ཀྲུང་གོ་བོད་ཀྱི་དྲ་བ།

ཁ་སྒང་སྟག་འབུམ་རྒྱལ་གྱི་ལྷུག་རྩོམ་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོ་ནི་བོད་ཀྱི་སློབ་མ་ཡིན།

ང་ཚོས་རྒྱུན་པར་བོད་སྐད་སྨྲ་བཞིན་ཡོད།     རྒྱུ་མཚན་ང་ཚོའི་ཤ་རུས་བོད་ཡིན་པ་ཙམ་གྱིས་མིན།   ང་ཚོའི་བསམ་བློ་དང་། འདུ་ཤེས། སྤྱོད་པ། ཐ་ན་ཟ་འཐུང་འགྲོ་འདུག་ཐམས་ཅད་ཁྱོད་དང་རྒྱུན་ཐག་གཅིག་ཅིང་།ཁྱོད་ནམ་འགག་ལ་ང་ཚོ་ཡང་འགག་འགྲོ་བའི་འཆི་གསོན་གཅིག་ཏུ་སྦྲེལ།   དེ་བས།    མཐོ་གངས་རིའི་འདབས་དང་།  དམའ་ཆུ་ཀླུང་འགྲམ།  བར་སྤང་ཐང་ཀུན་ཏུ་ང་ཚོས་བོད་སྐད་སྨྲ་བཞིན་ཡོད།   ཡིན་ནའང་། དེ་ཙམ་གྱིས་ང་ཚོས་རྒྱ་སྐད་དང་དབྱིན་སྐད་སོགས་ཕྱིའི་སྐད་རིགས་མི་ཤེས་པ་མི་མཚོན་ཏེ།དགོས་གལ་ལ་ཐུག་དུས་ངག་མི་ལྐུགས་པའི་ཡིད་ཆེས་དང་སྙིང་སྟོབས་ལ་ང་ཚོ་རང་ཉིད་རང་ལ་ཐེ་ཚོམ་སྐྱེས་མ་མྱོང་།     

ང་ཚོས་རྒྱུན་པར་བོད་ཡིག་འབྲི་བཞིན་ཡོད།   རྒྱུ་མཚན་ང་ཚོའི་མེས་པོ་བོད་ཡིན་པ་ཙམ་གྱིས་མིན།   ང་ཚོའི་ཆོས་ལུགས་དང་།  རིག་གཞུང་། ལྟ་གྲུབ།  ཐ་ན་དགའ་སྐྱོ་ཆགས་སྡང་ཐམས་ཅད་ཁྱོད་དང་འཕེལ་འགྲིབ་གཅིག་ཅིང་།    ཁྱོད་ནམ་རྒུད་ལ་ང་ཚོའང་དར་བའི་སྐབས་མེད་པའི་ལས་དབང་གཅིག་གིས་བསྡུས།དེ་བས། སྟོད་སྦྲ་ནག་ཁྱིམ་དང་། སྨད་གྲོང་ཁྱེར་དཀྱིལ། དབུས་དགོན་སྡེ་དང་སློབ་གྲྭ་སོ་སོར་ང་ཚོས་བོད་ཡིག་འབྲི་བཞིན་ཡོད།ཡིན་ནའང་། དེ་ཙམ་གྱིས་ང་ཚོས་རྒྱ་ཡིག་དང་དབྱིན་ཡིག་སོགས་ཕྱིའི་སྐད་ཡིག་མི་ཤེས་པ་མི་མཚོན་ཏེ།   དགོས་གལ་ལ་ཐུག་དུས་ལག་མི་འདར་བའི་དཔའ་གདེང་དང་བློ་སྤོབས་ལ་ང་ཚོ་རང་ཉིད་རང་ལ་དོགས་པ་སྐྱེས་མ་མྱོང་།    

ང་ཚོ་ནི་བོད་ཀྱི་སློབ་མ་ཡིན།  དབྱངས་གསལ་སོ་བཞི་ངག་ལ་གྱེར་ཞིང་།    བྲིས་བཟོའི་སྒྱུ་རྩལ་ལག་ལ་བྱང་བ་སྟེ།     རང་གི་སྐད་ཡིག་རིག་གཞུང་ཚེ་སྲོག་ཏུ་གཅེས་ཤིང་།  ཕྱི་ཡི་སྐད་ཡིག་རིག་གཞུང་ལག་ཆར་རེ་བའི་དུས་རབས་ཉེར་གཅིག་པའི་བོད་རིགས་གཞོན་ནུ་ཁྱུ་གཅིག་ཡིན།  དེ་བས། ང་ཚོའི་སྲུང་ཐག་བོད་ཡིག་ཡིན་ལ་ཤི་ན་གསོན་ན་ཕ་ས་འདིའི་རུམ་ཁོང་ཡིན།  ང་ཚོའི་ལྟོ་གོས་རྒྱ་ཡིག་ཡིན་ལ་ལྟོགས་ན་གྲང་ན་མེས་རྒྱལ་འདིའི་ལག་མཐིལ་ཡིན།   ང་ཚོའི་རྒྱན་ཆ་ཕྱི་ཡིག་ཡིན་ལ་ཡག་ན་རྩོག་ན་འཛམ་གླིང་འདིའི་ལྟད་མོ་ཡིན།

ཙོང་ཁ་བ།

རྒས་གཉེར་མདོ་སྨད་ཙོང་ཁའི་ཕང་བར་ལྟེ་ཁྲག་ཐོར་ཅིང་།རང་གི་དད་སྟོབས་དང་བླ་མའི་ཐུགས་བཀོད་ཀྱིས་དབུས་གཙང་ཆོས་ཀྱི་ལྗོངས་སུ་ཆིབས་ཁ་བསྒྱུར་ཚུན་ནས།    གྲུབ་མཐའ་མི་གཅིག་པའི་མཁས་གྲུབ་གཉིས་ལྡན་གྱི་སྟག་སེང་ཁ་སྤྲོད་ཅིང་།  ལྷག་པར་ཡུལ་མཐའ་བ་རྣམས་ལ་སྣང་ཆུང་གི་བསམ་བློ་ཤུགས་ཆེ་ལ་རིགས་པ་ཁོ་ན་མཁས་བླུན་གྱི་ཚད་མར་འཁྱེར་བའི་ཁོར་ཡུག་ནང་།     བུ་ཆུང་དཀྱུས་མ་ཞིག་རང་གི་དཀའ་སྤྱད་ལ་བརྟེན་མཐར་རིག་པའི་རྩལ་རྫོགས་ཤིང་།      ཆོས་ཀྱི་བཙན་ས་བརྙེས་ཏེ། ཐོས་དོན་རིན་པོ་ཆེའི་གཟི་དཔལ་གྱིས་རིགས་སྨྲ་རྒྱ་མཚོའི་དྲེགས་པའི་རལ་བ་སར་བསྙིལ་ནས་གངས་ཅན་མཁས་པའི་གཙུག་རྒྱན་གྱི་ཆོ་ལོ་བཞེས་མཁན་དེ་ནི་ཨ་མདོའི་བུ་ཆུང་ཙོང་ཁ་བ་རེད་ཨང་།

སྐུ་ན་ཕྲ་དུས་ནས་སྤྲུལ་བའི་བྱང་སེམས་ག་གེ་མོར་ངོས་མ་བཟུང་ཞིང་།    མི་ཤེས་བརྡོལ་བའི་ཕྲུ་གུ་ལ་ཟ་འོག་དར་གོས་ཀྱིས་མཛེས་པར་བཀླུབས་ནས་མཐོ་མཐོ་ཁྲི་ལ་རང་གཞན་གཉིས་ཕོང་གི་ཆེ་ཆེ་དང་མཚར་མཚར་སོགས་ཀྱི་ལོ་རྒྱུས་ཅི་ཡང་མེད་པར།སྤྱིར་བཏང་གི་འཇིག་རྟེན་ཕལ་བའི་བྱིས་པ་སྣབས་བླུག་ཅིག་གི་ཚུལ་གྱིས།       དགུང་གྲངས་བདུན་པ་ཙམ་ནས་ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན་རིན་པ་དང་།རྗེ་བཙུན་རེད་མདའ་བ། བོ་དོང་བ་ཕྱོགས་ལས་རྣམ་རྒྱལ། བླ་མ་དབུ་མ་བ་དཔའ་བོ་རྡོ་རྗེ་སོགས་བཤེས་གཉེན་བཅུ་ཕྲག་བཞི་ལྷག་གི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་ཤིང་།རང་གི་བསམ་སྦྱོར་དག་པའི་མཐུ་སྟོབས་འབའ་ཞིག་ལ་བརྟེན་ནས་ཐོག་མའི་འབྲི་ཀློག་འདོན་སྐྱོར་ནས་གསོ་དཔྱད་དང་།ཚད་མ། ཕར་ཕྱིན། དབུ་མ། མཛོད་དང་།  འདུལ་བ།  དེ་མིན་དུས་འཁོར་དང་གསང་འདུས་སོགས་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་ལ་བླ་མ་གཅིག་ལས་ཐེངས་གཅིག་ཙམ་དང་།  དེ་ཡང་བསླབ་དེབ་སྣ་གཅིག་དང་རང་ཉིད་གཅིག་པུས་ཉན་པ་ཙམ་མ་ཡིན་པར།   མང་པོ་ལས་ཐོས་པ་དང་། མང་དུ་ཐོས་པ། མང་པོ་དང་ཐོས་པ་སོགས་ཐོས་པ་ཕུན་སུམ་ཚོགས་པ་བཞི་ལྡན་གྱི་ལམ་ནས་ཡོན་ཏན་རིན་པོ་ཆེའི་དཔལ་ལ་མངའ་བརྙེས་ཤིང་མཁྱེན་རབ་ཀྱི་རྩལ་རྫོགས་ཏེ།གདན་ས་ཆེན་པོ་གསང་ཕུ་དང་སྙེ་ཐང་བདེ་བ་ཅན་སོགས་ཆོས་སྡེ་ཆེན་པོ་རྣམས་སུ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ཉི་མ་ལྟར་ཕྱོགས་ཀྱི་མཁའ་མཐར་གཏུགས་པས།དང་ཐོག་ཁྱོད་ལ་འགལ་བའི་ཁུར་ཆེན་བཅོ་བརྒྱད་སོགས་ཁྱོད་ཉིད་ཀྱི་མཐིལ་དགོངས་མ་ལོན་པའམ།    མ་དགའ་བ་དང་ཕྲག་དོག་གི་ཚེར་མ་གཟེངས་སུ་བསྟད་གྱུར་ཀྱང་།གསེར་ས་འོག་ལ་འོད་ནམ་མཁར་འཕྲོ་བ་བཞིན་ཁྱོད་ཀྱི་འཆད་པ་བསྐལ་བཟང་རྣ་བའི་བདུད་རྩི་དང་།རྩོད་པ་ཕྲ་ཞིབ་རིགས་པའི་རྒྱ་མཚོ།     རྩོམ་པ་དཔལ་མོའི་མགྲིན་དང་བྲག་རིའི་རྔམས།   ད་དུང་ཐུབ་བསྟན་ཁུར་འཁྱེར་གྱི་ཐུགས་དགོངས་ཟབ་མོ་དག་ལ་རིམ་པས་ཤེས་ནས་སྨྲ་བ་སྤྱི་དང་།    སྒོས་སུ་སྟག་ཚང་ལོ་ཙཱ་བ་ལྟ་བུ་ཐོས་པའི་གན་མཛོད་ལ་ང་རྒྱལ་གྱི་གཟེངས་མཐོ་བ་རྣམས་ཀྱང་བློས་མ་བཟོད་པར་འགྱོད་ཚངས་དང་འགྱོད་ཚངས་མ་ཡིན་པའི་ཕྱག་འཚལ་བསྟོད་ཚིག་ཕུལ་བའང་ཐེངས་གཅིག་ཙམ་མིན་ལ།གང་ཕུལ་བ་རྣམས་ཀྱང་ཚུལ་འཆོས་ཙམ་དང་གཅམ་བུ་ངོ་བསྲུང་འཚོལ་ཕྱིར་ཙམ་ག་ལ་ཡིན།

འདི་ལྟར་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་བཞད་ཅིང་།     གང་མ་ཐོས་པ་དང་མ་བསམ་པའི་ཤེས་བྱ་ཞིག་ཕལ་ཆེར་རྒྱ་བོད་གཉིས་ཀྱི་གསུང་གི་ནང་རྙེད་དུ་མེད་པའི་མཁས་པའི་ཁྲི་ཆེན་བཞེས་གྱུར་ཀྱང་།     ད་དུང་ཡང་ངས་མ་ཤེས་ངས་མ་རྟོགས་ཀྱི་སྐོམ་པ་ཆུ་འདོད་ཀྱི་འདུན་པ་དྲག་པོས་བཟློག་པ་མེད་པར་མངོན་པར་དྲངས་ཤིང་།ལྷག་པར་དོན་དམ་དབུ་མ་ཆེན་པོའི་དེ་ཉིད་འཚོལ་བ་ལ་བསག་སྦྱང་གི་ཉམས་ལེན་གལ་ཆེ་བར་མཐོང་བས།ཁྱོད་རང་གནས་བརྟན་རིན་ཆེན་རྒྱལ་མཚན་དང་དགེ་བཤེས་འཇམ་དཔལ་བཀྲ་ཤིས་སོགས་འཁོར་དག་པ་རྣམ་བརྒྱད་དང་ལྷན་ཅིག་ཏུ་འོལ་དགའ་ཆོས་ལུང་དུ་ཕེབས་ཏེ།   དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཎྜལ་བར་མ་ཆད་པར་ཕུལ་བས་ཁྱོད་ཀྱི་ཕྱག་ངར་གྱི་ཤ་ཟད་ནས་རུས་པར་ཐུག་ཅིང་།ཕྱོགས་ཀྱི་རྒྱལ་བ་སྲས་བཅས་ལ་དང་དད་དྲི་མ་མེད་པའི་ཕྱག་ཕུལ་བས་སྲ་མཁྲེགས་ཀྱི་བྲག་རྡོའི་སྟེང་དུའང་ཁྱོད་ཀྱིས་ཤའི་རྐང་རྗེས་ཕབ།གནམ་བསྐོས་རྒྱལ་པོ་ས་ཐོག་མི་ཡི་ཚངས་པ་ཆེན་པོ་གོང་མ་ཡུང་ལོས་གསེར་ཡིག་མཇལ་རྟེན་དང་བཅས་པ་ཁྱོད་ལ་བསྟབས་ནས་མི་ཡུལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་མགྲོན་འབོད་བྱས་ཀྱང་།ཁྱོད་ཀྱི་སྲིད་པའི་ཕུན་ཚོགས་དེ་ཉིད་གློག་གི་གར་དང་། རྩྭ་རྩེའི་ཟིལ་བ། སྒྱུ་མའི་ལྟད་མོར་གཟིགས་ཏེ་ཆོས་བརྒྱད་ཐལ་རྡུལ་བཞིན་དཀྲུགས་ལ།    བླ་མ་དབུ་མ་བས་ལོ་ཙཱ་བྱས་ཏེ་འཇམ་པའི་དབྱངས་ཀྱིས་ཁྱོད་ལ་ཐུགས་བརྩེ་བ་ཆེན་པོས་ལན་གནང་བསྩལ་ཅིང་རྗེས་སུ་བཟུང་བ་སྟེ་སྟོང་བ་ཉིད་ཀྱི་གནད་ལ་གདེང་རྙེད་པ་སོགས་དམ་ཆོས་འཚོལ་བ་ཁོ་ན་བརྩོན་འགྲུས་ཆེན་པོས་ལྷུར་བླངས་རྐྱེན།བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུའི་ཁང་བཟང་དང་། ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ལོངས་སྤྱོད།དབྱངས་ཅན་མའི་པི་ཝང་ལྟ་བུའི་སྙན་གྲགས་སོགས་ལ་ཁྱོད་ཀྱིས་ཐུགས་རེ་རྩ་ནས་མ་གནངས་པར།  ཆོས་གོས་དང་ལྷུང་བཟེད།  གསུང་རབ་པོ་ཏི་སོགས་ལས་ཅི་ཡང་མེད་པའི་སྤྲང་བོའི་ཚུལ་གྱིས་ཡུལ་ལུང་ངེས་མེད་དུ་གྲྭ་སྐོར་སློབ་གཉེར་དང་།རྫིང་ཕྱིའི་བྱམས་པ་སོགས་རྟེན་དང་བརྟེན་པ་སླར་གསོ། ཉིན་གཅིག་ལ་གཞུང་ཆེན་བཅུ་ཕྲག་ཐུགས་འགྲེལ་གནང་བ་སོགས་གདུལ་བྱ་གསོ་སྐྱོང་དང་རྗེས་འཛིན་ཁོ་ནས་སྐུ་ཚེ་གང་བོར་བསྟན་འགྲོ་འབའ་ཞིག་གི་དོན་དུ་ཕར་རྫོགས་ཨང་།    

ཁྱོད་ཉིད་འཇིག་རྟེན་གྱི་ཁྱིམ་པ་ཕོ་མོ་མ་ཡིན་པར་བུ་རམ་ཤིང་བའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་།   ཐར་གྲོལ་འཕགས་པའི་ནོར་བུ་ལ་ཚུལ་ཁྲིམས་དོན་གཉེར་ཅན་གྱི་སྐྱེ་བོ་ཞིག་ཏུ་ངེས་པས།བཅས་ཁྲིམས་ཁྱོད་ཀྱིས་མིག་ཟུང་དུ་བཀུར་ཅིང་། ཐོས་བསམ་ཁྱོད་ཀྱིས་ལོངས་སྤྱོད་དུ་བསྔགས་ལ།དམན་ས་ཁྱོད་ཀྱིས་རིན་ཐང་དུ་གཟིགས་པར་མ་ཟད་ཀྱི། ཐུགས་ལ་བརྣགས་པ་དང་།  གསུང་གིས་བསྙད་པ།  སྐུ་ཡིས་གང་བསྒྲུབས་པ་ཐམས་ཅད་ལ་སངས་རྒྱས་བསྟན་པའི་ལས་དབང་ལ་ཐུགས་ཁུར་དང་ལྷག་བསམ་གྱིས་མ་བསྡུས་པ་མེད་པའི་རྨད་དུ་བྱུང་བའི་རྣམ་ཐར་གྱི་དྲི་བཟང་ཕྱོགས་བཅུར་འཐུལ་བ་ལས།དར་མ་རིན་ཆེན་ཞེས་པའི་གཞུང་ལུགས་བརྒྱ་སྟོང་གི་གདོང་ལྔ་ཞིག་ཁྱོད་ཀྱིས་དབང་དུ་བསྡུས་ཤིང་།  དགེ་ལེགས་དཔལ་བཟང་ཞེས་པའི་བུ་སྟོན་རིན་པོ་ཆེའི་དམ་བཅའ་ཡི་འོག་གདན་སྟོང་བར་ཕྱུངས་མཁན་དེའང་ཁྱོད་ཀྱིས་བཏུལ་བ་སྟེ།རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་ལྟར་བསྟན་པ་འདི་ལ་སྟོན་པ་གཉིས་པ་ཞེས་ཆོལ་ཁ་གསུམ་གྱིས་མཚན་པའི་བོད་ཁ་བ་ཅན་གྱི་ཡུལ་གྲུ་འདིར་རྒྱུད་འཛིན་དགོན་དང་སློབ་མས་ས་སྟེང་ཁྱབ་ཅིང་།   རྙིང་མ་དང་།    ས་སྐྱ། བཀའ་གདམས་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་ལྟ་དགོངས་ཟབ་མོ་དག་ཉིང་བསྡུས་ཀྱིས་ཞྭ་སེར་རི་བོ་དགེ་ལུགས་པ་ཞེས་བོད་དང་རྒྱ་དཀར་ནག    སོག་པོ། འཇར་པན།  ནུབ་ཡོ་རོབ། བྱང་ཨ་རི། ལྷོ་ཨོ་སི་ཁྲི་ལེ་ཡ་སོགས། རྒྱལ་ཁོངས་དང་། མི་རིགས། སྐད་ཡིག་མི་གཅིག་པའི་གླིང་དང་གླིང་ཕྲན་སོ་སོར་སྙན་ནས་སྙན་དུ་མཆེད་དེ།མིག་ལྗང་ཁུ་སྐྲ་ལོ་སེར་བོ་ཅན་དང་། ཤ་རྩ་ནག་པོ་དུང་གི་སོ་སྒོ་ཅན།      སྣ་འབིགས་ཤིང་གདོང་དཀར་བོ་ཅན་སོགས།    འདི་དག་ཀྱང་ཁྱོད་ཀྱི་རྗེས་སུ་དད་པའི་ཁ་གཡང་སྒྲོག་པ་ཙམ་མ་ཡིན་པར་བློ་ཐག་རྦད་ཆོད་ཀྱིས་རབ་ཏུ་བྱུང་བའི་ཚུལ་མཐོང་ཚེ།ངས་ད་གཟོད་ཁྱོད་རང་བོད་གཅིག་པུས་མ་ཡིན་པར་འཛམ་གླིང་འདི་དང་མིའི་རིགས་ཐུན་མོང་གི་བསོད་ནམས་དང་བགོ་སྐལ་ཞིག་ཡིན་པ་གཞི་ནས་ཚོར།     

ཀྱེ་ཀྱེ། ཙོང་ཁ་བ་ལགས།ཁྱོད་འདི་ལྟར་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་སེང་གེ་ང་རོ་སྒྲོག་བཞིན་གཤེགས་གྱུར་ཀྱང་།   ཁྱོད་འདི་ལྟར་ཚུལ་ཁྲིམས་དྲི་མ་མེད་པ་ལ་གླང་ཆེན་གྱི་སྟབས་ཆེན་པོས་ང་ཚོ་དང་བྲལ་བར་གྱུར་ཀྱང་།དཔེ་ཆའི་ཟ་ཟུར་ནས་ཁྱོད་ཀྱི་རྣམ་ཐར་རེ་མཐོང་ཞིང་། བླ་མ་དང་དགེ་རྒན་ཚོའི་ངག་ནས་ཁྱོད་ཀྱི་མཛད་པ་རེ་ཐོས་པའི་མོད་ལ།     ངས་ཨ་མདོའི་བུ་ཆུང་སློབ་གཉེར་གྱི་ཕ་མཐའ་རྫོགས་ཤིང་།དཀའ་སྡུག་སྔོན་བཏང་ལ་གྲུབ་འབྲས་ཀྱི་མཛོད་འཛིན་པ་ཁྱོད་རང་དྲན་འོང་། ལྷག་པར་ཁྱོད་ཀྱི་རྗེས་འཇུག་འགའ་ཤས་ལ་སློབ་གཉེར་གྱི་འདུན་པ་སྟོང་ཞིང་དཀའ་སྤྱད་ཀྱི་སྙིང་སྟོབས་མེད་དུས།      མཐོ་གནམ་བསྐོས་མི་ཡི་རྒྱལ་པོ་ལྟ་ཅི། ཐ་ན་རྫོང་དཔོན་ཞིག་གིས་ཨེ་འབོད་ལའང་ཐབས་བྱུང་ཅི་མཆིས་རྩལ་དུ་དཀྲུགས་ཏེ་ཆོས་བརྒྱད་ཀྱི་རྨི་ལམ་མངར་མོ་རེ་རྨི་དུས།བན་ཕྲུག་མཐེ་བོང་འདྲ་བས་ཀྱང་སྦྱིན་བདག་གི་ངོ་སོ་ཧམ་གྱིས་བཙལ་ནས་རྒྱས་སྤྲོས་དང་འདོད་ཡོན་ལ་བག་མེད་ཅི་དགར་གཡེང་དུས།    འགའ་ཞིག་ཁྱོད་ཀྱིས་དབུ་མ་མི་མཁྱེན་སྙན་ངག་མི་ཤེས་ཟེར་དུས།ལ་ལས་ཁྱོད་ཀྱི་ཤར་ཕྱོགས་སློབ་གཉེར་བ་ཆེན་པོའི་མཚན་དོན་ཀྱང་འཛེམ་བག་མེད་པར་འཕྲོག་དུས།ངས་ཁྱོད་རང་དྲན་ལ་དེ་ལས་ཀྱང་ཁྱོད་ཀྱིས་རྗེས་རབས་པར་གདམས་པའི་སྐད་ཆ་དྲོན་མོ་སྟེ། ང་སོང་རྗེས་སུ་བྲལ་སོང་སྙམ་པའི་མྱ་ངན་མ་བྱེད་ལ་ངས་བྲིས་པའི་ལམ་སྔགས་གཉིས་ལ་མཇོལ་དང་།ང་ལ་དངོས་སུ་མཇལ་བ་དང་ཁྱད་པར་མེད་ཅེས་པ་འདི་ཉིད་ཡིན་པས།   ལམ་སྔགས་གཉིས་ངའི་བློ་གྲོས་ཀྱི་ཁབ་མིག་ལ་ལྐོག་དོན་དུ་གྱུར་པས་དོན་མི་གོའང་།གང་ལྟར་ལམ་སྔགས་གཉིས་ཀྱི་བརྗོད་བྱ་ཡི་གེའི་རི་མོའི་གཟུགས་སུ་ཕབ་བྱེད་ཀྱི་དབྱངས་གསལ་སོ་བཞི་དེ་ཉིད་སྲོག་གི་རྒྱུན་དང་།སྙིང་གི་དྲོད།   སེམས་ཀྱི་རྟེན་དུ་ནམ་ཡང་ཉར་ནས་ཡོད་པ་ལ།རང་གི་བུ་ཚ་རྗེས་རབས་པ་ཐམས་ཅད་ལའང་ཁྱོད་རང་དྲན་བཞིན་དེ་ལྟར་བྱ་རྒྱུ་དམ་བཅས་ཡོད་ལགས།

སློབ་ཆེན་པ།

རྒས་གཉེར་གྱོན་པའི་གཉོམ་དུང་དུང་གི་མིག་ཟུང་ཞིག་གིས་སྦྲ་འདབས་དང་ཞིང་ཚིགས་ནས་རྒྱལ་ཁས་ངང་ཕྱིར་འཁོར་བར་ཉིན་མཚན་མེད་པར་སྒུག་ཅིང་།འཇམ་དཔལ་སྤྲུལ་བའི་སྨྱུག་འཛིན་པ་ཞིག་གིས་སློབ་ར་དང་སློབ་ཁང་གི་གྲུ་ཟུར་ཐམས་ཅད་ནས་སྐུ་ངལ་དང་ཐུགས་སུན་མེད་པར་གཉོར་ལ།ཆག་འཇིག་དང་ཉམས་ཉེན་སྒོམ་པའི་མི་རབས་ཤིག་གིས་ལོ་ཟླ་འདིའི་མཐར་ཐུག་གི་སྐྱབས་སྲུང་ཁྱོད་ཉིད་ལས་མ་དམིགས་པས།ཁྱོད་ཉིད་ནི་ཕ་མའི་དཔྲལ་བའི་མིག་དང་། དགེ་རྒན་གྱི་ཡ་ཁོག་སྙིང་། མི་རིགས་འདིའི་འབྱུང་འགྱུར་གྱི་ཀ་ཆེན་དང་མེ་ལོང་ལྟ་བུའི་སློབ་ཆེན་པ་ལགས།    

ལྷོ་རྒྱ་གར་དཔལ་ནཱ་ལེནྡྲའི་ནས་ཀླུ་སྒྲུབ་ཞབས་ཉིད་མུ་སྟེགས་པའི་འགོག་སྲུང་མཛད་ཅིང་པཎ་གྲུབ་བཅུ་བདུན་གྱི་རྩོད་པའི་མེ་དཔུང་མཁའ་མཐར་ཁྱབ་དུས།བྱང་ཨ་རིའི་ཧཱ་ཧྥོ་ནས་བྷིར་བགད་ཚིས་སློབ་བྱོལ་བྱས་ཏེ་ཚོང་ལམ་བསྙེགས་ཤིང་སྲིད་འཛིན་དང་ཁེ་བདག་ཟམ་མ་ཆད་པར་བྱོན་དུས།ནུབ་དབྱིན་ཇིའི་ཁང་ཟམ་དུ་ཉིག་ཐྲོན་གྱིས་ཀུ་ཤུ་ལས་འཐེན་ཤུགས་རྙེད་ལ་ཧོ་ཁུན་གྱིས་ནག་ཁུང་གི་གསང་རྒྱ་འཚོལ་ཞིང་ཚན་རིག་སྨྲ་བ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་དུས།ད་དུང་འཇར་པན་གྱི་ཐོ་ཁེ་བོ་དང་།  རྒྱའི་པེ་ཅིན་དང་ཆིན་ཧྭ།  བོད་ཀྱི་སེ་འབྲས་དགའ་གསུམ་སོགས་འཛམ་གླིང་གི་སློབ་ཆེན་སོ་སོ་ནས་མཁས་ཆེན་གསེར་རིའི་དཔལ་ལ་འགྲན་པ་མང་དུ་བྱུང་སྟེ།མིའི་རིགས་ལ་ལམ་སྟོན་གྱི་སྒྲོན་མེ་བཏེགས་ཤིང་ལེགས་ཉེས་ཀྱི་གདམ་ག་སྩོལ་དུས།    སློབ་ཆེན་གྱི་གཟི་བརྗིད་དང་སྙིང་སྟོབས། འོས་འགན་ཞིག་ངང་གིས་མཐོང་ཐུབ་ཅིང་།དུས་རབས་གོང་འོག་གཉིས་དང་། སྤྱི་ཚོགས་གསར་རྙིང་གཉིས།  ལྟ་བ་ཚ་གྲང་གཉིས་སོགས་གང་གི་སྐབས་སུའང་།        ཁྱོད་ནི་མཁའ་དབྱིངས་ལ་བཏབ་པའི་སྐར་མ་འོད་ཆེན་རེ་རེ་དང་།  ས་གཞིར་འཛུམ་པའི་ཕྲ་ཆིལ་མེ་ཏོག་རྐང་རེ་རེར་ངེས་པའི་བདེན་པ་དང་ཡིད་ཆེས་ག་ལེར་རྙེད་ལ།འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱལ་ཁབ་ཅིག མི་རིགས་ཤིག ཐ་ན་ཚོ་བ་ཞིག་ལ་མཚོན་ནའང་། ཁྱོད་ཀྱི་གྲངས་མང་ཉུང་གིས་གང་དེ་སད་རྟོགས་འབྱུང་སྔ་མིན་འཐད་ཅིང་།ཁྱོད་ཉིད་ཁོ་ན་རྒྱན་དུ་འཁྱེར་ནས་ངོམ་སོ་དང་སྟོབས་ཤུགས་འགྲན་པར་རྩོམ།

ཕྱིའི་འཛུགས་སྐྲུན་དང་ཅ་ལག་ཞིང་གི་བཀོད་པ་ལྟར་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་ཕྱིར་རམ་ནང་གི་ཡོན་ཏན་དང་དེ་ཉིད་མུ་མེད་རྒྱ་མཚོ་བཞིན་གཏིང་ཟབ་ཅིང་རྔམས་མཐུག་པའི་རྒྱུ་མཚན་གང་ཡིན་ཆ་མ་འཚལ་ཀྱང་།ཁྱོད་ཉིད་ལ་སློབ་ཆེན་པ་ཞེས་པའི་མིང་གི་ཆོ་ལོ་འདི་ཐོབ་མཚམས་ནས་དོན་གྱི་ལྗིད་ཚད་ལའང་བསམ་གཞིགས་ཐུགས་གཅེས་རེ་ཤིན་ཏུ་གལ་ཆེ་སྟེ།ཤེས་རིག་ཟས་སུ་ཟ་ཞིང་སྤྱོད་ལམ་བལ་ལྟར་འཇམ་པའི་ཤེས་སྤྱོད་ཟུང་ལྡན་གྱི་ཤེད་བུ་དེ་ཁྱོད་ཀྱིས་བྱས་ཆོག་ཅིང་།དཔེ་ཀློག་ཡལ་བར་དོར་ནས་བག་ཡངས་གྲོགས་སུ་འཁྱེར་བའི་རྨོངས་འཐོམས་ཕག་གི་མཛད་པ་དེ་ཉིད་ཀྱང་ཁྱོད་ཀྱིས་བསྐྱང་ཆོགཕུགས་འདུན་སྙིང་ལ་ཉར་ནས་དཀའ་སྤྱད་བྲག་རི་ཕུག་པའི་མི་ལ་རས་པ་དེ་ཁྱོད་ཀྱིས་འཁྲབ་ཆོག་ཅིང་།སེམས་ཀྱི་རྟེན་ས་བོར་ནས་དམིགས་བྲལ་ཁ་ཕྱོགས་མ་ངེས་པའི་སྲང་འཁྱམ་ལོང་བ་དེའང་ཁྱོད་ཉིད་ཡིན་ཆོག   སྐད་རིགས་སྣ་མང་སྨྲ་ཞིང་རིག་གཞུང་བརྒྱ་ཕྲག་བརྟོལ་བའི་འཇམ་དཔལ་དབྱངས་ཀྱི་བུ་ཚ་དེ་ཁྱོད་ཉིད་ཡིན་ཆོག་ཅིང་།རང་གི་སྐད་ཡིག་བོར་ཞིང་རིགས་ཞེན་འདུ་ཤེས་སྟོང་བའི་ཁྲེལ་མེད་ལོ་རྒྱུས་ཀྱི་ཉེས་ཅན་དེའང་ཁྱོད་ཀྱིས་བཞེས་ཆོགདགེ་རྒན་སངས་རྒྱས་ལྟར་མཐོང་ཞིང་ཤེས་རིག་ཆོས་ཆར་དུ་རེ་བའི་སྣོད་ལྡན་དེ་ཉིད་ཁྱོད་ཉིད་ཡིན་ཆོག་ཅིང་།    སློབ་ཁང་བཙོན་ཁང་དང་བསླབ་དེབ་དབྱུག་ལྕག་ལྟར་བསམ་པའི་མ་རུང་བ་དེའང་ཁྱོད་ཉིད་ཡིན་ཆོག  མདོར་ན། ཁྱོད་རང་དཔལ་ལྡན་ཆོས་གྲགས་ལྟར་རིགས་འཕྲུལ་ལ་མེ་དཔུང་འབར་བས་ཕྱི་ནང་གང་གིས་ཀྱང་ཕས་རྒོལ་གྱི་སྨྲ་ལྕེ་རྐྱོང་མི་ཐུབ་པའི་རིགས་སྨྲ་ཁེར་སྐྱེས་དེ་བྱས་ཆོག་ལ།རྒད་པོ་ཨན་སཱི་ཐྲན་ལྟར་རྟེན་འབྱུང་ལ་སྒྲ་ཡང་དོག་གི་རྣམ་གཞག་གསར་དུ་མཛད་པས་ཚན་རིག་སྨྲ་བ་ཐམས་ཅད་ཀྱི་དབུ་གཙུག་ནས་ང་རྒྱལ་གྱིས་ངལ་གསོ་བསྟེན་མཁན་དེ་ཉིད་ཡིན་ཀྱང་ཆོགཐ་ན་སྦན་ལཱ་ཐྲིན་ལྟར་ངན་གཡོ་དང་ལྐོག་སྦྱོར་གྱིས་མི་དམངས་སྟོང་ཕྲག་གི་ཚེ་སྲོག་སྐད་ཅིག་ཡུན་ལ་ལྔ་ལམ་དུ་བརྫངས་པའི་གཏེ་བོ་དེ་ཉིད་བྱས་ཀྱང་ཆོག་ལ།འཇིག་རྟེན་ཕལ་ཆེ་བ་ལྟར་བྱ་བ་རེ་དང་ཁྱིམ་ཚང་རེའི་སྣེ་མོར་ཤུགས་ཀྱིས་འཇུ་ཞོར་ལྷིང་འཇགས་དང་བག་ཕེབས་ཀྱི་འཚོ་བ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་དེ་ཉིད་དུའང་མི་ཆོག་པ་མེད་པས།མཐོ་འཁོར་ལོའི་བསྒྱུར་བ་ནས།      བར་མཁས་པ་དང་ཚན་རིག་པ།      དམའ་སྤྲང་བོ་སོགས་གདན་ཐོབ་དང་བསོད་ནམས་མི་འདྲ་བ་རེ་རེ་དང་།     རྒྱལ་ཕམ་དང་། སྐྱིད་སྡུག ལེགས་ཉེས། དགེ་སྡིག་སོགས་ཀྱི་ཚད་ཤིང་མི་འདྲ་བ་རེ་རེ་ལ་ཁྱོད་ཉིད་ནས་གསར་དུ་རྣམ་གཞག་མཛད་ཆོག་ལ།མིང་སྙན་མོ་ཞིག་ལ་དོན་གྱི་འབྲས་བུ་ག་འདྲ་ཞིག་སྩོལ་མིན་ཡང་དེའི་གདམ་ག་དང་བླང་དོར་ཐམས་ཅད་ཁྱོད་ཁོ་ནར་དབང་ཞིང་།ཁྱོད་ཁོ་ན་ཁྱོད་ཀྱི་འཇིག་རྟེན་འདིའི་བྱེད་པོ་ཉག་ཅིག་སྟེ། རྒྱུ་འབྲས་དང་། རྒྱུ་འབྲས་ཀྱི་རྒྱ་ལས་ཐར་བའི་ཚངས་པ་དང་།      ཁྱབ་འཇུག    ཡེ་ཤུ།  མ་ཧཱ་མོ་ཏི་སོགས་བྱེད་པོ་ཐམས་ཅད་ཁྱོད་རང་གི་འདོད་མོས་ལྟར་སྤྲུལ་ཆོག་པས།       མཐོ་དམའ་དང་ཆེ་ཆུང་།        འབའ་འབུར་མི་སྙོམས་པའི་འཇིག་རྟེན་ཅིག་ང་ཚོ་ལ་བསྟབས་ཤིང་།       དེ་འབྲེལ་འཇིག་རྟེན་འདིས་ཀྱང་གང་བསྟབས་པ་མཐའ་དག་ལ་ལྕི་ཡང་དང་བཟང་ངན་གྱི་དབྱེ་མཚམས་ཕྱེས།

བོད་དུའང་ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ཆོས་རྒྱལ་སྲོང་བཙན་ལ་བོད་ཡིག་བསླབས་ཤིང་བསམ་ཡས་སུ་སད་མི་བདུན་རབ་ཏུ་བྱུང་བ་ནས།སློབ་དཔོན་རིན་པོ་ཆེའི་བཀའ་བཀོད་ལྟར་གྱིས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཏེ་སྒྲ་སྒྱུར་གྱི་རྦ་རླབས་བསླངས་དུས་དང་།    མི་ལ་རས་པས་བྲག་ཁུང་ནང་དཀའ་བ་སྤྱད་པས་གསོན་པོའི་ལུས་ལ་རྩྭ་སྐྱ་སྐྱེས་དུས།ས་པཎ་གྱིས་རིག་གནས་ཆེ་ཆུང་བཅུ་པོར་རྣམ་གཞག་བརྩམས་ཏེ་རིག་གཞུང་གི་སྲོག་རྩ་ཧྲིལ་གྱིས་བསྡུས་དུས།   བཀའ་གདམས་དགེ་བཤེས་ཚོས་སྲན་སྐྱ་དང་ཆུ་རྐྱང་ཟས་སུ་བསྟེན་ནས་གཞུང་དོན་ཐོས་བསམ་ལ་འབད་འབུངས་གནངས་དུས།རྗེ་ཙོང་ཁ་བའི་ལྕགས་མདའ་ལྕགས་གཞུས་གཞུང་དོན་གྱི་གནད་བཀྲལ་ཏེ་བསྟན་པའི་སློབ་གཉེར་ལ་དག་ཐེར་གྱི་རྒྱ་མ་མཛད་དུས།ཀུན་མཁྱེན་འཇིགས་མེད་དབང་པོས་སློབ་གཉེར་རྡོ་རུས་ཐུག་པ་བསྐྱངས་པས་འོག་གི་གདན་ཀྱང་རང་དབང་མེད་པར་ཐེད་དུས།དེ་ལྟར་ཉེ་བའི་ཆར་རྗེ་ཤེས་རབ་རྒྱ་མཚོ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། དུང་དཀར་རིན་པོ་ཆེ།   དམུ་དགེ་བསམ་གཏན་ཚང་། གསུང་རབ་རྒྱ་མཚོ་སོགས་ཀྱིས་སྐད་ཡིག་དང་རིག་གཞུང་གི་ཚེ་སྲོག་སླར་ཡང་དགོན་སྡེ་དང་སྤྱི་ཚོགས་ཀྱི་གྲུ་སྣེ་རེ་རེར་དབུགས་དབྱུང་མཛད་པའི་བར།བོད་ཀྱི་སློབ་ཆེན་པ་འདི་དག་གི་ཞབས་རྗེས་དང་མཛད་འཕྲིན། རྒྱལ་གཅེས་དང་རིགས་ཞེན།  ལྷག་བསམ་དང་། ཤེས་ཡོན། སྙིང་སྟོབས་དག་ལ་ལན་ཅིག་བསམ་པས་ཀྱང་ངོ་མཚར་ཞིང་ཡི་རང་བཀུར་བཟོའི་གནས་ཤིག་ཏུ་མི་མཐོང་རང་དབང་ག་ལ་ཨང་།     

ཡིན་ནའང་།  ད་ལྟ་ནི་རྒྱུད་ན་འདུ་ཤེས་དང་ལ་རྒྱ་མེད།  རྟགས་སུ་རིག་གཞུང་དང་རྩ་དོན་མེད། རྒྱན་དུ་ལྷག་བསམ་དང་ཡོན་ཏན་མེད་པ་སྟེ།   ཡོད་དགོས་པ་ཐམས་ཅད་ཁྱོད་ལ་མེད་ཅིང་། རང་གི་སྐད་དང་ཡི་གེ་མི་ཤེས་པས་ངོ་ཚར་མི་བསམ།གཞན་གྱི་སྐད་ཡིག་རིག་གཞུང་མི་ཤེས་པས་སྟོང་ཆར་མི་བསམ།     འགྲོ་འདུག་སྤྱོད་ལམ་གཞན་ལ་བསྟུན་པས་ཉེན་ཁར་མི་བསམ་པ་སྟེ།ངེས་པར་བསམ་དགོས་པ་ཐམས་ཅད་ཁྱོད་ལ་གཅིག་ཀྱང་མེད་པར།   ཉིན་ནས་མཚན་དང་།  ཟླ་ནས་ལོ་བར། ཐ་ན་སློབ་ཆེན་ལོ་ངོ་བཞིའི་རིང་ལའང་།ཡག་བཙོག་དང་།  རྒྱས་སྤྲོས།   གང་བདེ་གང་སྐྱིད་ལ་བློ་རྩེ་གཅིག་ཏུ་འཁོར་བས་འབྱོར་དགོས་པ་ཤེས་བྱ་སྣ་གཅིག་ཀྱང་རྒྱུད་ལ་མ་འབྱོར་ཞིང་།འབྱོར་མི་རུང་བ་སྐྱོན་སྣ་སྟོང་ཕྲག་ཚེར་མའི་ལྗོན་ལ་ལུག་བལ་བཞིན་ཁྱོད་དང་འབྱར།  འདྲེ་སྒྲུང་དང་སྒྲུང་ཐུང་འགའ་ཤས་ལས་ཡང་སྙིང་ཅན་གྱི་དཔེ་དེབ་གཅིག་ལའང་ཞིབ་མོར་མཇལ་མ་མྱོང་བས།ཐ་ན་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། སློབ་དཔོན་ཐོན་མི། རྗེ་ཙོང་ཁ་བ་སོགས་ཀྱི་མཚན་ཙམ་ཡང་ཁྱོད་ཀྱི་རྣ་ལམ་དུ་གོ་མ་མྱོང་བ་ལོས་ཡོད་ཨང་།

འདི་ལྟར་མི་ཤེས་པ་རྣམས་མགོ་ནས་མཇུག་བར་རྨོངས་སྦྲིད་ཀྱིས་ཐེབས་ཤིང་།ཤེས་པར་རློམ་པ་འགའ་ཞིག་སུམ་རྟགས་དང་།  སྙན་ངག   སྒྲུང་རྩོམ་ཙམ་གྱིས་འདོད་བློ་ཚིམས་ཏེ། འགྲོ་ཙམ་ཤེས་པ་ནས་མཚན་སྙན་དང་ཚིགས་སུ་བཅད་པ་འཚོལ་བ་ལ་མགོ་འཁོར་བ་སོགས། མདོར་ན་ཐམས་ཅད་ཀྱིས་ཀྱང་མི་རིགས་དང་རིག་གནས།  རྒྱུད་འཛིན་དང་དར་སྤེལ། ལྟ་བ་དང་སྤྱོད་པ་སོགས་ཡལ་བར་དོར་ནས།ལས་ཐོབ་དང་ཁེ་གྲགས། རང་སྐྱིད་རང་བདེ་ཙམ་ལས་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་དུས། གལ་སྲིད་ནམ་ཞིག་སྒྲ་རིག་གི་རྒྱུད་སྐུད་ལ་སྙན་ཆས་སྟོང་དུས་ཅི་བྱ།ཚད་རིག་གི་གཏན་ཚིགས་ཕས་ཀྱིས་རྒོལ་ཚེ་ཅི་བྱ། ནང་རིག་གི་འཇིག་རྟེན་ལ་མུ་སྟེགས་བྱེད་ཀྱིས་བཅོམ་ཚེ་ཅི་བྱ།གསོ་རིག་གི་བདེ་བ་རྐུན་མས་ཚུལ་མིན་གྱིས་འཕྲོག་ན་ཅི་བྱ། བཟོ་རིག་གི་ལག་རྩལ་ལ་དུས་འགྱུར་གྱིས་འཕྱ་སྨོད་བཏང་ཚེ་ཅི་བྱ།ལྷག་པར་འཚོ་བཞུགས་ཀྱི་ཚེ་སྲོག་ལ་གསར་བྱུང་གི་སྨན་སྣ་ལྡུད་དགོས་ཚེ་ང་ཚོས་ཅི་བྱ་ཨང་།ཀྱེ་ཀྱེ། ཉུང་ཉུང་ནང་གི་ཉིང་བཅུད་པ་སྟེ་སློབ་ཆེན་པ་ལགས།

རྣམ་དཀར་རྒྱ་མའི་སྟེང་གི་མགྲིན་ཚབ་པ།

༼ དགེ་རྒན་དུས་ཆེན་ལ་ཆེད་བྲིས།༽

མཐོ་དཔོན་པོའི་མདུན་ནས་ལས་དབང་འཇུག་རྡེའུ་བཞིན་གཉོམ་ཅིང་།བར་དམངས་ཀྱི་མཐོང་ལམ་ནས་ཐབས་ཆག་སྤྲང་བོ་ལྟར་འཚོ་ཡང་། ཐ་ན་ཁ་ཅིག་ཁྱོད་ལ་འདི་ལས་བྱེད་པ་མ་རེད།དགེ་རྒན་རེད་ཅེས་མཐོང་ཆུང་དང་འཕྱ་སྨོད་བགྱིས་ཏེ། འཇིག་རྟེན་འདིའི་ཞིང་འབྲོག་ཕལ་བ་མ་གཏོགས་པའི་ལས་རིགས་ཐམས་ཅད་ལས།དཀའ་ཚེགས་ཆེས་ལྕི་ས་ཞིག་ལ་གླ་ཆ་ཡི་དྭགས་ཀྱི་ལྟོགས་ཟས་ཙམ་དང་། བྲན་ལས་ཆེས་སྡུག་ས་ཞིག་ལ་རྩིས་ཐོབ་ཏིལ་འབྲུའི་བོངས་ཚོད་ཙམ་ལས་མེད་པའི་དཔེ་མཚོན་གསོན་པོར་ཁྱོད་ཉིད་ཡ་ང་མེད་པར་འདྲེན་ཀྱང་རུང་།གལ་སྲིད་རྒྱང་འཕེན་པ་ལྟར་སྐྱེ་བ་སྔ་ཕྱིའི་རྒྱུན་སྟོང་བ་དང་། གཅེར་བུ་བ་ལྟར་ཐམས་ཅད་ལས་ཐམས་ཅད་སྐྱེ་རུང་བའི་ཚུལ་དུ་ངེས་ན་མ་གཏོགས།ངས་བསླུ་བྲལ་གྱི་བདེན་པ་གཤིས་སུ་འཐིམས་ཤིང་ཡ་ཡོ་མེད་པའི་རྒྱུ་འབྲས་ཀྱི་རྒྱ་ཁ་ནས་དུས་ནམ་ཡང་ཁྱོད་རང་སྐྱིད་པའི་དུས་ཀྱི་ཤེས་རབ་རྒྱལ་མཚན་ཞིག་དང་།དཀའ་སྡུག་དུས་ཀྱི་ལམ་སྟོན་སྒྲོན་མེ་ཞིག་ཏུ་བཀུར་ཡོད་ཀྱེ།   

ཐོགས་མེད་ཀྱི་བློ་གྲོས་བྱམས་མགོན་སྤྲུལ་བའི་ཁྱི་སྐུ་ལས་རྙེད་ཅིང་།མི་ལའི་ཟུང་འཇུག་སྒྲ་རྒྱན་མར་བའི་ཨུ་ཚུགས་དང་གཏུམ་དྲག་ལས་ཐོབ་ལ། ཙོང་ཁ་བའི་ལམ་རིམ་ཆེན་མོའང་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་དབུ་བཙུགས།སྐལ་བཟང་གི་སངས་རྒྱས་སྟོང་ཕྲག་བླ་མའི་ཐུགས་བསྐྱེད་ལས་འཁྲུངས་པ་ནས། རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་བླ་མ་དག་ལ་བརྟེན་ནས་བྱུང་ཞིང་།བོད་ཀྱི་འཇམ་དབྱངས་རྣམ་གསུམ་དང་། རྒྱ་ནག་གི་ཁུང་མཱིན་ལོ་གསུམ། རྟེན་འབྱུང་སྨྲ་བའི་རྒྱལ་པོ་ཨཱན་སི་ཐན།འཇིག་རྟེན་ནག་ཁུང་གི་འགྲེལ་བརྗོད་པ་ཆེན་མོ་ཧོ་ཁུན། ཕྱུག་བདག་ལྒད་ཚི་སོགས། མདོར་ན་ཆོས་མཛད་ཉམས་ལེན་པ་དང་།ཚན་རིག་ཞིབ་འཇུག་པ། ཆབ་སྲིད་པ། དམག་དོན་བ། ཁེ་ལས་པ། སྒྱུ་རྩལ་པ། གཞན་ད་དུང་ཆང་མ། ཇ་མ།གཞས་མ། ཐ་ན་རྐུན་མ་དང་སྨད་འཚོང་མ་སོགས་ཀྱང་དགེ་རྒན་རབ་འབྲིང་ཐ་གསུམ་གྱི་རྣམ་དཔྱོད་པིར་གྱིས་བཞེངས་པའི་རྒྱུ་རྩལ་གྱི་ཉིང་ཁུ་གཅིག་ཏུ་འདུས་པའི་རི་མོ་གསོན་པོ་དག་མ་ཡིན་ཨང་།བསྐལ་བ་སྟོང་གིས་སངས་རྒྱས་ཀྱང་། ། བླ་མ་དག་ལ་བརྟེན་ནས་བྱུང་། ། ཞེས་པ་ལྟར། ཤེས་རབ་ཀྱིས་བཏེགས་པའི་བྱམས་བརྩེ་དང་།ལྷག་བསམ་གྱིས་དྲངས་པའི་བརྩོན་པ་ཡིས་འཇིག་རྟེན་གྱི་དཀར་ཁུང་མཐའ་དག་ཁྱོད་ཀྱིས་བསལ་ཞིང་།མུན་པ་ཐམས་ཅད་ཁྱོད་ཀྱིས་རིང་དུ་བསྐྲད། ལེགས་ཚོགས་མ་ལུས་ཁྱོད་ཀྱིས་བསུས་ཤིང་། རྒུད་པ་ཇི་སྙེད་ཁྱོད་ཀྱིས་བདས།ཆུང་ཅ་ཙེ་གོམ་ཙེ་ཨ་མ་ལས་ཤེས་ཤིང་། གཞོན་ཡི་གེ་འབྲི་ཀློག་དང་རིག་གཞུང་ཁ་ཚང་དགེ་རྒན་ལས་བསླབས།མཐར་འཆི་བའི་ལམ་ཡིག་ཀྱང་བླ་མ་ལས་བླང་དགོས་ཚེ། ཐ་ན་འཆར་ཀའི་བྱ་ཕོ། མཚན་མོའི་མེལ་ཚེ།ཟས་ཀྱི་གཡོས་སྦྱོར། གོས་ཀྱི་ཚེམས་པ་སོགས་འཇིག་རྟེན་གྱི་ཁེག་དང་སྡུག་མ་ལུས་པ་ཁྱོད་ཀྱིས་འཁུར་ཅིང་།སྐྱིད་ཅི་མཆིས་གཞན་ལ་ཕངས་མེད་དུ་སྦྱིན་པ་སྟེ། དེ་ལས་ཀྱང་གལ་ཆེ་བ་ནི་བཅོམ་ལྡན་འདས་ཀྱིས་བསྔགས་པའི་སྦྱིན་པ་རྣམ་གསུམ་ལས་ཀྱང་མཆོག་ཏུ་གྱུར་པའི་ཤེས་བྱའི་སྦྱིན་པ་ཁྱོད་ཀྱིས་མངོན་པར་བཞེས་ཀྱིན་པས།ང་ཚོའི་འཇིག་རྟེན་དགེ་རྒན་དང་འབྲེལ་ཞིང་། དགེ་རྒན་མེད་པའི་ས་ཕྱོགས་སུ་ང་ཚོའང་མེད་དགོས་པ་རིགས་པས་འགྲུབ་པ་མ་ཡིན་ནམ།

མི་དང་དུས་ཀྱི་སྙིགས་མའི་མཚན་མ་མངོན་པར་གསལ་བའི་དེང་གི་དུས་འདིར།རྒན་མགོ་དཀར་ནས་གཞོན་སོ་དཀར་བར་དུ་སྐྱ་སེར་གྱི་ཕོ་མོ་ཐམས་ཅད་དབང་དང་རྒྱུ་ནོར་འབའ་ཞིག་གི་བསླུ་བྲིད་ལ་འབྱར་ཅིང་།ང་ཡོད་ཚད་ཀྱི་ལྟེ་བ་དང་ཐམས་ཅད་ང་ལ་དབང་ན་ཅི་མ་རུང་གི་བདག་འཛིན་ཚད་མེད་དུ་འཕེལ་བས།  ཟིང་ཟིང་གི་འཇིག་རྟེན་ཁོ་ནར་ཡིད་སྨོན་གཏོང་ཞིང་གཙུག་ཏུ་བཀུར་ལ།དབང་སུ་མཐོ་དང་ཐོབ་སུ་ཆེར་སྐྱབས་སྲུང་དང་སྟོན་པར་མཆོད་རྐྱེན། ཁྱོད་རང་ས་འབུ་ནག་རིང་གི་རིན་ཐང་ལས་ཅི་ཡང་མ་མཐོང་ཡང་།ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་འདུ་ཤེས་བཏང་སྙོམས་ཤིག་ལས་ཁྱོད་ལ་བསྙེན་བཀུར་གྱི་ཚུལ་འཆོས་ཙམ་ཡང་མི་སྟོན་ཡང་།གོང་དཔོན་པོ་ཚོས་དགེ་རྒན་ཟེར་བཞིན་བཀའ་བཙན་པོ་གནམ་ལྕག་གི་ཐོག་ལྟར་ཕབ། བར་ཁྱིམ་བདག་ཚོས་དགེ་རྒན་ཟེར་བཞིན་གྱོད་ཀྱི་སྣེ་མོ་ཡར་གཏུགས་དང་མར་གཏུགས་བགྱིས།འཁོར་སློབ་མ་ཚོས་དགེ་རྒན་ཟེར་བཞིན་བྲན་བདག་དང་བདུད་སྲིན་གྱི་སྣང་བརྙན་སྐྲག་སྣང་དང་སུན་སྣང་གིས་བསྒོམས།མདོར་ན་ཕྱི་ནང་ཐམས་ཅད་ཁྱོད་དང་དགྲ་རུ་ལངས་ཤིང་། ཐན་ལྟས་ཐམས་ཅད་ཁྱོད་ལ་མ་ཚང་བ་མེད་པར་མངའ་བར་མ་ཟད་ཀྱི།གྱོད་ཀྱི་ཁ་མཆུ་ཁྱོད་ཡིན་ལ་གདོན་གྱི་བྱད་ཁའང་ཁྱོད་ཡིན། སྐྱིད་ཀྱི་ཕོངས་འདྲེ་ཁྱོད་ཡིན་ཅིང་།སྡུག་གི་འབྱུང་རྩའང་ཁྱོད་ལ་ཁག་འགེལ་པ་སོགས། རིགས་མཐུན་མཉམ་རུབ་ཀྱིས་ཁོར་ཡུག་འདི་དང་མི་ཚོགས་འདིས་རེ་ཞིག་ཤེས་རིག་གི་བདེན་པ་དང་སྟོབས་ཤུགས་ལ།ཤེས་ནས་ཁས་འཆེས་དང་བརྩི་མཐོང་མི་བྱེད་ཀྱང་། སྙིགས་མའི་རང་མཚང་དུ་ཤེས་པར་གྱིས་ལ་ཐུགས་སེམས་སྐྱོ་ངལ་མ་གནང་དང་།ནམ་ལངས་ལ་ཉི་མ་འཆར་བའི་ཆོས་ཉིད་བཙན་པོ་ལ་ཡིད་ཆེས་པར་མཛོད་ཅིག 

གང་ལྟར་དེ་རིང་ནི་དུས་ཆེན་བརྒྱ་ཕྲག་སྟོང་ཕྲག་ལས་ཁྱོད་ཉིད་ཁོ་ནར་དབང་ཞིང་།ཁྱོད་ཉིད་ཁོ་ནར་བདེན་དོན་གྱི་སྙན་ངག་འབུལ་དགོས་པའི་ཉིན་མོར་ལགས་པས། ཐོག་མར་ཁྱོད་ལ་དུས་ཆེན་གྱི་མཚམས་འདྲིར་བཀྲ་ཤིས་བདེ་ལེགས་དང་།ཆབས་ཅིག  ཁྱོད་ལ་བརྗོད་འདོད་པའང་འདི་ཙམ་མཆིས་ཏེ།སྔོན་བཀའ་གདམས་དགེ་བཤེས་ཚོས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།  ། ཡོན་ཏན་ལྷག་པ་བརྩོན་འགྲུས་ལུང་གིས་ཕྱུག ། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ། ཅེས་གསུངས་པའི་གསུང་འདི་ཉིད་ཀྱི་ཚད་གཞིར་འོང་ཐུབ་མིན་ལ་ཤིན་ཏུ་ནས་ཐུགས་གནང་མཛད་པ་ལྟར།ད་ལྟའང་སྔོན་བཞིན་འདི་འདྲ་འོང་བའི་བསོད་ནམས་ཧ་ཅང་ཉག་ཕྲ་ཡང་། ཁྱོད་རང་མིའི་རིགས་དང་འགྲོ་བ་རིགས་དྲུག་ལ་དྲོད་ཀྱི་བདེ་བ་སྟེར་མཁན་གྱི་ཉི་མ་དང་།ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་བློ་མིག་སྩོལ་མཁན་གྱི་འདྲེན་པ་བླ་ན་མ་མཆིས་པར་གྱུར་པས།ཁྱོད་ཉིད་ཀྱི་རྗེས་སུ་མིག་ལྟོས་མ་ལྷོད་ཅིང་རེ་བ་མ་བཏང་བའི་རྒྱལ་ཁབ་དང་། མི་རིགས། ཚོགས་སྡེ།མི་སྒེར། དེ་ལས་ཀྱང་སྐོམ་པ་ཆུ་འདོད་དུ་སྣང་བའི་སློབ་མའི་མིག་ཟུང་མང་པོ་ཞིག་ཁྱོད་ཀྱི་བྱ་བྱེད་ཐམས་ཅད་ལ་རེ་སྒུག་ངང་ཅེར་འདུག་པ་དག་ལ་ཐུགས་གཞིགས་རེ་གནོངས་ལ།ཁྱོད་ཀྱི་ལས་ཀ་ཤོ་རྒྱག་རྒྱལ་འཇོག་མིན་ལ། ལས་གཞི་ཧམ་འཚོལ་མིན། ཁྱོད་ཀྱི་དམིགས་ཡུལ་གང་སྐྱིད་གང་བདེ་མིན་ལ།བག་མེད་རྒྱས་སྤྲོས་མིན། ཁྱོད་ཀྱི་ལྟ་བ་གཞན་ཕན་ལྷག་བསམ་ཡིན་པ་ལས་ཁེ་གྲགས་དོན་གཉེར་མིན།ཁྱོད་ཀྱི་སྤྱོད་ཚུལ་བརྟན་བརླིང་བདེན་སྐྱོང་ཡིན་པ་ལས་ཁྱི་ཚུགས་ངོ་སྲུང་མིན། མདོར་ན།ཡོན་ཏན་རིན་པོ་ཆེ་མཛོད་ཀྱི་སྒོ་བརྒྱ་ཁྱོད་ལ་མངའ་དགོས་ཤིང་། སྤྱོད་པ་ཕན་བདེ་འབྱུང་བའི་དཔག་བསམ་ལྗོན་པ་དེ་ཉིད་ཀྱང་ཁྱོད་ལ་ལྡན་དགོས།ཕྱི་ཡི་འཇིག་རྟེན་ཁྱོད་ཀྱིས་མཐོང་དགོས་ཤིང་ནང་གི་ལྡེ་མིག་ཁྱོད་ཀྱིས་འཛིན་དགོས་ཏེ།      དུས་གསུམ་གྱི་སྐྱིད་སྡུག་དང་ལེགས་ཉེས་ཐམས་ཅད་ལ་གདམ་ག་མ་ནོར་བའི་དགེ་རྒན་ཞིག་ཏུ་ངས་དེ་རིང་གི་དུས་ཆེན་འདི་དང་སྦྲེལ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཞིང་དུ་སྨོན་ལམ་ཁྲི་ཕྲག་དང་བཅས་ཕུལ་བ་ལགས་ལ།དེའི་ཚེ་ངས་ཁྱོད་ལ་ཡི་རང་དང་དགའ་གུས་ཚད་མེད་ཀྱི་ཕྱག་ལན་གསུམ་ཡང་འབུལ་བར་སྤྲོ།

ང་རང་ནག་ཁུང་སྒོམ་པའི་བགྲེས་པོ་སེམས་བཟང་ཞིག་བཅའ་བར་མོས།

ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོའི་ནང་།པོ་ལཱ་ཐོའི་ཤེས་གཟུགས་ངོ་བོ་གཅིག་པའི་ལྟ་གྲུབ་ལ་བུ་སློབ་ཨེ་རོ་སི་ཐོ་ལེ་སི་ཡིས་ཆོས་ཐམས་ཅད་ནི་རང་གི་གྲུབ་ཆ་དང་རྣམ་པ།ཁྱད་ཆོས་མི་འདྲ་བའི་གྲུབ་ཚུལ་གྱི་ལྟ་བ་བཏོན་ནས་བཀག་ཅིང་། ཏར་ཝན་གྱི་སྐྱེ་འགྱུར་རིག་པའང་ཨན་སི་ཐཱན་གྱི་རྟེན་འབྱུང་སྨྲ་བས་བཅོམ།རང་རྒྱུད་པ་མན་ཆད་ལ་རིགས་ལམ་ཕྲ་མོར་རློམ་པ་རྣམས་ཀྱང་ཐལ་འགྱུར་བས་ཅི་མི་སྙམ་པར་བརླགས་ཤིང་།ཕྱོགས་ཀྱི་གླང་པོའི་དགོངས་པའི་གསང་གནད་ལའང་ཆོས་ཀྱི་གྲགས་པས་སྙིགས་དོར་བཅུད་ལེན་བརྩམས།དེ་ལྟར་ཙོང་ཁ་བས་མདོ་སྔགས་ཀྱི་ཚ་གྲང་སེལ་བ་ནས། ཀླུ་སྒྲུབ་དགོངས་རྒྱན་ལ་ཤེས་རབ་རྒྱ་མཚོས་སྐྱོན་དུ་མཐོང་བའི་བར།གཅིག་སྐྱོན་གཅིག་ལ་འཐད་པར་མ་མཐོང་ཞིང་། གཅིག་ཉེས་གཅིག་གིས་ཡང་ཡང་དཔྱད་ཅིང་བཙལ་བའི་མཐར།རིགས་པ་བཙན་པོ་ལ་ཀུན་སློང་བཟང་པོས་བསྐྱོར་པའི་དགག་བཞག་སྣ་ཚོགས་ལས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་སྒོ་གླེགས་ཕྱེས་ཤིང་།རྒྱུ་འབྲས་དང་བློ་མིག་ཟེར་བའི་ཐ་སྙད་འདི་དག་གི་དོན་རྩ་རྙེད་ཐུབ་པ་བྱུང་།  

ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བ་མི་ལ་ཆུར་སྣང་ཞིང་།འགྲོ་བ་མི་ལ་ཆུར་སྣང་བ་དེའང་ལྷ་ལ་བདུད་རྩི་རུ་མི་སྣང་བའི་ངེས་པ་བྲལ་ལ། མིའི་ཟས་སྙིགས་ཕུད་པའི་སྐྱག་པ་ལ་དྲི་ངན་སྣར་མི་བཟོད་པ་འཐུལ་ཡང་བ་གླང་ལ་ཟས་མཆོག་གི་འདོད་པས་ཚིམས་ཤིང་།བ་གླང་གི་ལྕི་བ་ནུར་ནུར་པོ་དེའང་མི་ལ་བུད་ཤིང་གི་རིན་ཐང་མི་དམན་པར་མཆིས་པས། འཇིག་རྟེན་འདིར་ཁྱོད་ལ་མཛེས་པར་སྣང་བ་དང་ཞིམ་པར་སྣང་བ།རིང་བར་སྣང་བ། སྙིང་ཉེ་བར་སྣང་བ། ཡིད་ལ་འཐད་པར་སྣང་བ། མི་སྡུག་པར་སྣང་བ། ཡ་ང་བར་སྣང་བ།གློ་བ་རིང་བར་སྣང་བ། མདོར་ན་ཁྱོད་ལ་གང་སྣང་བ་ཐམས་ཅད་ཕ་རོལ་བ་ལའང་ཇི་བཞིན་དེ་ལྟར་སྣང་བས་ངེས་པ་མེད་པས།ཆོས་ཐམས་ཅད་ངས་མཐོང་བ་ལྟར་ཟླུམ་པོ་ཡིན་ཅེས་ཁ་ཚོན་གཅོད་ལ་མ་རྔམ་པར་བག་ཡོད་པར་གྱིས་དང་།ལེབ་ལེབ་དང་ནུར་མོ། ཟུར་གསུམ། ད་དུང་དབྱིབས་དང་ཁ་དོག་མི་གཅིག་པའི་ཤེས་བྱ་གང་མང་གང་མང་མཆིས་པ་ལ་བློ་ལྡན་སུས་བསྙོན་པར་ནུས། 

སྟོན་པས་མཉམ་བཞག་གི་སྟོབས་ཀྱིས་གཟིགས་པའམ།ཚན་རིག་པས་བརྟག་ཆས་ཀྱིས་དཔྱད་པས་མཐོང་བ་གང་ལྟར་ཡང་། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པར་གཉིས་ཀ་ཞལ་མཐུན་པ་ལྟར།སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ལས་ཕྲ་རྡུལ་ཙམ་གྱི་བོངས་ཚོད་ལས་ཀྱང་ཉག་ཕྲ་བའི་འུ་ཅག་འཚོ་སའི་སྣོད་ཀྱི་གོ་ལ་འདིའི་དབང་དུ་བྱས་ཀྱང་།རིག་པ་ཁྲི་ཕྲག་སྣ་ཚོགས་དར་བར་སྣང་བ་ལ་ཐ་ན་དེ་དག་གི་ཁོང་གསེང་དུ་ཉར་བའི་ཡིག་འབྲུ་ཚིག་གཅིག་གི་གོ་བའང་གཏིང་ཆོད་པར་ལོན་མི་ནུས་པ་བདེན་ཚེ།རང་གི་མཐོང་བ་དང་ཐོས་པ། རྟོགས་པ་ཉག་ཕྲ་བ་རྣམས་ཚད་ཤིང་འཁྲུལ་མེད་དུ་འཁྱེར་ནས་ཐམས་ཅད་དཀྱུས་གཅིག་ཏུ་གཞལ་འདོད་ལ་ཐུགས་ཆེས་ཆེར་མ་རྔམ་པར་བག་ཡོད་པར་གྱིས་དང་།ཁྲོན་པའི་སྦལ་བས་མ་མཐོང་བའི་འཇིག་རྟེན་གྱི་རྒྱ་ཁྱོན་ལ་དཔྱོད་སྨྲ་སུས་སྐུར་བ་འདེབས་པར་སྤོབས།   

སྦྱངས་སྐལ་མ་རེག་པའི་རོང་འབྲོག་དཀྱུས་མ་ཁག་ཅི།ཐོས་རྟགས་དུལ་བ་འཚོལ་བ་ལ་ཚེ་སྟོད་རྫོགས་པ་རྣམས་ཀྱང་བློ་རྒྱ་ཇེ་ཆུང་ནས་ཇེ་ཆུང་སྟེ། དགའ་ལུགས་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་གྱིས་གངས་རིའི་མྱུ་ཀུ་ལ་དབུགས་དབྱུང་སྩོལ་དུས།རྙིང་མའི་གྲྭ་བཙུན་བསོད་ནམས་དར་རྒྱས་ཀྱིས་དད་འབངས་ཁྲི་ཚོ་ལ་ནང་ཆོས་ཀྱི་བདུད་རྩི་ཕབ་དུས།སྐྱ་བོ་ཞིབ་འཇུག་པ་ཡུལ་ལྷ་ཐར་གྱིས་གསར་སྐྱེས་སློབ་གཉེར་བའི་སྡེ་ལ་སྙིང་སྟོབས་བསླངས་དུས།ད་དུང་དཔེ་འདིས་མཚོན་པའི་བྱ་བ་གང་མང་མང་སྟེ། ཕ་རོལ་བས་བསྒྲུབས་ནས་འགྲུབ་ཚེ་དངོས་ཤུགས་ནས་ཁྱོད་ལའང་རྔོ་ཐོགས་ཤིང་།མ་འགྲུབ་ཀྱང་ཁྱོད་ལ་གནོད་པ་སྤུ་ཉག་ཙམ་ཡང་མེད་པ་ལ་ཁྱོད་ཉིད་ཅིའི་ཕྱིར་ཕྲག་དོག་གིས་བཟོད་མི་ཐུབ་ཅིང་།སྡིགས་དམོད་ཀྱིས་ལྕེ་བརྒྱ་སྤྲུལ་བ། ངན་སེམས་ཀྱིས་མེ་ལྕེ་འབར་ཨང་། ང་ཚོ་དང་བར་ཐག་མི་རིང་བའི་ཉེ་རབས་ལོ་རྒྱུས་ཀྱི་མེ་ལོང་ལ་བལྟས་པས་ཀྱང་།ཁྲི་ཐོག་བཅུ་གསུམ་པ་ཆེན་པོའི་དགོངས་པ། ཕྱི་འགྲིམས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིག རིགས་སྨྲ་བ་དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད།ད་དུང་རྙེད་པར་དཀའ་བའི་རིན་བྲལ་གྱི་ནོར་བུ་མང་པོ་ཞིག་ཕྲག་དོག་དང་ངན་སེམས་འདིས་ཐལ་རྡུལ་དུ་བཅོམ་སོང་ཨང་།     

ཀྱེ་ཀྱེ། ཁྱེད་ཀྱིས་ཆོས་བརྒྱད་ཀྱི་དྲི་མ་སྤངས་མེད་པས་གྲགས་སྙན་འཚོལ་བ་ལ་ང་ལ་དོགས་མཚར་ཅི་ཡང་མེད་ཀྱང་།ཁྱེད་ཀྱིས་ཧམ་སེམས་ཀྱི་རྩ་བ་སྤངས་མེད་པས་བཀུར་བསྟི་འཚོལ་བ་ལ་ང་ལ་འཁང་ར་ཅི་ཡང་མེད་ཀྱང་།ཐ་ན་ཁྱེད་ཀྱིས་ཤ་རུས་ཀྱི་བརྩེ་དུང་བརྗེད་པས་ཕུ་ནུ་མིང་སྲིང་དགྲ་རུ་བཟུང་བ་ལའང་ང་ལ་སྡང་སེམས་ཅི་ཡང་མེད་མོད།ཁྱེད་ཀྱིས་ཇི་ལྟར་སྦྱངས་པའི་མཐའ་ལ་བློ་ཁོག་ཇེ་དོག་དང་ཉོན་མོངས་ཇེ་ཆེར་འཕེལ་ནས་མཐའ་མར་རང་ཉིད་གཅིག་པུ་ལས་ཕ་རོལ་སུའང་རྩིས་ཆུང་སྣང་མེད་དུ་བསམ་ཞིང་།ཁྱོད་ཀྱི་སྙན་གྲགས་དང་ངོ་སོ། བཀུར་བསྟི། ཐོབ་ནོར་ཐམས་ཅད་ཀྱང་ཏག་ཏག་ཕ་རོལ་བར་ཡ་ང་བག་ཚ་བྲལ་བའི་དམའ་འབེབས་དང་།སྡིགས་དམོད། བླ་བཙག གཡོ་འཚོང་སོགས་ཀྱི་ཐབས་ལམ་ལས་རྙེད་པ་བདེན་ཚེ། ད་ནི་ང་རང་ཡི་གེའི་རི་མོ་ཙམ་གྱི་ངོས་འཛིན་མཁས་པ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས་ཅང་མེད་ནག་ཁུང་སྒོམ་པའི་བགྲེས་པོ་སེམས་བཟང་ཞིག་ཏུ་རྩ་བ་ཉིད་ནས་མོས་སོ།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།