གཙང་ཞོགས་སྤྲིན། དངོས་མིང་ལ་ཆོས་དབྱིངས་རྒྱ་མཚོ་འབོད་ཅིང་། ༡༩༩༥ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྟོད་སྡེ་བར་སྐྱེས། ༢༠༡༤ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་པ་བཅས་ཡིན། བརྩམས་ཆོས་ལ《སྤྱི་ཚོགས་ནག་པོ》དང《བདེ་སྐྱིད་ཀྱི་གསང་གྲངས》སོགས་ཡོད། ད་ལྟ་ཁམས་ལི་ཐང་དུ་དགེ་རྒན་གྱི་ལས་གནས་གཉེར་ཞོར་རྩོམ་འབྲིའི་ལས་ལ་འབད་འབུངས་བྱེད་བཞིན་ཡོད་དོ།།
༈ དྲན་པ་དམར་པོ།
དུང་བའི་རླབས་ཕྲེང་བསིལ་རླུང་འཇམ་པོས་གཡོ།།
བརྩེ་བའི་མེ་ཏོག་སྦྲང་ཆར་ཟིལ་མས་སྒུལ།།
དྲན་པའི་མེ་ལྕེ་ཨ་སྔོན་དགུང་ལ་མཆེད།།
སེམས་ཀྱི་བྱམས་པ། སེམས་ཀྱི་དབྱངས་སྙན་མོ།
ཚོར་བའི་མེ་ཏོག་དྲན་པའི་མཁའ་ན་བཞད།།
དྲན་པའི་ཆུ་མིག་ཡིད་ཀྱི་གཏིང་དུ་སིམ།།
ཡིད་སེམས་དམར་པོ་ཁྱེད་ཀྱི་ཕྱོགས་སུ་ཤོར།།
སེམས་ཀྱི་མེ་ཏོག སེམས་ཀྱི་དབྱངས་སྙན་མོ།
དྲན་པས་མནར་བའི་ཉིན་ཞག་འདི་དག་ནི།།
ལུས་ཀྱི་ཡན་ལག་ནད་ཀྱིས་གཙེས་པ་འདྲ།།
སེམས་ཀྱི་ཕྱི་ནང་གདོན་གྱིས་བཟུང་བ་འདྲ།།
སེམས་ཀྱི་ལྷ་མོ། སེམས་ཀྱི་དབྱངས་སྙན་མོ།
མུན་པའི་སྨག་རུམ་མཁའ་རུ་འཁྲུགས་པ་ན།།
ཟླ་བ་འདྲ་བའི་ཁྱེད་ཀྱི་ཞལ་རས་དྲན།།
ཞལ་རས་དཀར་པོ་ཡིད་ཀྱི་དྲན་རྟེན་ཡིན།།
སེམས་ཀྱི་ཟླ་བ། སེམས་ཀྱི་དབྱངས་སྙན་མོ།
ཁེར་རྐྱང་འཚོ་བའི་གྲུ་ཟུར་རེ་རེ་ན།།
དྲན་པས་མནར་བའི་ལོ་རྒྱུས་རེ་རེ་ཡོད།།
ལོ་རྒྱུས་རེ་རེ་ཁྱེད་ཀྱི་མཛེས་སྡུག་ཡིན།།
སེམས་ཀྱི་དྲན་རྟེན། སེམས་ཀྱི་དབྱངས་སྙན་མོ།
ཚོར་བས་དཀྲིས་པའི་ཡིག་འབྲུ་རེ་རེ་ནི།།
དྲན་པས་གདུང་བའི་སྒྲུང་གཏམ་རེ་རེ་ཡིན།།
སྒྲུང་གཏམ་རེ་རེ་ཁྱེད་ཀྱི་སྙིང་གཏམ་ཡིན།།
སེམས་ཀྱི་དྲན་ཤིང་། སེམས་ཀྱི་དབྱངས་སྙན་མོ།
རྨི་ལམ་འདྲ་བའི་འཁྲུལ་བའི་འཇིག་རྟེན་ན།།
འཁྲུལ་བ་ཙམ་ལས་བདེན་པ་མ་མཆིས་ཀྱང་།།
ཁྱེད་ལ་དུང་བའི་འཁྲུལ་འདི་སྐྱིད་པོ་རེད།།
སེམས་ཀྱི་རྨི་ལམ། སེམས་ཀྱི་དབྱངས་སྙན་མོ།
《མི་རིགས》དུས་དེབ་ཏུ་བཀོད།
༈ འཁོར་བ་དང་རྨི་ལམ་གྱི་ལེའུ།
རྨི་ལམ་ལྟ་བུའི་མི་མཇེད་འཇིག་རྟེན་གྱི་ཁམས་ན།།
སྐྱེ་འགྲོ་ཇི་སྙེད་སྐད་ཅིག་དགའ་བདེ་ཡི་ཆེད་དུ།།
འཁྲུལ་སྣང་བཙན་པོའི་ལས་ཀྱི་བཀོད་སྒྲིག་གི་འོག་ན།།
ཞེ་སྡང་ལ་སོགས་ཉོན་མོངས་སྣ་ཚོགས་ཀྱིས་མནར་ཏེ།།
སྲིད་པའི་འཁོར་བ་སྡུག་གི་རྒྱ་མཚོ་ཡི་གྲོང་ན།།
ཐར་བའི་ལམ་མཆོག་མི་ཚེའི་རྨི་ལམ་དུ་སྒོམ་གྱིན།།
ཅི་བྱས་ཐམས་ཅད་རང་དོན་འབའ་ཞིག་ཏུ་བསམ་སྟེ།།
གཞན་གྱི་བདེ་སྡུག་ཤེས་པའི་ལག་མཐིལ་དུ་མི་ཤོང་།།
བདག་གོ་སྙམ་པའི་འཛིན་པ་འཁྲུལ་བ་རུ་མི་རྟོགས།།
བདག་གི་སྙམ་པའི་གཟུང་བ་ཟག་བཅས་སུ་མི་ངེས།།
འཇིག་རྟེན་ཆོས་ཀུན་རྟག་མིན་འདུས་བྱས་སུ་མི་ཤེས།།
བྱས་ཚད་ཐམས་ཅད་རང་ཉིད་གཅིག་པུ་ཡི་ཆེད་ཡིན།།
དོན་གྱི་དགོས་པ་འདི་ཞེས་དམིགས་ས་ཞིག་མེད་ཀྱང་།།
ཉིན་མཚན་ཀུན་ཏུ་འཁོར་བའི་ལས་བྱ་རུ་ཞུགས་ཏེ།།
དགེ་དང་མི་དགེའི་ལེགས་ཉེས་དབྱེ་བ་ཡང་མེད་པར།།
རྨོངས་པའི་རྗེས་སུ་ཤུགས་ཀྱིས་སྙེག་པ་དེ་མཚར་རོ།།
ཆགས་སྡང་སེམས་ཀྱིས་དགྲ་གྲོགས་ཉེ་རིང་དུ་དབྱེ་ཞིང་།།
འཁྲུལ་བའི་སེམས་ཀྱིས་བཟང་ངན་སྣ་ཚོགས་སུ་བགོ་བ།།
འཇིག་རྟེན་མི་རྣམས་འཁོར་བར་ལྟུང་ལུགས་ཤིག་ཡིན་ལ།།
འཁོར་བའི་གཏིང་དུ་ཡུན་རིང་ལུས་རྐྱེན་ཡང་འདི་ཡིན།།
རྨི་ལམ་ལྟ་བུའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ།།
སྒྱུ་མ་ལྟ་བུའི་ཆོས་ཀུན་འཁྲུལ་སྣང་གི་འབྱུང་གཞི།།
འཁྲུལ་བ་ལྟ་བུའི་རྨི་ལམ་བདག་ཅག་གི་ལས་དབང་།།
བདག་ཅག་ལྟ་བུའི་ལས་ངན་སྙིང་རྗེ་ཡི་གནས་སོ།།
《མཚོ་སྔོན་བོད་ཡིག་གསར་འགྱུར》དུ་བཀོད།
༈ མཚན་མོའི་ཁེར་ལབ།
མུན་པ་རབ་རུབ་ཟླ་འོད་མག་མོག།
སྤྲིན་པ་ཐར་ཐོར་སྐར་ཚོགས་ཆལ་ཆིལ།།
རླུང་བུ་ཤག་ཤག་ཆར་བ་ཟམ་ཟིམ།།
སེམས་འགྱུ་ཐན་ཐུན་སྐད་ཆ་ཁྲལ་ཁྲོལ།།
ལྷིང་འཇགས་འཚོ་བའི་གནས་མལ་དེ་ན།།
ཁེར་རྐྱང་ཟེར་བའི་ན་ཟུག་དམར་པོ།།
ན་ཟུག་རྒོད་པའི་གཡས་གཡོན་དེ་ན།།
དྲན་པ་ཞེས་པའི་མདའ་མོ་སྐྱེན་པོ།།
རི་བོ་མཐོན་པོའི་རྒྱབ་ལོགས་དེ་ན།།
ཆུ་བོ་ཆེན་པོའི་ཕ་རོལ་དེ་ན།།
དྲན་པ་འཕྲོ་སའི་མེ་ལོང་གནས་ཡོད།།
སྣང་བ་ཤོར་སའི་མེ་ཏོག་བཞད་ཡོད།།
སེམས་ཀྱི་རྟ་ཕོའི་བང་རྩལ་རྒོད་པས།།
དྲན་པའི་གློག་ཞགས་འཁྱུག་རྩལ་མྱུར་བས།།
ལེ་དབར་སྟོང་གི་རྩྭ་ཐང་བརྒལ་སོང་།།
ཨ་སྔོན་དགུང་གི་མུན་པ་བརྟོལ་སོང་།།
རྟིང་གི་གློག་འོད་ཆེམ་ཆེམ་འཕྲོ་ཡང་།།
འོག་གི་མལ་ཁྲི་ནེམ་ནེམ་འགུལ་ཡང་།།
ན་ཟུག་དམར་པོ་ལྷོག་ལྷོག་འཕྱུར་གི།
དྲན་གདུང་མེ་ལྕེ་ལྷབ་ལྷུབ་འབར་གི།
སུ་ཞིག་དྲན་པའི་སྒོ་མོར་འཛུལ་ན།།
གང་ཞིག་ཡིད་ཀྱི་གཏིང་ལ་བྱུང་ན།།
དེ་ལ་བརྩེ་བའི་འོ་ཆུ་ལོས་ལྡུད།།
དེ་ལ་གཏན་གྱི་འདུན་མ་ལོས་སྦྱིན།།
རྨི་ལམ་ཞིག་གི་ཐང་ཆེན་ཉུལ་དུས།།
མེ་ཏོག་འཐུ་རོགས་ཡོད་ན་བསམ་བྱུང་།།
དྲན་པ་ཞིག་གི་མཁའ་ལམ་གཤེགས་དུས།།
སྐར་ཚོགས་རྩི་རོགས་ཡོད་ན་བསམ་བྱུང་།།
《ཁམས་པའི་ཚགས་པར》དུ་བཀོད།
༈ བདེ་སྐྱིད་ཀྱི་གསང་གྲངས།
གང་ཞིག་ཚེ་སྲོག་ལྡན་པའི་འགྲོ་བ་དག།
གང་ཚེ་སྲིད་པའི་ཁམས་སུ་འཁྱམ་པ་ནས།།
གང་ལ་བདེ་བ་ཡོད་ན་དེ་རུ་འདུར།།
གང་ན་སྡུག་བསྔལ་ཡོད་ན་དེ་དང་གྱེས།།
བདེ་བ་དོན་དུ་གཉེར་འདོད་མང་ན་ཡང་།།
བདེ་བའི་དེ་ཉིད་ཤེས་མཁན་ག་ཙམ་གདའ།།
སྡུག་བསྔལ་འདོར་འདོད་བསམ་པ་ཡོད་ན་ཡང་།།
སྡུག་བསྔལ་སྐྱེད་བྱེད་རྟོགས་མཁན་ཅི་ཙམ་འདུག།
བདེ་བ་བདེ་བ་ཟེར་བཞིན་འདུར་ན་ཡང་།།
སྡུག་གི་མཚོ་མོར་མཆོངས་བའི་ལོ་རྒྱུས་མང་།།
སྡུག་བསྔལ་སྡུག་བསྔལ་ཟེར་བཞིན་སྡང་ན་ཡང་།།
བདེ་བ་རྨང་ནས་བཅོམ་པའི་གཏམ་རྒྱུད་ཡོད།།
བདེ་བ་རྒྱུ་དང་དངུལ་ལོར་བརྩི་མཁན་མང་།།
བདེ་བ་ཐོབ་དང་གོ་སར་འཇོག་མཁན་མང་།།
བདེ་བ་བརྩེ་དུང་གསོན་པོར་བརྩི་མཁན་མང་།།
བདེ་བ་ཕྱི་རོལ་ཡུལ་ལ་བཅོལ་མཁན་མང་།།
རྒྱུ་སོགས་ནོམ་པའི་ཆེད་དུ་གཞན་སྲོག་འདོར།།
ཐོབ་དང་གོ་སའི་སླད་དུ་རྒྱུ་འབྲས་སྣོག།
བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་ན།།
མཐར་ཐུག་བདེ་བ་གཅིག་ཀྱང་ཡོད་རེ་སྐན།།
ཕྱི་རོལ་ཡུལ་ལ་ཆགས་པའི་འདོད་པ་དང་།།
གསོད་པའི་དགྲ་བོར་འཁོན་པའི་ཞེ་སྡང་སོགས།།
རང་ཉིད་བདེ་བར་འདོད་ལས་བྱུང་མོད་ཀྱང་།།
དོན་དུ་བདེ་བར་གནས་པ་གང་ཞིག་མཆིས།།
རྙེད་པ་ཅི་ཙམ་མང་ཡང་སྡུག་བསྔལ་ཞིག།
གོ་གནས་ག་ཙམ་མཐོ་རུང་སྡུག་བསྔལ་ཞིག།
གྲགས་པ་ཇི་ལྟར་འབར་ཀྱང་སྡུག་བསྔལ་ཞིག།
བརྩེ་བ་གང་ལྟར་དམ་རུང་སྡུག་བསྔལ་ཞིག།
ཡུལ་ན་གཏན་གྱི་བདེ་བ་ཡོད་མ་ཡིན།།
སྲིད་ནས་དོན་གྱི་བདེ་སྐྱིད་རྙེད་མི་འགྱུར།།
གང་ཞིག་བདེ་བར་འདོད་ཀྱང་སྡུག་བསྔལ་བ།།
གཟུང་བ་ཡུལ་ན་གནས་པའི་བདེ་བ་ཡིན།།
བདེ་དང་སྡུག་ཅེས་སེམས་ཀྱི་ཚོར་བ་ཀུན།།
སེམས་དང་སེམས་བྱུང་གིས་ནི་བསྐྱེད་པ་སྟེ།།
གང་ཚེ་སེམས་ཁམས་སྙོམ་ན་བདེ་བ་དང་།།
ནམ་ཞིག་སེམས་པ་འཁྲུགས་ཚེ་སྡུག་བསྔལ་ལོ།།
ཀུན་གྱིས་བཙོག་པར་འཛིན་པའི་ཕག་ཁང་ཡང་།།
སྤྲོ་སྣང་ལྡན་པའི་བློ་ངོར་མཆོད་ཁང་དང་།།
ཧ་ཅང་གཙང་མར་རློམ་པའི་གསེར་ཁང་ཡང་།།
སྐྱོ་སྣང་ཅན་གྱི་སྣང་བར་ཕག་ཁང་ཡིན།།
འདི་ནི་བདེ་ཞེས་འཛུམ་མདངས་སྟོན་པ་དང་།།
དེ་ནི་སྡུག་ཅེས་ཐོད་གཉེར་བསྡུ་བ་གཉིས།།
སེམས་ཀྱི་འགྱུ་བག་ཁོ་ནའི་དབང་གྱུར་སྟེ།།
ནང་གི་འགྱུར་བ་ཉམས་སུ་དོད་པ་ཙམ།།
བདག་གོ་བསམ་པའི་བདག་འཛིན་ལྟ་བ་དང་།།
བདག་གི་སྙམ་པའི་གཟུང་བ་གཅེས་པ་སོགས།།
སྡུག་བསྔལ་ཀུན་གྱི་རྩ་བའི་རྩ་བ་སྟེ།།
རྩ་བ་སྤངས་པར་ཡལ་ག་རྒྱས་མི་སྲིད།།
འདོད་པ་ཆུང་ཞིང་ཆོག་ཤེས་མ་དོར་ཅིང་།།
གཞན་ལ་བྱམས་ཤིང་རང་ཉིད་བདེན་གནས་དང་།།
འཛིན་པ་འབུར་འཇོམས་བྱེད་པ་གང་དེ་དག།།
བདེ་ནས་བདེ་བར་གནས་པའི་ཐབས་དམ་པ།།
《གཞིས་ཀ་རྩེ་ཉིན་རེའི་ཚགས་པར》དུ་བཀོད།
༈ ཟླ་འོག་གི་སེམས་འགྱུ།
བསིལ་རླུང་དལ་གྱིས་ལྡིང་བ་རྣ་བར་འཇགས།།
ཆུ་བོ་འཕྲེད་ཀྱིས་བཞུར་བ་ཡིད་ལ་སིམ།།
ཟླ་འོད་ཆེམ་ཆེམ་འཕྲོ་བའི་མར་ཞབས་ན།།
སེམས་ཀྱི་འགྱུ་བག་རྒོད་པོ་གང་སར་རྩེན།།
དགུང་ན་ཟླ་བ་དཀར་པོ་ཁེར་བཞུད་རེད།།
འོག་ན་བདག་སེམས་རྒོད་པོ་ཁེར་འདུར་རེད།།
ཐམས་ཅད་རྨི་ལམ་དག་ཞིང་འགྲིམ་པའི་དུས།།
ང་དང་ཟླ་བ་དཀར་པོ་ཁེར་འགྲོ་རེད།།
སེམས་འདི་བཙན་དང་གདོན་གྱིས་བཟུང་བ་བཞིན།།
གང་ལ་བཏགས་ཀྱང་གང་ནས་འཆོར་འགྲོ་བས།།
གཟུགས་མེད་རྣམ་ཤེས་རྒོད་པོའི་རྩེད་འཇོ་ལ།།
སུ་ཡིས་བལྟས་ཀྱང་འདི་ཞེས་བཤད་ཐབས་བྲལ།།
དྲན་པ་འདི་ཀོ་ཡུན་ཐུང་རྨི་ལམ་བཞིན།།
སེམས་པ་འདི་ཀོ་མི་རྟག་གློག་འགྱུ་ལྟར།།
སྐབས་རེར་དགའ་མའི་པང་ན་རྩེན་གྱིན་འདུག།
ལན་རེར་ཆོས་ཀྱི་སྒོ་མོ་བསམ་གྱིན་འདུག།།
མཚན་ལམ་རིང་མོ་ཟླ་བའི་བཞུད་ལམ་རེད།།
སེམས་འགྱུ་རྒོད་པོ་རྟོག་པ་འཕྲོ་ལུགས་རེད།།
ཟླ་འོད་འོག་གི་སེམས་ཀྱི་འགྱུ་བག་དེ།།
གང་ནས་འབྲི་ཞིང་གང་ནས་མཇུག་བསྡུ་བྱ།།
༈ འཁོར་བ།
ལས་ཉོན་མ་སྤངས་གང་ཇི་སྙེད།།
འཁོར་བར་འཐམ་པའི་འཁོར་བ་པ།།
འཁོར་བར་གནས་པ་གང་ཇི་སྙིད།།
ལས་དང་ཉོན་མོངས་པ་ཡི་གཡོག།
ཡུལ་ལ་ཆགས་པའི་འདོད་པ་དང་།།
དགྲ་ལ་འཁོན་པའི་ཞེ་སྡང་སོགས།།
ཐར་ལམ་གཅོད་པའི་སྟ་རེ་སྟེ།།
འཁོར་བར་འཕེན་པའི་ལག་ཆ་ཡིན།།
བདག་གོ་སྙམ་པའི་འཛིན་པ་དང་།།
བདག་གི་བ་ཡི་གཟུང་བ་གཉིས།།
སྡུག་བསྔལ་འབྱུང་བའི་རྩ་བ་སྟེ།།
བདེ་སྐྱིད་བཅོམ་པའི་ཐོ་བ་ཡིན།།
ཆོག་ཤེས་མེད་པའི་བརྣབ་སེམས་དང་།།
བྱང་སེམས་བྲལ་བའི་གདུག་རྩུབ་སོགས།
དམྱལ་བར་ལྟུང་བའི་རྨང་རྡོ་སྟེ།།
དག་ཞིང་འཕྲོག་པའི་ཆོམ་རྐུན་ཡིན།།
གང་ཞིག་བདེ་བར་ཆགས་ན་ཡང་།།
མ་རིག་པ་ཡིས་སྡུག་ལ་བསྐྱལ།།
གང་ཞིག་སྡུག་ལས་གྱེས་འདོད་ཀྱང་།།
དེ་རྒྱུ་མ་སྤངས་སྔར་བཞིན་ཕོངས།།
གང་ཞིག་གང་ལ་འཚེ་བ་དེ།།
ཉོན་མོངས་པ་ཡིས་བདས་པའོ།།
གང་ཞིག་གང་ལ་ཆགས་པ་ཡང་།།
ཉོན་མོངས་པ་ཡིས་དཀྲིས་པའོ།།
འཁོར་བའི་དཀྱིལ་དང་མཐའ་ཀུན་དུ།།
གཏན་གྱི་བདེ་བ་གཅིག་ཀྱང་མེད།།
བདེ་བའི་གོ་འཕང་གཏན་རྙེད་པ།།
འཁོར་བར་མ་བྲལ་གཅིག་ཀྱང་མེད།།
《རྔ་བའི་གསར་འགྱུར》དུ་བཀོད།