ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཕྱོགས་སྡོམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྨེ་རུ་མགོན་པོ་སྐྱིད།   སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ནི་མ་གཞི་ནས་ཕྱིར་དྲན་དང་ཕྱོགས་སྡོམ་གྱི་ཁྲོད་ནས་ནར་སོན་དགོས་ཤིང་། དགེ་རྒན་ཕལ་པ་ཞིག་ནམ་ནམ་ཞར་ཞར་དུ་ཕྱིར་རྟོག་དང་སྡོམ་ཆུང་བརྒྱུད་ནས་སློབ་དཔོན་ཞེས་པའི་མིང་བྱང་ལྗིད་པོ་འདི་ལ་སྙེག་དགོས་པ་ལོས་ཡིན་ཀྱང་། བདག་ནི་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་མི་ལོ་ཧྲིལ་པོ་གཅིག་གི་བྱ་བ་ལ་ཕྱོགས་སྡོམ་བྱེད་ན་འདོད་ཡོད། སློབ་གསོའི་ལས་གནས་འདི་ནས་ཞག་མ་ཉིས་བརྒྱ་དང་བདུན་ཅུ་ལྷག་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་མྱོང་བ་དོན་དངོས་ཡིན། ལས་བྱ་ཆིག་ཁྲི་ལྷག་ལ་བརྡར་གཅོད་ཀྱི་གནད་འགྲེལ་བྱས་མྱོང་བ་ཡང་རྫུན་དུ་མི་འགྲོ་བར་མ་ཟད། གྲ་སྒྲིག་དང་གོ་རིམ་ལྡན་པའི་སློབ་ཁྲིད་ལྔ་བརྒྱ་ལྷག་གི་མགོ་མཇུག་ལྷག་བསམ་དང་སྙིང་སྟོབས་ཀྱིས་སྐྱོང་མྱོང་བ་ཡང་ཁ་ཚོན་བཅད་ནས་སྨྲས་ཆོག་ཆོག་ཡིན། སྙིང་ཉེ་བའི་སློབ་བུ་རེ་རེ་སེམས་པའི་གུར་ཁྱིམ་དུ་འཁྲུངས་པའི་མུ་ཏོ་བ་རེ་རེ་བཞིན་བདག་སེམས་ཀྱི་དྲོད་གཤེར་དང་ཤེས་རིག་གི་སྦྲང་ཆར་གྱིས་གསོས་མྱོང་། སློབ་བུ་ཚོའི་ཡོན་ཚད་འཇལ་བའི་རྒྱུགས་གཞི་རེ་རེ་ཡིས་བདག་ལ་སྤྲོ་སྣང་གི་འཛུམ་ཀོང་བསྩལ་མྱོང་ལ། སེམས་ཁུར་གྱི་རྭ་ནོམ་རེ་ཡང་འབུས་སུ་བཅུག་མྱོང་། ཡིན་ཡང་སློབ་བུ་ཚོའི་དྭངས་གཙང་གི་མིག་ཟུང་རེ་རེ་ལས་བདག་གིས་མཛེས་སྡུག་གི་རྩྭ་ཐང་མཐོང་མྱོང་ལ། གངས་རི་དཀར་པོའི་འགྱུར་མེད་ཀྱི་རང་མདངས་ཀྱང་དྲན་མྱོང་། རྒྱུ་མཚན་དེའི་དབང་གིས་སེམས་ངལ་དང་ཕམ་ཁ་ག་ཚོད་ལ་ཐུག་ཀྱང་། བདག་གིས་ནམ་ཡང་བསྐྱུར་མི་ཕོད་པ་ནི་རིགས་ཀྱི་བུ་ཆུང་དེ་དག་གི་མདུན་ལམ་དང་ཡར་བསྐྱེད་ཀྱི་སེམས་པ་ཁོ་ན་ཡིན། འཇིག་རྟེན་བྱ་བ་དགའ་སྐྱོའི་འཕྲུལ་དུ་གྲུབ་ཅིང་ལོ་ཟླའི་འཁོར་སྐྱོད་གཙང་པོའི་རྒྱུན་ལ་འཁུ་བའི་ཁུགས་སོ་ནས། ངས་རང་ཉིད་ཀྱི་ལང་ཚོ་ས་སྨྱུག་བཞིན་བརྡར་ཞིང་རྔུལ་ཆུའི་ཐིགས་ཕྲེང་རེ་རེ་མར་ཁུ་སེར་པོར་བཞུས་ནས་མི་རིགས་ཀྱི་རྐང་འཛིན་པ་སྟེ།དབྱངས་གསལ་གྱི་སྲོག་ལ་ཐིམ་པའི་སློབ་བུ་ཚོའི་མ་རིག་མུན་པ་སེལ་བའི་མཆོད་ཀོང་རེ་རེ་སྦར་མྱོང་བ་མ་ཡིན་ནམ། ཡིན་ཡང་པྲ་ཚགས་ལ་བྱང་བའི་སློབ་བུ་འགའ་རེས་ཐོས་བསམ་གྱི་བྱ་གཞི་རྒྱང་དུ་གཡུགས་ནས། ལེ་ལོ་དང་རྣམ་གཡེང་གིས་དོན་མེད་རྩེད་འཇོར་རོལ་ཅིང་། ལས་བྱ་བཤུ་འབྲི་དང་གཏི་མུག་གཉིད་ལ་ཡུར་བ་དྲན་ན་བདག་གི་མིག་མཐའ་དབང་མེད་དུ་བརླན་གྱིས་བཟུང་ཡོང་། དགེ་རྒན་གྱི་ཆེད་ལས་ནི་ཚེ་གང་པོར་དཔེ་ཀློག་བྱེད་རྒྱུ་དེ་ཡིན་ལ། དཔེ་ཀློག་མེད་པའི་དགེ་རྒན་ནི་དྲ་ཡོལ་བརྒྱབ་པའི་ཁང་མིག་དང་འདྲ་བར་ཤེས་རིག་གི་ཉི་ཟེར་དང་དཀར་ངོགས་འཇིབ་ཐབས་བྲལ་ན། སློབ་མ་ཚོས་དཔེ་ཀློག་མེད་པའི་དགེ་རྒན་གྱི་སློབ་ཁྲིད་ནས་འཇོན་ནུས་ཀྱི་རྒྱགས་ཕྱེ་ལྡག་རྒྱུ་ཧ་ཅང་དཀོན་མོ་རེད། དེར་བརྟེན་རང་ཉིད་ཀྱིས་སློབ་ཕྱིའི་དུས་ཚོད་བཙལ་ནས་དཔེ་ཀློག་མང་པོ་བྱས་ཤིང་སྔོན་བྱོན་མཁས་དབང་དམ་པའི་བསམ་བློའི་ཉིང་བཅུད་ལ་སེམས་དང་བསམ་པས་ཁ་བརྡ་དང་ལབ་གླེང་བརྒྱུད་ནས། སློབ་བུ་ཚོར་གནའ་དེང་ཤེས་རིག་མཉམ་འབྲེལ་གྱི་གཤོག་ཟུང་བཙུགས་ཏེ། ཡངས་པའི་མཁའ་དབྱིངས་ལ་གཤོག་འགྱུར་རྩེན་པའི་བློ་བསྐྱེད་དང་དམིགས་འདུན་བསྐྲུན་པ་ཡིན། དགེ་རྒན་ཞེས་པ་ཆེད་ལས་ཁྲིད་ཚན་ཁོ་ན་ལ་བྱང་བ་ཙམ་མ་ཡིན་པར་ཕྱོགས་ཡོངས་ཆ་ཚང་ཅན་དུ་འབད་དགོས་པ་དང་། ལྷག་དོན་དུ་སློབ་མ་ཚོར་དྲ་ཡོལ་ཕྱེ་ནས་མཛེས་སྡུག་གི་རྒྱལ་ཁམས་ལ་ལྟད་མོར་ལྟ་བའི་དཀར་ཁུང་ལྟ་བུར་འགྱུར་རྒྱུ་ནི་ཆེད་ལས་ཤེས་བྱ་ལས་ཀྱང་གལ་ཆེ་བར་འདོད་པས། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་སློབ་བུ་ཚོའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་ཐད་ལ་སེམས་ཁུར་དང་ནུས་ཤུགས་བཏོན་དང་འདོན་མུས་སུ་ཡོད། ང་རང་དགེ་རྒན་ཞེས་པའི་མཚན་སྙན་འདི་ལ་ཧ་ཅང་དུངས་པ་ཡོད། དགེ་རྒན་ཞེས་པ་མི་རིགས་ཀྱི་སྐད་དང་ཡི་གེའི་བླ་དང་སྲོག་གི་ལས་དབང་སྐྱོང་བའི་རྨུ་ཐག་ལ་ངར་ཤུགས་ལྡུད་མཁན་ཡིན་པ་དང་།ཁྲིད་སྟེགས་དང་སམ་ཊའི་བར་ནས་རྒས་གཉེར་གྱི་རི་མོ་ཡ་ཐོད་ལ་གཟི་བརྗིད་ངང་ཕབ་མཁན་ཡིན་ལ། སམ་ཕྱིས་དང་ས་སྨྱུག་གི་རྡུལ་ཕྲན་ཁྲོད་ནས་ལྷག་བསམ་དང་རྣམ་དག་གིས། སྐྲ་དཀར་ཀྱི་ཉག་མ་དེ་ཚོར་དཀར་པོ་དུང་གི་གཟི་འོད་སྦར་མཁན་ཡང་ཡིན་འདུག མི་རིགས་སློབ་གསོའི་རླབས་ཆེ་བའི་ཁྲིད་སྟེགས་དེ་ཡོད་པས་བདག་གི་མི་ཚེ་ལ་ནམ་ཡང་དོན་དང་སྙིང་པོས་ཕྱུག་ཅིང་། རིགས་ཀྱི་སློབ་བུ་དག་གི་བརྩེ་ཞགས་ཀྱི་མིག་ཟུང་སྒོར་སྒོར་དེ་ཚོ་ཡོད་པས། བདག་གི་འཚོ་བ་ལ་ནམ་ཡང་རེ་བཞག་དང་ཕུགས་འདུན་གྱིས་ཁེངས་ཡོད། གལ་ཏེ་སྨོན་འདུན་ཞེས་པ་ཁ་ཐོག་མིག་ཐོག་དང་སེམས་ངོགས་སུ་དྲོད་སོབ་སོབ་ཏུ་འབབ་རྒྱུ་ཡོད་པ་ཞིག་ཡིན་ན། སྤྱི་ལོ2017ལོའི་ལོ་མཇུག་འདི་ལ་ངས་ཡང་བསྐྱར་རང་ཉིད་ཀྱི་མ་འོངས་པའི་སང་ལོ་ལ་སེམས་གཏིང་ནས“སང་ལོ་ད་དུང་ང་རང་དགེ་རྒན་ཡིན་པར་གྱིས་ཤིག”ཅེས་ལག་ཟུང་སྙིང་ལ་སྦྱར་ནས་ཚ་བེར་བེར་གྱི་སྨོན་ལམ་ཞིག་བཏབ་ན་འདོད་ཡོད། །

སྤྱི་ལོ2017ལོའི་ཟླ12པའི་ཚེས25ཉིན་པེ་ཅིན་ནས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།