སྟོན་མཇུག་གི་སྦྱིན་པའི་སེམས་པ།

དྲུག་སྐྱེས། ཟི་ལིང་། 

57110531998781920.jpg

ཉིན་འདི་འགར་ང་རང་ཧ་ཅང་ཁོམ་དྲགས་པས་ཅི་ཞིག་ལས་དགོས་པའང་མ་ཤེས་པར་མལ་ཁང་ལ་འཛུལ་ནས་དཔེ་ཆ་ཀློག་ཁུལ་ཙམ་བྱས་ཀྱང་།དེ་ནི་ཕྱིའི་རྣམ་པ་ཙམ་ལས་ལྟ་འདོད་ཀྱི་སེམས་པ་ནི་ཅུང་ཙམ་ཡང་མ་མཆིས།དེ་བས་དཔེ་ཆ་ཞིག་མཆན་ལ་བཙུར་ནས་ཕྱི་རོལ་ཏུ་འཆམ་འཆམ་ལ་སོང་།

དེ་རིང་ནི་ཉིན་རྒྱུན་དང་མི་འདྲ་བར་ཁོ་ར་ཁོར་ཡུག་ཀུན་ཅུང་འཇམ་ཅག་གེར་འདུག་པས་ཁེར་འགྲོ་ཁེར་འདུག་ལ་དགའ་བའི་ང་རང་ལ་མཚོན་ན་དེ་ནི་ཆེས་ལེགས་པོའི་གོ་སྐབས་ཤིག་རེད།གར་ཡོང་མ་ཤེས་པའི་རླུང་བུ་ལྡོམ་པོ་ཞིག་གིས་ངའི་མདུན་གྱི་སྡོང་བོ་དེའི་ལོ་མ་འགའ་ས་ལ་གཏོར་བྱུང་།ང་རང་ཅུང་མཚར་བའི་ངང་ནས་ལོ་མ་འགའ་ལག་ཏུ་བླངས་པ་ན།སེམས་གྱི་གཏིང་ནས་རང་གིས་རང་ལ་ཁོང་དགོད་ཅིག་བྱས།མགོ་བོ་ཡར་རྒྱས་ནས་ཕྱོགས་བཞིར་བལྟས་པ་ན།སྡོང་ལོ་ཐམས་ཅད་སེར་པོར་གྱུར་ལ་གང་སར་སྐྱེས་པའི་རྩ་ལྡུམ་དག་ཀྱང་སྟོབས་ཤུགས་ཟད་ནས་རྒས་ཉམས་ཤིག་ཤར་འདུག ངས་མགོ་བོ་གཡུག་ཞོར་དུ་ངག་ལས་དབང་མེད་དུ་སྟོན་མཇུག་ལ་སླེབས་བྱུང་ཞེས་ཤོར་སོང་།དུས་ཀྱི་བུ་མོ་རིམ་བཞིན་འདས་ནའང་གཉིད་དུ་ཡུར་བ་ནི་རང་ཉིད་གཅིག་པུ་ཡིན་པ་གཞི་ནས་ཤེས་བྱུང་།

མི་མང་པོས་བཤད་ན་སྟོན་མཇུག་གི་མཛེས་ལྗོངས་ནི་རང་བྱུང་ཁམས་ཀྱིས་ང་ཚོ་ལ་ཕུལ་བའི་ལེགས་སྐྱེས་ཡིན་ཟེར།དེར་རེ་སྒུག་བྱེད་བཞིན་པའི་སྐྱེས་བོ་ཡང་ཧ་ཅང་མང་བར་བཤད།འོན་ཀྱང་ང་ལ་མཚོན་ན་སྔོན་ཆད་དེ་ལ་སྣང་དོགས་གཏན་ནས་བྱས་མ་མྱོང་།ད་ཐེངས་གོ་སྐབས་འདི་དམ་འཛིན་བྱས་ཏེ་རང་ཉིད་རང་བྱུང་ཁམས་ལ་དངོས་སུ་ཞུགས་པར་འདོད།ཡིད་སྐྱོ་བ་ཞིག་ལ་གནས་འདི་ན་ཕ་ཡུལ་ལྟར་སྔོ་ཞིང་ལྗང་བའི་རྩྭ་ཐང་མེད་ལ་ཚང་ཚང་གཡུ་ལོ་རྒྱས་པའི་ནགས་ཚལ་ཡང་མེད།ལྷུང་ལྷུང་དལ་གྱིས་འབབ་པའི་གཙང་ཆབ་དེ་ལས་བཤད་མ་དགོས་པ་ཞིག་རེད།ཨ་ཕས་བཤད་ན་ཁྲུང་ཁྲུང་ལྷོ་རུ་བཞུད་ན་སྟོན་མཇུག་ལ་སླེབས་པའི་རྟགས་ཡིན་ཟེར།འདི་ན་ཁྲུང་ཁྲུང་ག་ལ་ཡོད།ཡོད་པའི་དབང་དུ་བཏང་ནའང་སྔ་མོ་ནས་བཞུད་ཟིན་པས་ངའི་མཐོང་ལམ་དུ་ག་ལ་སྣང་།

ངས་འདི་འདྲའི་འཁང་ར་དང་དགའ་སྐྱོ་འདྲེས་མའི་སེམས་ཁམས་ཀྱི་འོག་ནས་ཆ་མ་འཆོར་གྱི་གོམ་པ་རེ་སྤོ་ཞོར་དུ་མདུན་ནས་མདུན་དུ་བསྐྱོད།དངོས་པོ་ཆེ་མ་ཆུང་གསུམ་གང་ཡིན་རུང་རང་ལ་རང་གི་མཛེས་པ་དང་ཡོན་ཏན་ཡོད་པས།སྣང་མེད་དུ་འཇོག་ག་ལ་རུང་།སིལ་སྡོང་དང་མ་རྨོས་ལོ་ཏོག་ནི་གནས་འདིའི་རྒྱན་གཅིག་པུ་རེད།འདི་ལ་དངོས་ནས་བསྔགས་རིན་ཡོད་པ་ཞིག་རེད།འོན་ཀྱང་ད་ལྟ་སྟོན་འཇུག་ལ་སླེབས་ཡོད་པས་དབྱར་དུས་བཞིན་གསོན་ཤུགས་དེ་འདྲ་མི་ལྡན་ཡང་།གསེར་མདོག་ལྡན་པའི་སྡོང་ལོ་དང་མ་རྨོས་ལོ་ཏོག་གི་གཞུང་རྟ་ཡིས་སྔར་མེད་ཀྱི་མཛེས་བ་ཞིག་སྦྱིན་ཐུབ།ལྷག་པར་དུ་རླུང་བུའི་རྒྱུ་ཕྱོགས་ཀྱིས་རླབས་ཀྱི་མཚོ་མོ་མཁའ་ལ་འཕྱོ་བ་བཞིན་ལྟ་བའི་ཆོག་མི་ཤེས་པ་ཞིག་རེད།འདི་ནི་རང་བྱུང་ཁམས་གྱི་མཛེས་པའང་ཡིན།ཡིད་སྐྱོ་བ་ཞིག་ལ་སྡོང་ལོ་རེ་རེ་བཞིན་འབྱུང་བ་བཞིའི་ཁམས་ལ་ཐུམ་བཞིན་པ་ནི་དངོས་ནས་སེལ་ཐབས་མེད་པའི་སྐྱོ་བ་ཞིག་རེད།དཔྱིད་ཀྱི་ཚེ་ན་ཕྲ་ཚོམ་གྱི་མེ་ཏོག་དང་གསུང་ཞིམ་ཀྱི་དྲིལ་ངད།དབྱར་གྱི་ཚེ་ན་ལྕུག་ཕྲན་གྱི་ཡལ་ག་དང་སྔོ་ལྗང་གི་ལོ་མ།སྟོན་གྱི་ཚེ་ན་དམར་སེར་གྱི་ཤིང་འབྲས་དང་གསེར་མདོག་གི་ལོ་མ།དགུན་གྱི་ཚེ་ན་འཁྱགས་རླུང་གི་ངད་ཁ་དང་བུ་ཡུག་རྒོལ་པས་ཡོད་ཚད་བདག་གིར་བཟུང་ནས་སྔོན་གྱི་མཛེས་སྡུག་རྨང་ནས་བཅོམས།རྟགས་བརྟན་གྱི་མཛེས་བ་དང་འབྲེལ་མེད་ཀྱི་མཛའ་གཤིས་ནི་ག་ལ་ཡོད།

གང་བྱུང་མ་ཤེས་པའི་སྐྱོ་གདུང་ཞིག་གིས་ངའི་སེམས་ཡོངས་སུ་མནར་ནས་སྤྱན་ལས་མིག་ཆུ་ལྡོག་པོ་རེ་རེ་གདོང་གི་མཁུར་ཚོས་བརྒྱུད་ནས་ས་ལ་འཛག་བཞིན་འདུག།འདི་ནི་ཕལ་ཆེར་རང་བྱུང་ཁམས་གྱིས་ང་ལ་བྱིན་པའི་ཚོར་བའམ་ཡང་ན་རང་ཉིད་རང་བྱུང་ཁམས་ལ་ཞུགས་པའི་བློ་བསྐྱེད་ཡིན་པར་སེམས།ལྐོག་གྱུར་གྱི་སྟོབས་ཤུགས་འདིའི་ང་ལ་ཇི་ལྟར་འཇབ་རྒོལ་བྱས་པའང་མ་ཤེས་པར་ངའི་སེམས་བདག་གེར་བཟུང་།སྐབས་དེར་སྐྱོ་གཞས་ཚིག་གསུམ་དབྱངས་སུ་བཀུག་ནས་ངག་ལས་གྱེར་འདོད་ཀྱང་ནམ་རྒྱུན་ལེན་པར་མི་དགའ་བའི་ང་ལ་མཚོན་ན་དེ་ནི་ལས་ཁག་པོ་ཞིག་རེད།ཨ་ཕས་བཤད་ན་སྟོན་མཇུག་ནི་མི་དང་སྲོག་ཆགས་གང་ཡིན་རུང་རང་གི་ཕ་ཡུལ་དྲན་པའི་དུས་ཤིག་ཡིན་ཟེར།ངའི་སེམས་སུའང་ཕ་ཡུལ་དྲན་པའི་གདུང་བ་ཞིག་ཉར་ཡོད་པར་སྣང།

རྟ་བདུན་དབང་བོ་ཡང་ནུབ་ནས་ནུབ་དུ་བསྐྱོད་ནས་ནུབ་རིའི་རྩེ་ལ་ཐག་ཚད་ཙམ་ལས་ལྷག་མི་འདུག།ང་ཡང་ཁ་ཕྱིར་འཁོར་ནས་ཡོང་རྩིས་བྱས་པ་ན་ཁ་པར་འབོད་བརྡ་ཡང་གྲགས་བྱུང་།ཁ་ཕྱེས་ནས་ཉན་པ་ན་ཕ་ཡུལ་ན་འདུག་པའི་བདག་གི་གྲོགས་མཆོག་དེ་རེད།དུས་ཚོད་ཇི་ལྟར་འགོར་བ་མ་ཤེས་མོད་མགོ་ཡར་རྒྱས་བ་ན་སློབ་གྲྭའི་སྒོ་ཁར་སླེབས་འདུག དེ་དང་མཉམ་དུ་ཁ་པར་གྱི་གློག་ཡང་ཚར་ལ་དགོངས་ཚོགས་འཚོག་པའི་བརྡ་ཡང་གྲགས།གློག་སྒྲོན་སྣ་ཚོགས་ཀྱིས་བརྒྱན་པའི་སློབ་ཁང་འདི་དེ་དགོང་ཇི་འདྲའི་མཛེས་པ་ལའང་།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།