ཀྲུང་གོ་བོད་ཀྱི་དྲ་བ།

ཚོན་མདོག (ཞར་བཀོད་གཅིག)

ཡོང་ཁུངས། : ཤྭ་སྐྱ་དུས་དེབ།   རྩོམ་པ་པོ། : སྒོ་ཡོན།   སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒོ་ཡོན། མཚན་དངོས་ཡོན་ཏན། ཕོ། ཕ་ཡུལ་ཟི་ཁྲོན་དཀར་མཛེས་བྲག་མགོ་རྫོང་གི་ཡིན། དར་མདོ་གྲོང་ལྷ་སྒང་ཡུལ་ཚོ་མི་ཉག་སློབ་གྲྭའི་སྒྱུ་རྩལ་ལྟེ་གནས་ཁང་དུ་ཕྱག་ལས་གནང་བཞིན་ཡོད། བརྩམས་ཆོས་ལ《མི་སྐད་འདི་ཁ་གཡོར་ས་གཏན་ནས་མིན། 》 《ཐུབ་པའི་གཞོན་རབས། 》《རིག་རྩལ་རྒྱང་སྐྱོད། 》《རང་རིགས་རང་གསལ》 སོགས་ཡོད།       

ཚོན་མདོག  

 བུ་མོ“Y”སྐྱེལ་མ་ཞུས་རྗེས།

གྲོང་ཁྱེར་གྱི་མཇུག་མ་བརྐྱངས་པའི་མཐའ་མཚམས་སུ། །

ཤག་ཆུང་གིས་ཉི་ཐིག་འཚོལ་བའི་འཁྲབ་ཚན། །

དགོད་པ་དང་སྡིག་པའི་དབྱངས་ཀྱིས་བུས་པའི། །

ཚེ་རབས་དང་འཚོ་བ་བྲིས་པ་ཡོད་དེ། །

འཛུམ་ཆུང་གི་ངང་མོའི་གཟུགས་རིས་ལྷག་པས། །

ཉེ་འཁྲིས་ཀྱི་དྲི་མ་འདི་དག་ཅི་བྱ། །

སྐར་ཚོགས་ཀྱི་སྐེ་རྒྱན་བཏགས་པའི་མཚན་གཞུང་། །

མེ་ཏོག་ལ་རྔུལ་ཆུ་བབས་པའི་འཇིག་རྟེན། །

ཤ་ཁྲག་དང་ཆོ་ངེའི་ཡི་གེ་འཐོར་བའི། །

ཆར་རླུང་དང་དབུགས་རྒྱུན་འཐབ་པ་མང་སྟེ། །

གཅེས་དགའ་དང་པྲ་ཆལ་ཡིད་ལ་སིམ་པས། །

བཀླགས་འཕྲོ་ཡི་དེབ་ཐེར་ཆུང་ཆུང་སུ་ཡིན། །

ལོ་ཟླ་ཡིས་བདུདརྩི་བཏུང་བའི་བཟི་ཡོམ། །

གཡས་གཡོན་ལ་རྣམ་ཤེས་བཞུར་བའི་རླབས་སྒྲ། །

རྙེད་པ་དང་ཤོར་བའི་འཐབ་རྩོད་ཐོགས་པའི། །

ལམ་བུ་དང་རྐང་རྗེས་རང་ལ་འཁོར་ཏེ། །

མཐའ་མཇུག་གི་རྒོད་པོ་ཚང་ལ་འཕུར་ན། །

གངས་རི་དང་གཙང་པོའི་ཞལ་རས་ཨེ་ཡོད། །

  འོད་ཀྱི་ལུས་ལ་ངག་གིས་འདི་ལྟར་རྨུག

སྙན་ངག་དུམ་བུ་ཞིག་མཚོ་ལ་ཟགས་པས།

ངང་བའི་གཤོག་ཐོག་ནས་སྒྱུ་རྩལ་སྦར་བ།

མཚོ་མཐའི་རླབས་ངོགས་ནས་ང་ཡིས་མཐོང་ཐུབ།

རེད་དང་མ་རེད། ཨ། སྐད་ཆ་མི་གཏོང་།


ཚོར་བའི་རྩིད་པ་ཞིག་སྤྲིན་པར་བསྡོངས་པས།

ནམ་མཁའི་ཀོ་གྲུ་ལས་སྨུག་འགོ་ལངས་པ།

རི་བོའི་བསིལ་ཁྱིམ་ནས་ང་ཡིས་མྱང་ཐུབ།

འགྲིག་དང་མི་འགྲིག ཨ། འཆད་འདོད་མ་གནང་།


ཡི་གེའི་ཐབ་ཚང་དུ་རུས་པ་གདུ་བས།

ལོ་མའི་ཤུལ་རྗེས་ནས་བྱ་ཕོ་གྲག་པ།

གསེག་མའི་སྤྱིལ་ཆུང་ནས་ང་ཡིས་ཐོས་ཐུབ།

སྙན་དང་མི་སྙན། ཨ། དཔྱད་ཟོལ་མི་འདུག


སྟོང་བའི་བློ་རྩེ་ལ་དར་ཚོན་བརྡབས་པས།

ངག་གི་ལྗོན་པ་ལས་རླུང་བུ་འཁྲུངས་པ།

དིང་གི་སྙིང་ནད་ལས་ང་ཡིས་སློང་ཐུབ།

ཡོད་དང་མེད་པ། ཨ། གླེང་ལམ་མ་ཕྱོགས།


ཆོས་སྐད་འདར་ཡོམ་ཞིག་པིར་གྱིས་བདུངས་པས།

གཞུང་ལམ་སྐམ་པོ་ལས་མཆི་མ་གཡར་བ།

འུར་ལུང་ཤོག་ཁ་ནས་ང་ཡིས་རྙེད་ཐུབ།

བདེན་དང་མི་བདེན། ཨ། ཨུ་ཚུགས་མ་བཟོ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།