ལྡོང་ཆུ་ཤེལ་གྱི་སྙན་ངག་བདམས་བཀོད།

1552979585154872.jpg

ལྡོང་ཆུ་ཤེལ། རུས་ལྡོང་ངེ་། དངོས་མིང་བསྟན་འཛིན་གྲགས་པ།(ལྡོང་བཙན་སྣང་གྲགས་དང་ལྡོང་སྨྱོན་སོགས་ཀྱི་པིར་མིང་བཀོལ་མྱོང་།)1971ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་རྒྱལ་པོ་ལྡོང་ངེ་བྱ་བའི་སྡེ་རུ་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རོང་བོ་དགོན་པའི་མཚན་ཉིད་གྲྭ་ཚང་ལ་ཞུགས་ཏེ་བཀའ་པོད་ལྔ་ལ་སྦྱོང་བའི་མགོ་ཚུགས། རང་ལོ་བཅུ་དྲུག་སྟེང་མཚོ་སྔོན་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད་དེ་ནང་དོན་རིག་པ་གཙོ་བྱས་རིག་གནས་ཆེ་ཆུང་མང་པོར་སྦྱངས་པ་ཧུར་ཐག་བྱས། དེ་ནས་ཕྱིར་རང་དགོན་དུ་ལོག་སྟེ། སླར་ཡང་རྣམ་འགྲེལ་དང་དབུ་ཕར་སོགས་མདོ་སྔགས་ཀྱི་ཆོས་སྐོར་ཁག་ལ་སྦྱངས་ཤིང་། ཞོར་དུ་རྒྱ་ཡིག་དང་རྩོམ་ཡིག་གསར་རྩོམ་གྱི་ལས་ཀར་འཐམས་ནས་ཞིང་ཆེན་དང་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་སྙན་ངག་གཙོ་བོར་གྱུར་པའི་བརྩམས་ཆོས་བརྒྱ་ལྷག་སྤེལ། རྩོམ་དེབ་ལ་《ཀུ་ཤུ་དམར་པོ》དང《གཡུ་ཆུང་དྲུག་དཀར》《 གཏམ་གླེང་ལྗང་ཁུ》སོགས་ཡོད།1997ནས་ད་བར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་《བཀའ་བསྟན》དཔེ་སྡུར་ཁང་དུ་དབུ་ཆེན་རྩོམ་སྒྲིག་པའི་འགན་འཁུར། ཞོར་དུ་བཀའ་བསྟན་དཔེ་བསྡུར་མ་དང་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ་སོགས་དེབ་ཆེ་བ་བཞི་བསྒྲིགས་ཡོད།


     སྒྲོལ་དཀར་མཚོ།


ནམ་རྒྱུན། མཆི་མར་བསྙལ་བའི་མིག་ཟུང་རབ་རིབ་ངང་།

སོར་ཚད་ཀྱིས་བཅད་པའི་རྩམ་རྡོག་རེ་རེ་དང་།

སྐྱོ་ངལ་མང་པོ་ཅིག་ཅར་ལྡོད་ཀྱིན།

ཁྱོད་རང་བཙལ་བའི་སེམས་པ་ཆུང་ཆུང་དེ་ཡང་།

ནུབ་ཁའི་ཉི་འོད་དང་ལྷན་དུ་རྒས།

དྲི་བཞོན་གྱི་ལག་ཟུང་སྙི་མོས།

དགུ་ཆུ་ལྟར་བཞུར་ཞིང་འཕྱོ་བའི་ཁྱེད་ཀྱི་སྐྲ་ལོ་སྣུམ་པོ་དགུང་ལ་འདེགས་བཞིན།

ལྡེམ་ལ་འཁྱུག་པའི་འཇོ་སྒེག་གི་གཤོག་འགྱུར་འཇམ་པོའམ།

"ཐྲིག་ཐྲིག"གི་རྡོག་སྒྲ་རྩུབ་མོ་དེས།

ངའི་དྭངས་གཙང་གི་ལྷིང་འཇགས་ཁྱེར་ནས་གང་དུ་བགྲོད།

སྒྲོལ་དཀར་མཚོ།

འཛུམ་མདངས་དང་ཉམས་འགྱུར་གྱི་ཧོམ་ཁུང་ཟུར་གསུམ་དུ།

བདག་ཁོ་ནར་བསྲེགས་པའི་མེ་ལྕེ་ལམ་ལམ་འབར་བས།

ངའི་ཉིན་མཚན་གྱི་རྣམ་བཞག་ལྷག་མེད་དུ་བཤིག་པའི་ཉེས་པ་སུ་ཞིག་གིས་ཤེས།

སུ་ལའང་མ་ཕོག་པའི་བདག་གི་མིག་འོད་ཐོག་མ།

ཁྱེད་ཀྱི་ཟླ་གོར་གྱི་གཏིང་མཐར་ཟུག་པ་ནས་བཟུང་།

ཁོ་བོ། དུས་བཞིའི་འཁྱག་རོམ་གྱི་སྙིང་ཁར་འགྲེང་སྟེ།

སྐར་མ་དང་རྩི་ཤིང་བཞིན་འདར་བའི་ལག་ཟུང་ཁྱོད་ལ་བསྲིངས་ཏེ་སྒུག

སྒྲོལ་དཀར་མཚོ།

བརྩེ་འདང་ཟབ་མོས་རྒྱང་རིང་ནས་རྒྱང་རིང་དུ་ཁྲིད་ཅིང་།

ཕྱིར་འོང་སའི་ལམ་ལ་གདུག་རྩུབ་ཀྱི་རྣོ་དབལ་ཇི་འདྲ་མང་པོ་ཞིག

འཚང་ཡོད་པ་ཁྱོད་ཀྱིས་ག་ལ་རྟོགས།

ཁོ་བོའི་ཞགས་པའི་སྣེ་མོ་ལ་ཅི་ཡང་འདྲོགས་པའི་ཁྱོད་རང་།

སྐྱ་རེངས་ཀྱི་ཐུ་འོག་ལས་ཤོར་བའི་ཉི་ཟེར་དང་མཉམ་དུ་སླེབས་ན་ཡང་།

བདག་ལ་འཛུམ་དཀར་གྱི་ལྷག་མ་རེ་བསྐྱུར་ཏེ།

གནམ་མཐའི་སྐར་ཆེན་དང་འགྲོགས་ནས།

དགུ་ཆུའི་ཕ་རོལ་ཏུ་ལོག་འགྲོ།

སྒྲོལ་དཀར་མཚོ།

ཁྱོད་ཀྱི་ཕྱིར། ཁོ་བོ་རི་ཁྲོད་དང་དབེན་ལྗོངས་ནས་ཆས་ཏེ་ལམ་ཕྲན་འདིར་ལྷགས།

ཡིན་ཡང་། ཁྱེད་ཀྱི་འཁོར་ཡུག་ཏུ་རླུང་གཞོན་གྱིས་འཁུར་བའི་

གཡའ་ལོ་སེར་པོ་ཞིག་གི་ཐོབ་སྐལ་ཡང་ད་དུང་རྒྱང་ཐག་ཧ་ཅང་རིང་།

ཁོ་བོ།གྲོང་ཁྱེར་གྱི་ཁང་རྩེག་སྟུག་པོ་དང་།

ལམ་འགྲམ་རྒྱ་ལྕང་གི་འོག་རོལ་ཏུ་འགྲེང་སྟེ།

ཁྱེད་རང་མཐོང་འདོད་ཀྱི་མེ་ལྕེ་དྲག་པོས།

མུ་ཏིག་བཞིན་འཚེར་བའི་སེམས་པ་དམར་པོ་ཞིག

ཐལ་བར་བསྲེག་ལ་ཉེ་ཨང་།

སྒྲོལ་དཀར་མཚོ།

འཛུམ་དཀར་གཅིག་པུས།

ཁོ་བོའི་ལུས་ཟུངས་ལྷག་མེད་དུ་བཞིབས་པའི་གདུང་ཡུས་དེ།

ཁྱོད་ལ་བརྗོད་ཐབས་བྲལ།

བདག་ལ་བསྐྱུར་བའི་འཛུམ་དཀར་གྱི་ཁུགས་པ་རེ་རེར།

ཡ་ང་བའི་དངོས་པོ་ཅི་ཞིག་སྦས་ཡོད་དམ།

སྒྲོལ་དཀར་མཚོ།

ཁྱོད་རང་སྐྱེས་པའི་སྐར་ཆ་རེ་ཡང་བདག་གིས་ཡོངས་སུ་ཤེས།

འོན་ཀྱང་། བདག་གི་ཅི་ཡང་མི་རྟོགས་པའི་ཁྱེད་ཀྱིས།

དལ་འཇམ་གྱིས་བཞུར་བའི་དགུ་ཆུ་སྔོན་མོའི་གཡས་ལོགས་སུ།

ཤར་ལ་མཆོང་བའི་ཅང་ཤེས་ཀྱི་འཇིམ་བརྙན་གསོན་པོའི་རྨིག་འོག་ཏུ།

རྒྱུན་དུ་སུ་ཞིག་མཐོང་།

སུ་ཞིག་མཐོང་བའི་ཉམ་ཆུང་གི་ངོ་གདོང་ལ་ཡང་བསྐྱར་ལྟོས་དང་།

དེ་ནི་ང་རང་ཡིན།

སྒྲོལ་དཀར་མཚོ།

ཁྱོད་ཀྱི་སེམས་རྒྱུད་འབྲོང་རྒོད་ཀྱི་རྭ་རྩེ་ལས་གྱེས་པ་མིན་ན།

ནམ་ཡང་། ཁྱེད་རང་སྙེག་པའི་བུ་ཆུང་ལ།

བརྩེ་བའི་ཕྱི་མིག་ཅིག་གནོངས་རོགས།

སྒྲོལ་དཀར་མཚོ།

ཁྱོད་ཀྱི་ཆེད་དུ།

ངས་ཐག་རིང་ནས་དཀའ་སྤྱད་ཀྱི་ལོ་ཟླ་རེ་རེ་རྡོག་པས་གནོན་ཀྱིན།

བཟོད་དཀའ་བའི་མི་ཁ་དང་དམོད་མོའི་ཁྲེས་པོ་ལྕི་མོ་ཞིག་འཁུར་ནས་འོང་།

ཡིན་ཡང་། ད་ལྟ། ངའི་གསེར་མདོག་གི་ཚེ་སྲོག་གཉོམ་པོ།

ས་ལ་ལྷུང་བའི་སྡོང་ལོ་དང་མཉམ་དུ་བསྐྱོད་ལ།

བྱང་ལ་རྒྱུ་བའི་དགུ་ཆུ་དང་བསྡོངས་ཏེ་བཞུར་ལ་ཉེ།

སྒྲོལ་དཀར་མཚོ།

ནམ་ཞིག་ཐོད་ལ་ལྟེབ་པའི་སྡུག་གཉེར་གྱི་འོག་རོལ་ཏུ།

ཅི་ཞིག་འཚོལ་བར་བྲེལ་བའི་མིག་ཞགས་རྣོན་པོས།

རྦ་རླབས་བཞིན་འཕྱོ་བའི་མི་ཚོགས་ཀྱི་བང་རིམ་ནས་ཁྱོད་རང་ཟིན་དུས།

ངས་མཐའ་མཇུག་གི་རེ་བ་གཞན་ཅི་ཡང་མི་ཞུ་སྟེ།

ནམ་རྒྱུན་ཁྱོད་ལ་བཏེགས་པའི་ལག་ཟུང་གི་ཁྱོར་བའི་ནང་དུ།

ལྷོག་ལྷོག་ཏུ་ལྡིང་བའི་སྙིང་ཆུང་དམར་པོའི་འཕར་སྒྲ་ལ།

ཡུད་ཙམ་གསན་རོགས།

སྒྲོལ་དཀར་མཚོ།

རིང་མིན་དུ་ཁྱེད་ཀྱིས།

འཇིག་རྟེན་གྱི་ལྔ་ལམ་དུ་སུ་ཞིག་གི་རྡོག་སྒྲ་ཁད་ཀྱིས་ཚོར་འོང་སྲིད།

དེ་ནི་ཁོ་བོའི་དྲན་གདུང་དང་མཆི་མས་གྱེར་པའི་སྙན་ངག་དམར་པོ་ཞིག

མཇུག་སྒྲིལ་བའི་མཉམ་སྒྲོགས་རོལ་དབྱངས་ཡིན་པ་ཤེས་པར་གྱིས།

སྒྲོལ་དཀར་མཚོ་……

༡༩༩༤.༡༡.༢༠  རོང་བོ།

༩༥ལོའི《སྦྲང་ཆར》དེབ་བཞི་པར་འཁོད།



    བྱ་ཁུ་ལོ་ནགས་རི་བརྒྱུད་དུས།


ཁྱོད་རང་། རྒྱང་རིང་གི་གྲོང་མཐའ་ཞིག་ནས་ཆས།

འགྲུལ་བཞུད་ཀྱི་ལམ་བུར་བཞད་པའི་མེ་ཏོག་གི་སེམས་པ་དམར་པོས།

ཁྱོད་ཀྱི་འདབ་གཤོག་སྔོན་མོའི་འགྱུ་བག་བཀག་ཡོད། བྱ་ཁུ་ལོ།

ཆེས་ཐོག་མའི་གཏམ་རྒྱུད་དང་རྨི་ལམ་ཡོད་ཚད།

ཤིན་ཏུ་འཛིངས་པའི་ལྗོན་ཤིང་གི་མཆུ་འགྲམ་ནས་བསྐྱུར་ཏེ།

ཕ་མཐའ་བྲལ་བའི་དུས་ཚིགས་འདི་ཇི་ལྟར་བརྒལ། བྱ་ཁུ་ལོ།

སུ་ཞིག་ལྗོན་པའི་ཡལ་གར་འཐམས་ནས།

ཟབ་བརླིང་གི་དྲན་གདུང་ལྕི་མོ་སྙིམ་པར་འཇོག་དུས།

ཁྱོད་ཀྱི་སྙན་ངག་གི་བཞུར་རྒྱུན་དལ་ཅག་གེར། བྱ་ཁུ་ལོ།

མི་ཁའི་རླུང་རླབས་དྲག་པོའི་བར་སྣང་དུ།

ན་བུན་འཁོར་བའི་དྲན་ཤིང་གི་མཆི་མ་ཐོར་ཅིང་།

སྨྲེང་བའི་སེམས་ཁ་གཅུ་བཞིན་གང་དུ་འཕུར། བྱ་ཁུ་ལོ།

དུངས་ཞེན་གྱི་སྒྲོ་གཤོག་སྲབ་མོ་འདར་འདར་གྱིས་བརྐྱངས་ཏེ།

ཕྱི་མིག་ལྷོད་ལྷོད་ཀྱིས་ནགས་མཐའ་ཧྲིལ་པོར་སྦྲེལ་དུས།

རྒྱང་རིང་ན་དབྱངས་རྟ་གཉོམ་པོ་ཞིག །སྐྱོ་ངལ་གྱིས་བརླན་པ་ཚོར། བྱ་ཁུ་ལོ།

མཆི་མ་དང་བཅས་པའི་སེམས་གསོ་ཁྱོར་བ་གང་ཀྲོག་གེར་མིད་ཀྱིན།

ཅིས་ཀྱང་འཕུར་དགོས་པའི་གདུང་ཤུགས་ཟབ་མོ་དང་། མགྲིན་པ་བརྣངས་པའི་ཀུ་ཧུ་དེས།

རང་ཉིད་ཀྱི་ལས་སྐལ་ཡང་ཡང་ཀློག །བྱ་ཁུ་ལོ།

ཁྱོད་རང་། ལྕི་ཞིང་འཁྱོར་བའི་གཡུ་སྒྲོ་རྨས་མར་ཁེན་ནས།

དབྱར་ཟླ་བཞི་པའི་རྨི་ལམ་གྱི་ཡུལ་ལྗོངས་ཉུག་ཀྱང་།

ཁྱོད་ཀྱི་འཇིག་རྟེན་ལ། སྔར་བཞིན་གྲང་རླུང་དང་བྱང་ཐང་གི་ཉམ་ང་ལྷུང་།བྱ་ཁུ་ལོ།

ཉིན་མཚན་གྱི་དབྱེ་ཐག་ཆད་པའི་ལོ་ཟླ་འཁུར་མཁན།

སྨུག་པའི་རྒྱབ་རོལ་ན་ལུས་པའི་སྐྱོ་ལྷང་ལྷང་གི་ན་ཆུང་འཇོལ་མོ།

ཁྱོད་ཀྱི་དྲན་པའི་སྒྲོན་ངོགས་སུ་ཡང་ཡང་འཁོར། བྱ་ཁུ་ལོ།

"འོད་ཟེར་དཀར་པོ་ཞིག་མིག་ཀོང་གི་སྦུབས་སུ་འཁྱིལ་པའི་རོགས་ལོ་མ།

འདུ་འབྲལ་ནི་དུས་བཞིའི་འཁོར་འགྲོས་ཟླུམ་པོ་ཞིག་ཡིན་པ་ཤེས་པར་གྱིས།"

སྐད་ཆ་དྭངས་མོ་འདི། ཁྱོད་ཀྱི་སེམས་པའི་བཞུར་རྒྱུན་གྱིས་འཕྱོ།"

ངའི་སེམས་སྐུད་ལ་བརྒྱུས་པའི་མཛའ་ན་མོ། ཁྱོད་ཀྱིས་ཅུང་ཙམ་སྒུགས་དང་།

ནམ་ཟླ་སྐྱ་བོའི་རྗེས་ཀྱི་ཉིན་ཞིག་ལ།ང་ཚོ་གཏན་ཏུ་འཛོམས་ངེས།"

བྱ་ཁུ་ལོས་སྦྲང་རྩིས་བརླན་པའི་ཁ་དན་འདི་ལྟར་བཞག་སྟེ་ཆས་……

༡༩༩༦.༩.༢༢  རོང་བོ།

༩༧ལོའི《སྦྲང་ཆར》དེབ་གསུམ་པར་འཁོད།



     རོགས་ཆུང་ལོའི་རྒྱང་འབོད།


སྟག་ལུང་ནགས་གསེང་ན་རྒྱུ་བའི་བྱིའུ་ཆུང་དམར་པོ།

གྲོ་ཆུའི་འབབ་ངོགས་སུ་འཁྱིལ་པའི་ཆུ་ལེན་མའི་གླུ་སྐད་ཕྲ་མོ།

ནམ་རྒྱུན། ངའི་མཚན་གུང་གི་འཇིག་རྟེན་དུ་འཕུར་འོང་།

སྡེ་འདབས་ཀྱི་མཆོད་རྟེན་དཀར་པོའི་སྐོར་མཐའ་ན།

ཉི་ཟླ་དང་མཉམ་པའི་སྨོན་ལམ་འཐུ་བའི་རོགས་ཆུང་ལོ།

ཡིག་དྲུག་གི་འགྱུར་ཁུགས་རེ་རེ་སྨྲེང་སེམས་ཀྱི་མཆི་མས་བརླན་པ་བདེན་ནམ།

ཞིང་སྡེའི་བུ་མོ་ཁྱོད།  ངས་རྒྱང་རིང་ནས་ཡང་ཡང་དྲན་བྱུང་།

བརྡ་བྱེད་ཀྱིས་མི་དཔོག་པའི་ཁྱེད་ཀྱི་དྭངས་གཙང་གི་སེམས་པའི་མངར་ཁ།

སྦྲང་རྩི་བཞིན། ངའི་མེ་ཏོག་བརྒྱ་ཕྲག་གི་གཏིང་རུམ་དུ་ཉར་ཡོད།

རོགས་ལོ་མ། ཁྱོད་ཕྱོགས་སུ་ཁ་བ་འཕུར་ཀྱིན་ཨེ་ཡོད།

ཁྱོད་ཀྱིས་མཐོང་ངེས་པའི་ཁ་བའི་མཆོང་ལྡིང་རེ་རེ་ནི།

ངའི་སེམས་གདུང་གྲངས་མེད་ཀྱི་རྨ་ཁ་རེ་རེ་ཡིན།

སྙིང་སྡུག་མ། ངའི་སྟོན་མཇུག་ཏུ་བཞད་པའི་མེ་ཏོག་སེར་ཆེན།

ད་དུང་ཡང་མཛེས་སྡུག་གི་འདབ་རྩེ་རེ་རེས་སྦྲང་རྩི་དང་སེམས་པ་སྐྱོར་བཞིན།

རེ་སྒུག་གི་བསིལ་རླུང་ཁྲོད་ན་འདར་ཡོམ་ཡོམ། འཁྱག་ཤུར་ཤུར།

ངའི་རྒྱང་བཞུད་ཀྱི་མེ་ཕུང་རེ་རེས་ཁྱོད་ཀྱི་ཡིད་འོང་གི་འཇིག་རྟེན་བསྲེགས་ཤིང་།

ཁྱོད་ཀྱི་འོ་ཞག་འཁྱིལ་པའི་དུང་ཚོར་ཟབ་མོས་ངའི་མིག་ཀོང་དུ་ན་བུན་ལྕི་མོ་བསྐྱིལ།

རོགས་ཆུང་ལོ། ཁྱེད་ཚང་གི་ལྗོན་རྩེ་ནས་གསེར་ལོ་ག་ཙམ་འཐོར་བྱུང་།

མི་ཚོགས་གྲངས་མེད་ཀྱི་བཞུར་ལམ་དུ་མགོ་བོ་དགྱེ་ནས་ཕེབས་ལ།

དུས་ཆེན་དང་ཞིང་ཁར་འགྲོ་དུས་འཛུམ་དཀར་དང་སྐྲ་ལོ་ཤད་རོགས།

སྙིང་ཉེ་མ། ནམ་ཟླ་སྐྱ་བོའི་རྗེས་ན་ཁུ་བྱུག་གི་གསུང་སྐད་ལོས་ཡོད།

དོ་ནུབ། ཁྱོད་རང་ངའི་སྨྱུག་རྩེ་ན་འཕྱོ་བའི་མིག་ཆུའི་རྒྱུན་ཐག་སྔོན་པོ།

དོ་ནུབ། ང་རང་ཁྱོད་ཀྱི་དྲན་གདུང་གི་མཚོ་ཁར་བབས་པའི་ངང་པ་སེར་པོ།

ངའི་གསེར་མདོག་གི་དུས་ཚིགས་སྣུམ་པོ། དོ་ནུབ་ཁྱོད་རང་གྲང་ངམ།

ངའི་དྲན་ཡུལ་དུ། ཁྱོད་ཀྱི་མིག་ཆུ་དང་སྙིང་གཏམ་ཤམ་ཤམ།

ཁྱོད་ཀྱི་ཟླ་མཚན་ལས་དམར་བའི་ཁ་དན་གྱི་ཕྱིར་དུ། རོགས་ཆུང་ལོ།

ངས་ཀྱང་། ལོ་ཟླ་མང་པོ་ཞིག་ཐ་མག་རྐང་གཅིག་གིས་བསྲེགས།

གྲོང་ཁྱེར་གྱི་བརྩེགས་རིམ་མཐུག་པོ་བརྟོལ་ནས་འཕུར་བྱུང་།

སྤྲིན་དཀར་གྱི་དར་གོས་སྲབ་མོ་གཤགས་ཏེ་འཕུར་བྱུང་།

ཁྱོད་ཕྱོགས་སུ།ངའི་གདུང་འབོད་མཐའ་མེད་ཀྱི་དབྱངས་རྟ་རེ་རེ།

སྤང་ཁུག་ནས་བསྐྱུར་བའི་ལས་འཕྲོ་ལ་དྲི་བསུང་འཁྱིལ་ཞིང་།

མེ་ཏོག་བཞིན། མཆོར་སྒེག་གི་སྟངས་སྟབས་དཀར་པོའི་སླད་དུ།

ང་རང་ཁྱོད་ཀྱི་ཚ་དྲོད་འབར་བའི་སྔས་འགྲམ་དུ་ལོག་འདོད།

མི་ཚོགས་མཐུག་ས་ན་འཛུམ་དཀར་གྱིས་འཕྱོ་བའི་བུ་མོ་རེ་རེས།

བཤང་གཅི་ལས་དམན་པའི་གཡོ་སེམས་ཀྱི་མལ་གོས་གྱོན་པ་མཐོང་དུས།

ངས་ཁྱོད་ཀྱི་ལྷག་བསམ་གྱིས་སྦར་བའི་མཆོད་མེ་ཡང་ཡང་དྲན། རོགས་ཆུང་ལོ།

ཐག་རིང་ཐག་རིང་ན། གྲོང་ཚོ་ཆུང་ཆུང་གི་རྩེད་ར་ལྗང་ཁུ།

ཐག་རིང་ཐག་རིང་ན། རོགས་ཆུང་ལོས་ལོ་ཟླ་བགྲང་བའི་ཤུགས་རིང་ཐར་ཐོར།

ངའི་དྲན་ཤིང་གི་རྩིབས་མ་རེ་རེ་ལ་ཐོགས་ཏེ་འདི་ལྟར་ལུས་ཡོད།

གཏན་དུ་བསླུ་བ་མེད་པའི་ལས་དབང་གི་དཀོན་མཆོག་གསུམ་པོ།

ཐུགས་རྗེའི་ཚེ་འབར་གྱི་མཆོད་སྡོང་ཟབ་མོའི་ངོགས་ནས། ང་དང་ཁོ་མོར།

ཚེ་སྲོག་གི་དབུགས་དབྱུང་དང་འོད་ཟེར་གྱི་ལམ་ཞིག་སྩོལ་རོགས།

༡༩༩༧.༢.༡༡ པེ་ཅིན།

༩༧ལོའི《གངས་རྒྱན་མེ་ཏོག》དེབ་བཞི་པར་འཁོད།

  


     ཤམ་བྷ་ལའི་བུ་མོ།

     -དབྱངས་ཅན་ལྷ་མོའི་གླུ་གཞས་ལ་ཉན་པའི་ཚོར་སྣང་།


ཞོགས་པའི་ཉི་ཟེར་གྱིས།

ཁྱེད་ཀྱི་མེ་ཏོག་གི་ཞལ་ཁེབས་བཀྱགས་ཤིང་།

མེས་པོའི་ལྷ་ཆབ་སྔོན་མོས།

ཁྱོད་ཀྱི་མཛེས་སྡུག་གི་ངང་གཤིས་ཡང་ཡང་བརླན།

དབྱངས་ཅན་ལྷ་མོ། ས་དོག་མོ་འདིས།

ཁྱོད་ཀྱི་རྐང་རྗེས་ཆུང་ཆུང་བསྐྱོར་ཉིན་ནས།

ཁྱོད་ཀྱི་མཁུར་ཚོས་བརྟོལ་བའི་ཨ་མའི་གླུ་སྐད་ཅིག

དྭངས་གཙང་གི་སེམས་པའི་སྒྲོམ་བུར་ཉར་ནས་ལོ་ཟླ་ག་ཚོད་ཕྱིན།

ཡུན་རིང་གི་རྗེས་སུ། བྱིའུ་ཆུང་མང་པོ་ཞིག་ཁྱོད་ཀྱི་ལྗོན་པར་སྙེག

ཁུ་བྱུག་གི་མགྲིན་པའང་ཁྱོད་ཀྱི་ཕྱོགས་སུ་དཀྱོགས།

སྤྲིན་དཀར་གྱི་ངོགས་སུ་ལྷོད་ཀྱིས་འཕུར་བའི།

སྦྲང་ཆར་གྱིས་ཡང་ཡང་བཀྲུས་པའི་ཁྱོད་ཀྱི་གླུ་ངག་འཇམ་པོ།

སུ་ཞིག་གི་སྙིང་ཁར་འཁྱིལ་པའི་ཁྲག་དྲོན་ལ་གཏན་དུ་འདྲེས།

རིག་བྱེད་གཏམ་རྒྱུད་ཀྱི་གསང་ལམ་མ་འགྲིམ་པའི་དབྱངས་ཅན་མ།

ཁ་བའི་དྭངས་གཙང་གིས་བསྐྱེད་པའི་ལྷ་མོ་ལགས།

ཁྱོད་ནི། རྩྭ་ཐང་དང་གངས་ཆབ་ཀྱི་དྲན་པའི་ཀློང་ན།

རླུང་བུས་ཀྱང་ཟིན་ཐབས་བྲལ་བའི་སྐྲ་ལོ་ཤམ་ཤམ།

གསང་བའི་དབྱངས་འགྲོས་ཀྱིས་འཁྱིལ་པའི་ཟུར་མིག་འཁྱུག་འཁྱུག

ལང་ཚོའི་འཇོ་སྒེག་ལ་འཁྲིལ་བའི་དར་གོས་ལྷབ་ལྷུབ།

ཕ་མཐའ་བྲལ་བའི་ཚེ་སྲོག་གི་འགྱུར་ཁུགས་རེ་རེ།

ཞིམ་མངར་གྱི་རྒུན་ཆང་དང་ཨ་མའི་ནུ་ཞོ་ལྟར་བཞུར་བས།

ཟད་ཅིང་ཆད་ལ་ཉེ་བའི་ཚོ་ཁག་ཅིག་གི་རྣམ་ཤེས་ཀྱི་

དབུགས་རྒྱུན་རེ་རེ་སླར་ཡང་མཐུད།

ཐུགས་རྗེ་ཆེ། ཤམ་བྷ་ལའི་བུ་མོ།

ས་གཞི་དང་ནམ་མཁའ་མུན་པས་སྦྲེལ་བའི་མཚན་མོ་རེར་ཡང་།

བརྩེ་བ་ཁྲི་ཁྲག་གིས་འདར་བའི་ཁྱོད་ཀྱི་སྐར་ཚོམ་གྲངས་མེད།

སུ་ཞིག་གི་རྨི་ལམ་དང་དྲན་པའི་གཙང་པོར་ཡང་ཡང་འཐོར།

དབྱངས་ཅན་ལྷ་མོ། ད་ལྟ་སྙན་ངག་པ་ཞིག་ཀྱང་།

ཁྱོད་ཀྱི་གླུ་སྐད་དང་རོལ་དབྱངས་ཀྱི་སྣེ་ན། ཁུ་སིམ་མེར།

དགའ་སྐྱོ་འདྲེས་མའི་དུང་བ་སྲབ་མོ་ཞིག་གིས་སེམས་པ་བསྐྱོར་ཏེ།

ཁྱོད་ཀྱི་རི་ཀླུང་དང་གཏམ་རྒྱུད་ཀྱི་ངོགས་སུ་ཐིམ་པར་རྩོམ།

༢༠༠༥.༦.༡༧ གྲོང་ཁྱེར་སྤོས་ལྡན། 

༢༠༠༦ལོའི《སྦྲང་ཆར》དེབ་དང་པོར་འཁོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།