ཀྲུང་གོ་བོད་ཀྱི་དྲ་བ།

རོལ་དབྱངས་ཀྱིས་འཁྲིད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བློན་འབར།   སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190315085012.jpg

བློན་འབར། དངོས་མིང་ལ་མཁར་འབུམ་ཐར་ཟེར། གོ་བདུན་ལོའི་དཔྱིད་ཟླ་ལྔ་པའི་ཚེས་གཉིས་ཉིན་རེབ་གོང་རོང་བོ་བློན་ཆོས་ནས་སྒོའི་རིགས་སུ་སྐྱེས། ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞུགས་ཤིང་། ད་ལྟ་སློབ་གྲྭ་དེ་གའི་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་གནའ་རབས་རྩོམ་རིག་ལ་འཇུག་མུས་ལགས་ཤིང་། སྔ་ཕྱིར་རྨ་ལྷོ་བོད་ཡིག་ཚགས་པར་དང་རྔ་བའི་བོད་ཡིག་གསར་འགྱུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་མཚོན་པའི་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་རྒྱ་སོགས་སུ་བརྩམས་ཆོས་བཅུ་ཕྲག་ལྷག་བཀོད་མྱོང་།

                 རོལ་དབྱངས་ཀྱིས་འཁྲིད་པ།

                 ——ཕྱི་གླིང་པའི་གཞས་སྙན་མོ་གཉིས་ལོངས་སུ་སྤྱོད་ཞོར་འཁྱུག་པ།             


འགབ་ཏུ་ཆུ་མོ་གཡས་འཁོར་ལྷོ་རུ་རྒྱུགས།། 

ཀླད་ནས་སྤྲིན་པ་གཡས་འཁྱིལ་བྱང་དུ་ཐལ།།

ཁྲུང་ཁྲུང་ཁྱུ་ཞིག་རླུང་བུའི་གཤོག་ཐོགས་ཀྱིས། །

གནམ་འཕང་སྟོད་ཀྱིན་ཕྱིར་ལམ་སྐེ་སོ་བལྟ།།


ཆར་རྗེས་སྨུག་སྤྲིན་དམ་དུམ་ལ་མ་ལིང་།།

རི་བོ་སེང་གེ་གདོང་གི་སྐེད་པར་རྒྱུ།།

གྲུ་ཆར་ཡུན་ཙམ་འཇགས་པའི་བསིལ་བའི་ཁྲོད།།

འཇའ་ཚོན་ཟུང་ཞིག་མདུན་གྱི་རི་སྒང་ཟུག །


ནམ་ཞིག་དབྱངས་འགྲོས་དང་བཅས་འཚེར་སྐད་ཅིག །

ང་ཡི་རྒྱབ་ཕྱོགས་ཐལ་ཏེ་མདུན་ཐད་རྒྱུ། །

རྨིག་རྡུལ་ཡིད་འོང་ཞིག་གི་བང་རིམ་ནས། །

དངུལ་ཤན་དིང་གླིང་འབུད་མཁན་ང་ཡིས་མཐོང་། །


དེ་ཤེད་གོས་དཀར་མནབས་པའི་དྲང་སྲོང་ཞིག །

རྟ་རྒོད་གྱི་ལིང་འཕུར་ཤེས་བཅིབས་ནས་སུ།།

སྡེ་འདབས་ཐང་ཆེན་བཅད་དེ་ཕར་ཕྱོགས་ཀྱི།།

ནགས་ཀློང་ག་ལ་བ་དེར་བསྐྱོད་པར་བྱེད།།


དངུལ་ཤན་དིང་གླིང་ཐོགས་པའི་དྲང་སྲོང་གང་།།

ཡ་གིའི་བྲག་ཐོག་བཞུགས་བྱས་རོལ་དབྱངས་གཏོང་།།

དབྱངས་ཀྱི་འགྱུར་ཁུགས་བསམ་གྱིས་མི་ཁྱབ་སྟེ།།

ལྷ་མོ་ཞེས་བྱའི་སྒྲུང་ནང་ཞུགས་པ་འདྲ།།


ཚངས་སྲས་འཕྲུལ་གྱི་རྣམ་འགྱུར་རོལ་བ་ཡི།།

དབྱངས་ཀྱི་མུ་འཁྱུད་རླུང་བུའི་རྟ་ཕོ་སྟེ།།

བྲག་ཐེམ་རེ་རེར་མི་ཐོགས་ནགས་ཀླུང་བརྟོལ།།

ལྗོན་གསེབ་བབས་པའི་ཉི་ཟེར་དཀྲོལ་བཞིན་གཤེགས། །


ས་གཞིའི་ལང་ཚོ་དབྱངས་སུ་འགུགས་པར་བྱེད།།

དབྱངས་ཀྱི་རྟ་ཕོའི་འཚེར་སྐད་ཐོས་པའི་མུར།།

ཆུ་མོས་དར་ཅིག་ཕྱིར་ལམ་གཅོད་པར་བྱེད།།

ཉི་འོད་ཅམ་གྱིས་བསྡད་བྱས་རྣ་བ་བླགས།། 


སྨ་ར་དཀར་བོང་བོང་གི་དྲང་སྲོང་གིས།།

དངུལ་ཤན་དིང་གླིང་འབུད་ཞོར་མཉམ་བཞག་གིས།།

བས་མཐའི་རླུང་ལ་བཅིབས་པའི་འཕྲོད་བྱེད་ཅིག །

སྒྱུ་མའི་བྲན་དུ་འཁོད་ཕྱིར་ཕྱག་རྒྱ་བྱེད།།


སྒྱུ་མའི་དབྱངས་རྟ་སྒྲུག་ཆེད་ནགས་ཚལ་རྒྱུ།།

འཕྲུལ་བའི་ཆོས་ཉིད་རྟོགས་སླད་རི་སྒང་སྙེག །

མི་རྟག་གླུ་ལ་སྤུར་གྱིན་བས་མཐར་འཁྱམས།།

དབྱངས་ཀྱི་མན་ངག་ཕྱི་རབས་རྣམས་ལ་བཞག །        

དེ་དུས་བྲག་ཐོག་འཁོད་ནས་རི་གཤམ་གྱི།།

སྨུག་སྤྲིན་ལང་ལིང་གར་བསྒྱུར་མ་བལྟས་པར།།

དབྱངས་ཀྱི་ཟིལ་བའི་ཚོམ་བུ་བསྟེན་བྱས་ཏེ།།

སྐྲ་ལོ་རླུང་ལ་བསྐུར་གྱིན་མིག་བཙུམ་ནས།།

ས་མཐའི་ལོག་ཕེབས་ཤིག་ལ་ཉན་སྒུག་བྱས།།

ཡིད་ཀྱི་དབྱངས་རྟ་ཞིག་གིས་རམ་བུ་འདེགས།།


རླུང་ནི་བས་མཐའི་ཡུལ་ནས་འདིར་ཕྱོགས་ལྡང་།།

སྨུག་སྤྲིན་འཁྱག་སིལ་སིལ་དུ་གར་ཆས་ཏེ།།

གསོམ་ཤིང་ཤུག་པའི་རྒྱལ་ཁམས་བཏུམས་བྱས་འགྲོ།།

དེ་དུས་བྲག་ཐོག་བསྡད་དེ་མཉམ་བཞག་ངང་།།

གླིང་བུའི་གར་བསྒྱུར་སྐྲ་ལོའི་སྟང་སྟབས་བཅས།།

གདུངས་སེམས་ཤུགས་ཀྱིས་དབུགས་ཀྱི་རྒྱུ་བ་སྟོབས།།


ཉམས་ཀྱི་དབྱངས་རྟ་ཅི་ཡང་གཏོང་བ་ཡི།།

རྒྱུད་སྐུད་ཕྲ་མོ་རེ་ལ་ཁྱེད་རང་གི །།

མི་ཚེ་ལན་ཆགས་མཐའ་དག་བཀོད་ནས་སུ།།

ཕྱི་མའི་ལམ་ཡིག་ཅིག་གིས་གྲོགས་བྱས་ཏེ།།

དབྱངས་ཀྱི་འགྱུར་ཁུགས་རེ་ལ་འུ་ཅག་གི།།

ལས་སྐལ་འགྱུ་བག་མཐའ་དག་བསྟིམས་ནས་ཡོད།།


ག་ཤེད་རླུང་བུ་ཁྱུ་ཞིག་ཁྱེད་ཕྱོགས་རྒྱུགས།།

སྤྲིན་པའི་དོ་ལི་ཞིག་ཀྱང་མཐོངས་སུ་འཕུར།།

དབྱངས་རྟའི་གཤོག་པ་འཛིན་པའི་རྣམ་ཤེས་ནི།།

ཁྱེད་ཕྱོགས་རི་སྒང་བརྒལ་ཏེ་ཐང་ཆེན་བཅད།།

དེ་དུས་དབྱངས་ཀྱི་ཟིལ་བ་རྟ་གོང་ན།།

ནོར་བུ་མེ་འབར་བཞིན་གྱིས་དྲག་ཏུ་མཆེད།།


དེ་དུས་ཡུལ་མཐའི་ཡུ་མོ་ཁེར་ཉལ་ཁྱོས།།

མཉམ་བཞག་རྣ་བ་གླགས་ཏེ་ཉན་པར་རིགས།།

རྩྭ་ཆུའི་རོ་བྲོ་བོར་ཏེ་འཚོལ་བར་རིགས།།

རྔོན་པའི་ཚེ་སྐལ་བསྐྱུར་ཏེ་ཕེབས་པར་རིགས།།

ལས་སྐལ་ནགས་ཀླུང་སྟུག་པའི་ཕར་ངོགས་ན།།

འཚོ་བའི་མེ་ཏོག་སྣ་བརྒྱ་ཁྱེད་ཆེད་དགོད།།


ལ་ལུང་བྲག་འཕྲང་བརྒལ་ཏེ་བདག་ཕྱོགས་ཕེབས།།

དབྱངས་ཀྱི་རྨིག་རྗེས་དེད་དེ་བདག་ཕྱོགས་ཕེབས།།

ལས་སྐལ་ཁྲག་རྗེས་འཚོལ་གྱིན་བདག་ཕྱོགས་ཕེབས།།

བོར་བའི་འུར་རྡོ་སྒྲུག་གིན་བདག་ཕྱོགས་ཕེབས།།

བདག་གིས་དབྱངས་ཀྱི་བྲང་སར་ངང་སྒུག་གི། །

ལོ་ཟླའི་འོ་ཇ་སྐོལ་གྱིན་ཁྱེད་ལ་སྒུག། །


དེ་དུས་ཕར་གའི་བྲག་ཐོག་སྡོང་འོག་ན།།

མགོ་དཀར་གླིང་བུ་བསྒྱུར་བའི་རྔོན་ལས་པ།།

མདའ་གཞུ་སྡོང་མགོར་བཀལ་བྱས་དབྱངས་བརྩམས་ཏེ།།

མི་ཚེའི་སྐྱིད་སྡུག་དེབ་ཐེར་རྩོམ་གྱིན་ཡོད།།

འདས་སོང་དཀར་མེའི་སྣུམ་ཀོང་འབྱིད་བཞིན་ཡོད།།

ཞི་བའི་འཛུམ་གྱི་མེ་ཏོག་གཏོར་གྱིན་ཡོད། །                         

རྨ་ལྷོ་བོད་ཡིག་ཚགས་པར་སྟེང་བཀོད།   

ཕར་ངོགས་ཀྱི་ཉི་ཟླ།

དགའ་སྡུག་སྤྲིན་ཕུང་འཁོར་བའི་རི་རྩེ་ནས། །

ཁྲུང་ཁྲུང་གཤར་མ་གཉིས་ཤིག་བྱང་དུ་ཐལ། །

ཉི་ཟེར་རྡུལ་གྱི་ལས་དབང་གཤོག་ཐོག་འཛིན། །

སུ་ཞིག་ཡིན་ཀྱང་ཀྱེ་ཧུད་ཐལ་ལོ་སྐད། །


དགའ་སྡུག་སྤྲིན་ཕུང་འཁོར་བའི་རི་རྩེ་ནས། །

ཁྲུང་ཁྲུང་ཕོ་མོ་གཉིས་ཀྱིས་ཕྱིར་མིག་བལྟ། །

གཤོག་འགྱུར་ལང་ཚོར་བརྩེ་དུངས་ཉི་ཟེར་བབས། །

སུ་ཞིག་ཡིན་ཀྱང་ཀྱེ་མ་གླུ་སྐད་ཐལ། །


དགའ་སྡུག་སྤྲིན་ཕུང་འཁོར་བའི་རི་རྩེ་ནས། །

ཁྲུང་ཁྲུང་ཁེར་འགྲོ་ཞིག་གིས་སྐེ་སོ་བལྟ། །

དགའ་མ་བྱང་དུ་ལུས་པའི་ཡིད་གདུངས་ནི། །

རྡོ་ཐོག་ཁ་བ་བབས་པའི་ངང་ཚུལ་མིན། །


དགའ་སྡུག་སྤྲིན་ཕུང་འཁོར་བའི་རི་རྩེ་ནས། །

སྣང་བའི་ཉི་ཟླ་ལྷོ་ནས་བྱང་དུ་ཐལ། །

རི་རྩེར་སྤྲིན་པ་ལྡང་པའི་ཕར་ངོགས་སུ། །

དགའ་སྡུག་ཉི་ཟླས་འོད་ཟེར་བཀྱེད་པར་རེ། །


རི་རྩེའི་སྤྲིན་པར་རྟག་བརྟན་ཡོད་དམ་ཅི། །

ལྷོ་བཞུད་ཁྲུང་ཁྲུང་ལོག་ཕེབས་ཡོད་དམ་ཅི། །

དགའ་སྡུག་སྣང་བ་རི་མོར་འཁྱུད་དམ་ཅི། །

ཕར་ངོགས་ཉི་ཟླ་བདག་སར་ཕེབས་སམ་ཅི། །


ཡིད་ཀྱི་ཡུལ་གྲུ་འབྱམས་ཤིང་ཀླས་ན་ཡང་། །

སྣང་བའི་རླུང་ཆེན་ལྡང་ལ་ཁྱོན་མེད་པས། །

རི་རྩེར་འཁོར་ཅིང་ཡང་ཡང་འཁྱུད་པ་ཡི།།

སྤྲིན་དཀར་དུམ་བུས་ང་ཡི་སྣང་བ་བྲིས། ། 

རྨ་ལྷོ་བོད་ཡིག་ཚགས་པར་སྟེང་བཀོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།