ཀྲུང་གོ་བོད་ཀྱི་དྲ་བ།

རང་གྲོལ་ལགས་ཀྱི་རྩོམ་འཁྱར་ཅིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རང་གྲོལ།   སྤེལ་དུས། : 2019-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཁས་བཙུན་བཟང་གསུམ་གོ་འཕང་འཐོབ་གྱུར་ཅིག


སྡེབ་ལེགས་ཚིག་གི་རྟ་ཕོ་བང་རྩལ་ཅན། །

བརྗོད་བྱ་དོན་གྱི་འཚེར་སྐད་ལྷང་ངེ་བ། །

ཡན་ལག་ནམ་ཡང་སྒྲོག་གིས་མ་བཅིངས་པར། །

ཤེས་བྱའི་ཐང་ཆེན་འཕྲེད་ཀྱིས་ཆོད་པར་ཤོག །

ཁྱེད་ཀྱི་རྣམ་དཔྱོད་སོར་རྩལ་ལས་ཐོན་པའི། །

དྲི་ཟའི་བུ་མོའི་དབྱངས་རྟ་འགྱུར་ཁུག་ཅན། །

ཐོས་འཛིན་ལམ་དུ་སྒྲོག་པའི་བསོད་ནམས་ཀྱིས། །

བདག་བློ་སྐྱོ་བའི་ངལ་བ་སངས་པར་བྱས། །

སླད་མར་རྩོམ་པ་ཆུ་བོའི་རྒྱུན་བཟང་གིས། །

ལྔ་རིག་འཛིན་མ་བརླན་ཞིང་གཤེར་བྱས་ཏེ། །

སྙན་ཚིག་སྨྲ་བའི་ངག་ལ་དབང་འབྱོར་ཕྱིར། །

བདག་ཀྱང་རེ་བའི་སྙིམ་པ་ཁྱེད་ལ་སྦྱོར། །

རང་གི་རིགས་རུས་གཞན་དུ་གྲུབ་ན་ཡང་། །

གངས་ཅན་ཕན་བདེའི་རྣམ་ཀུན་འཕྲིན་ལས་རྒྱུན། །

ལེགས་པར་སྐྱོང་ལ་བསྟུན་པ་ཆེར་བསྐྱེད་པའི། །

རིག་པའི་དཔའ་བོ་ཁྱེད་ཅེས་བསྔགས་པར་བྱ། །

ཀ་ཡེ་ཁྱེད་རྩོམ་འགྲེལ་རྒྱས་ངོས་འཛིན་གྱི། །

མཐའ་ཡས་ས་འཛིན་ངོས་ལ་རབ་རྒྱས་པའི། །

རྣམ་དཔྱོད་ཡངས་པའི་འཁྲི་ཤིང་ལྗོན་པའི་རྩེར། །

གཡུར་ཟའི་འབྲས་བུའི་ཁུར་གྱིས་དུད་འདི་རྨད། །

ཀ་ལ་པིང་ག་ལྟ་བུ་དབྱངས་སྙན་གྱིས། །

བདག་གི་ཐོས་འཛིན་མྱོས་པར་བྱས་ན་ཡང་། །

བརྗོད་བྱའི་དོན་གྱི་གོ་བ་མ་ལོན་པས། །

སླད་མར་རྣམ་དཔྱོད་ཡངས་པའི་སྒོ་མོ་ཕྱེ། །

ལྔ་རིག་ཆུ་གཏེར་ཆེན་པོའི་ཕ་རོལ་ཏུ། །

བགྲོད་པར་བྱེད་པའི་ཀུན་སློང་མངོན་ལྡན་ན། །

སྐྱེ་སྟོབས་ཡོན་ཏན་ཁོ་ནར་མ་ངེས་ཏེ། །

སྦྱངས་སྟོབས་གྲུ་གཟིངས་བསྟེན་པ་ཐབས་ཀྱི་མཆོག །

རང་གི་བློ་གྲོས་རྩལ་ལས་མ་ཐོན་པའི། །

ཚིག་སྦྱོར་བཅོས་མའི་མེ་ཏོག་མཛེས་ན་ཡང་། །

ནམ་ཞིག་སྟོན་གསུམ་དུས་ཚིགས་ཤར་པ་ན། །

འབྲས་བུ་སྨིན་པའི་གོ་སྐབས་ཡོད་རེ་སྐན། །

ཁྱེད་ཐུགས་ཅུང་ཟད་ཡངས་པའི་ལྷ་ལམ་ངོར། །

སྡེབ་ལེགས་ཚིག་གི་ཆུ་འཛིན་རབ་འཁྲིགས་ཤིང་། །

རྒྱན་གྱི་ངོས་འཛིན་དབྱར་རྔ་རྒོད་པ་འདིས། །

བདག་བློ་རྨ་བྱ་དགའ་བའི་གཏམ་གྱིས་བྲེལ། །

འོན་ཀྱང་ཚིག་རྒྱན་རིག་པའི་ཆུ་སྲིན་གྲོང་། །

རང་གི་བློ་ངོར་རི་མོར་བྱེད་འདོད་ན། །

རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །

རྒྱུན་བཟང་བསྟུན་པའི་གཟིངས་ལ་བསྟེན་པ་གཅེས། །

ཁྱེད་ཐུགས་ཚང་ཚིང་འཁྲིགས་པའི་ལྗོན་པའི་རྩེར། །

རྗོད་བྱེད་ཚིག་གི་ལོ་མ་རབ་རྒྱས་ནས། །

རྒྱན་གྱི་ངོས་འཛིན་འབྲས་བུ་སྨིན་པ་འདིས། །

བདག་བློ་གཉིས་སྐྱེས་དགའ་བའི་གར་ལ་བྲེལ། །

རང་གི་རིགས་པའི་རྩལ་གྱིས་མ་འཛོམས་པའི། །

གཞན་གྱི་ཚིག་ཟུར་ཙམ་ཞིག་ལེགས་བཀོད་ཀྱང་། །

རང་གཞན་བསླུ་བའི་རྒྱུ་ལས་མ་མཆིས་པའི། །

རང་མགོ་འཁྱོངས་པའི་ཐབས་ལམ་བཙལ་བས་དགའ། །

ཁྱེད་དག་ཐུགས་ཀྱི་ས་འཛིན་ཡངས་པའི་ལྟོར། །

བརྗོད་བྱ་དོན་གྱི་ཚང་ཚིང་རབ་རྒྱས་ཀྱང་། །

རྗོད་བྱེད་ཚིག་གི་མེ་ཏོག་མ་བཞད་པས། །

སློབ་དཔོན་བདག་བློ་སྐྱོ་བའི་ངང་ཚུལ་འཛིན། །

ཕྱི་དང་དུས་ཚིགས་ངེས་ཅན་ཤེས་བྱེད་པའི། །

རྒྱུ་རྒྱན་དབྱེ་བ་གང་ཡང་རུང་བ་ཞིག །

ཁྱེད་ཀྱི་རྣམ་དཔྱོད་སྤྱན་སྔར་བཀྲམ་པའི་ཚེ། །

བློ་རིག་ཕྲ་མོས་འབྱེད་པ་སྲིད་ན་དཀོན། །

ཨེ་མ་རྫོགས་ལྡན་གསར་བའི་དུས་སྐབས་འདིར། །

རིག་གནས་སློབ་པའི་སྐལ་བ་ལྡན་ན་ཡང་། །

ལ་ལ་ལེ་ལོའི་དབང་དུ་འཕྱན་པའི་ཕྱིར། །

རྩོམ་བྱེད་སྨྱུ་གུ་འདར་བའི་ལྟད་མོ་ཆེ། །

དེང་ནས་བཟུང་སྟེ་རིག་པའི་དཔའ་བོ་དག །

བརྩོན་པའི་འཁོར་གསུམ་ལས་དང་མི་འབྲལ་ཡང་། །

འཆད་རྩོད་རྩོམ་གསུམ་མཚོན་ཆ་ཉེར་ཐོགས་ནས། །

མཁས་བཙུན་བཟང་གསུམ་གོ་འཕང་འཐོབ་གྱུར་ཅིག །

གོང་གི་སྙན་རྩོམ་འདི་ནི་སྐུ་ཞབས་རང་གྲོལ་མཆོག་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་བཞུགས་རིང་དུ། སློབ་མ་རྣམས་ཀྱི་ལས་བྱའི་མཇུག་འབྲས་སུ་ཚིགས་བཅད་ཀྱི་སྒོ་ནས་བྲིས་པ་ཁག་ཅིག་སྟེ། གཅིག་ནས་སྐུ་ཞབས་ཁོང་ཉིད་ཚིག་སྦྱོར་སྤེལ་པར་མཁས་པའི་ཁྱད་ཆོས་མངོན་པ་དང་། གཉིས་ནས་སློབ་མ་རྣམས་ལ་སྙན་ངག་གི་དཔེར་བརྗོད་དང་རྒྱན་ངོས་འཛིན་སོགས་ལག་ལེན་དངོས་ཀྱི་སྒོ་ནས་དགེ་རྒན་ཞིག་གི་ཟོལ་མེད་ཀྱི་ལྷག་བསམ་ཚིག་རིས་སུ་བསྟར་འདུག་པ་དེའོ། །འདིར་ཁོང་གི《གསུང་འབུམ》དུ་མ་འཁོད་པའི་རྩོམ་འཁྱར་ཅི་རིགས་འབྱུང་བོའི་ཁམས་སུ་མི་ཐིམ་པ་དང་། སྔར་བས་ཁ་གསབ་འཐུས་ཚང་དུ་འགྲོ་བར་དམིགས་ཏེ་འདི་གའི་དུས་དེབ་སྟེང་བཀོད་པ་དང་ཆབས་ཅིག སྙན་ཚིག་དེ་དག་སུག་བྲིས་སུ་བགྱིས་ཏེ་དུས་ཡུན་རིང་བོར་ཉར་ཚགས་བགྱི་བ་པོ་ཁོང་གི་སློབ་བུ་ལྕགས་ཐར་རྒྱལ་ལའང་བཀའ་དྲིན་ཆེ་ཞུས་པ་ཡིན། ཁ་བྱང་ནི་སྒྲིག་པ་པོས་བསྣན་པའོ། །

2015ལོའི《སྦྲང་ཆར》དེབ་གསུམ་པའི་སྟེང་བཀོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།