེད་པར་འཛིན་མའི་ཐོང་གའི་ཁོ་ར་ཁོར་ཡུག་ཀུན་ཏུ་ཡུན་གྱིས་འཕྱན་པ་ན། མཐོང་ལམ་ཡོད་ཚད་འགུལ་སྣང་ཅན་དུ་བསྒྱུར།

ཚང་ཚིང་ནགས་ཀླུང་སྟུག་པོ་ཀེར་རེར་འགྲེང་བའི་ལྗོན་རྩེའི་ཡལ་ག་ཕྲ་མོ་ཡོ་ཙམ་ཡོ་ཙམ་གྱིས་གཡས་གཡོན་ལ་ལྡེམ་ལྡེམ་དུ་འགུལ་བ་ནི་དཔྱིད་ཀྱི་བུ་མོ་དལ་བུར་བྱོན་པར་དགའ་མགུའི་བྲོ་གར་གྱི་སྟངས་སྟབས་མཚར་པོས་བསུ་མ་བྱེད་པ་འདྲ་ལ། གང་བུ་རྒྱས་ལ་རན་པའི་ཡལ་འདབ་ཁ་ཤས་ཀྱང་རླུང་བུས་བསྒུལ་ཏེ་ཆད་མེད་འཕག་འཚག་རྒྱག་པ་ནི་དགུན་ལྭ་མཐུག་པོ་ཕུད་དེ་བྱ་རྨྱང་བྱེད་ཀྱིན་གསོན་ཤུགས་རྒྱས་པའི་བཟོ་སྟོན་པ་དང་མཐུན་པས། དེ་ནི་ཏག་ཏག་སེམས་ཀྱི་གཡུ་སྦྲང་གིས་དགའ་བ་བསྣམས་ཏེ་བརྩེ་དུང་གི་ཟེའུ་འབྲུ་སྦྱོར་བར་ལམ་ལ་ཆས་པ་དང་ཅི་འདྲའི་མཚུངས་ཨང་།

རླུང་བསིལ་མོའི་འཇམ་མཉེན་ལག་པད་ཀྱིས་དབྱིག་གི་བློ་གྲོས་མའི་བཞིན་རས་ལ་བྱིལ་བྱིལ་མཛད་པས། རྫི་གླུ་ཡི་སྙན་འགྱུར་ལ་ལྗང་མྱུག་འབུས། ན་ཆུང་མའི་འཛུམ་རྐོང་ལ་རོལ་དབྱངས་འཁྱིལ།

དེ་ལྟར་འཇམ་མཉེན་རླུང་གིས་སྔ་ས་ནས་དཔྱིད་དཔལ་བུ་མོ་སྐྱ་རེངས་ཀྱི་འབོད་བརྡ་དང་ལྷན་དུ་མི་ཡུལ་གྱི་རྒྱན་དུ་བཏང་མོད། འོན་ཀྱང་སྐྱོ་ངལ་གྱིས་དུབ་པའི་ངའི་སེམས་པ་ལྟ་བུའི་ལྗོན་ཤིང་རེ་འགའི་ཡལ་ག་ནི་མཚན་མོའི་རྨི་ལམ་གྱིས་བསླུས་པའི་སྦུབས་རྒྱ་རུ་ད་དུང་བདེ་བའི་མལ་དུ་གཟིམས་ཏེ་འགུལ་ཙམ་བྱེད་རྒྱུའང་ཁག་པོར་གྱུར་འདུག

དཔྱིད་རླུང་འཇམ་པོས་བུ་ཆུང་གི་མགོ་ལ་ཨ་མས་བྱིལ་བྱིལ་གཏོང་བ་བཞིན་ས་འོག་ནས་ཡར་འགྲེང་ལ་རན་པའི་ས་བོན་གྱི་ཚོགས་ལ་ཕུ་ལྕག་བཏབ་པས་མྱུ་གུའི་རང་མདངས་ལ་དགའ་མས་མཆུ་འདབ་རེག་པ་ལྟར་བརྩེ་འཛུམ་གྱིས་ས་ཤུན་བརྟོལ་ནས་མི་ཡུལ་གྱི་ལྟད་མོར་སླེབས་ཏེ། བདེ་དགའི་སྣང་བ་ཞིག་རང་ཤུགས་སུ་འཁྱིལ་ཞིང་སྤྲོ་བ་ཚད་མེད་ཅིག་ལྷོག་ལྷོག་ཏུ་འཕྱུར་ན་ཡང་། སྟོང་པར་ལུས་པའི་ངའི་ཁེར་རྐྱང་གི་གྲིབ་གཟུགས་བསྒུལ་མ་ཐུབ།

སྐྱོ་གདུང་འདྲེས་མའི་བསླུ་བྲིད་ཀྱིས་མནར་བའི་ངའི་སེམས་པ་ལྟ་བུའི་ལྗོན་པ་རེ་འགའ་ད་དུང་སྐྱོ་གདུང་གི་མགོ་བོ་རབ་ཏུ་དུད་དེ་ལང་ལོང་གཡོ་བའི་གར་སྟབས་ཀྱི་འཕར་རྩ་དཀག

ཆབ་རོམ་གྱི་རྒྱ་རྙི་ལས་ཐར་པའི་དྭངས་གསལ་གྱི་ཆུ་མོས་ཤང་ཤང་གི་རོལ་དབྱངས་བར་སྣང་ལ་བསྐུར་དུས། བྱེའུ་ཆུང་འཇོལ་མོས་ཀྱང་གྲེ་བར་བརྒྱུས་པའི་དབྱངས་རྟ་ཀྱུར་ཀྱུར་དུ་སྒྲོག་ཅིང་། བུང་བས་མཛའ་གླུ་ལེན་བཞིན་ཉི་འོད་ཀྱི་བདེ་དྲོད་ལ་མཆིན་པ་གླན་པར་བྲེལ། ཡིན་ཡང་སྐྱོ་བའི་སྡུག་བསྔལ་ཆུ་ཡི་རྦ་རླབས་བཞིན་འཕྱུར་བའི་ངའི་སེམས་པ་འདི་ད་དུང་འཇགས་ཐབས་མི་འདུག

དྭངས་གཙང་གི་ཆུ་ཕྲན་ཁོ་ནས་སྟོན་མཇུག་གི་ལོ་མ་ལྟ་བུའི་ངའི་སེམས་ཀྱི་སྨྲེང་བ་ཁུར་ཏེ་ཟབ་ཡངས་རྒྱ་མཚོའི་འཇིངས་སུ་བསྐྱོད་ཙ་ན། གདངས་གཅིག་པའི་བཞུར་དབྱངས་ཀྱིས་ད་གཟོད་ངའི་སེམས་ཀྱི་གསང་བ་ཕྱི་ལ་ཤོར།

རིམ་གྱིས་དཔྱིད་རླུང་བསིལ་མོ་དེ་མཐོན་པོའི་གངས། དམའ་མོའི་སྤང་། ཡངས་པའི་ཐང་། དྭངས་མོའི་མཚོ་རུ་ལྡང་དུས། ཕུགས་བསམ་གྱི་གཤོག་སྣེར་བཏགས་པའི་རྨི་ལམ་ལྗང་ཁུ་ཉི་འོད་ཀྱི་དྲོད་ཀྱིས་བསྐྱོར་ཏེ་དམིགས་འབེན་གྱི་གནས་སུ་བཀོད་ཀྱང་། ངའི་ཁེར་རྐྱང་གི་གོམ་སྒྲ་ལྕི་མོས། དཔྱིད་དཔལ་བུ་མོའི་ལྗང་མདོག་གི་འཇིག་རྟེན་བསྣོགས།

བསིལ་རླུང་གིས་རམ་བུ་བཏེགས་པའི་དཔྱིད་ཀྱི་དཔལ་མོ་ལགས། ཁྱེད་ཀྱི་ཡང་ཟོར་ལྡན་པའི་རླུང་གི་གོམ་སྟབས་ཀྱིས་ངའི་འཇིག་རྟེན་ལ་བར་དང་མཐའ་མེད་པར། ཕྱོགས་དང་མཚམས་མེད་པར། ཉིན་དང་སྲིབ་མེད་པར་ལྗང་མདོག་གི་གསོལ་རས་ནམ་ཚོད་བཤམ་ཐུབ་ཨང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།