ཀྲུང་གོ་བོད་ཀྱི་དྲ་བ།

དམ་པའི་མཛད་བཟང་དང་གསུང་གི་ཉིང་བཅུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་རིག་པའི་རལ་གྲི   སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190222113201.jpg

བདེ་ལེགས་རིག་པའི་རལ་གྲི་ནི་ཕྱི་ལོ་(༡༩༩༢)ལོར་ཡུལ་ཤུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཀྱི་ས་ལམ་དང་སྤྱི་དོན། ཕྱག་ཆེན་དང་རྫོགས་ཆེན། འཁོར་འདས་དབྱེར་མེད་དང་གཞན་སྟོང། སུམ་རྟགས་སྙན་ངག  ལྷག་པར་བོད་སྔ་ཕྱིའི་ཆོས་བརྒྱུད་རྣམས་ཀྱི་གཞུང་ལུགས་སྤྱི་དང་རྒྱ་གར་གྱི་གཞུང་ཆེན་སོགས་ལ་ཐོས་བསམ་བྱས་ཤིང་། ད་ལྟ་དགེ་རྒན་གྱི་ལས་རིགས་གཉེར་བཞིན་ཡོད།

 བརྩམས་ཆོས་ལ། <དོགས་དཔྱོད་སེམས་ཀྱི་རླབས་སྒྲ།> <དབུ་མའི་བསྟན་བཅོས་ལྟ་བའི་ཐེམ་སྐས།> <དབུ་མའི་དཀའ་འགྲེལ་ས་དགེ་ལྟ་བ་གཅིག་སྒྲུབ།> <དབུ་ཕར་ཚད་གསུམ་གྱི་དྲིས་ལན།> ཟབ་དོན་དབུ་མའི་རྣམ་བཤད།> སོགས་ཡོད། 




ཕ་མའི་ལག་ནས་ཟན་གོས་མ་བསླངས་ཤིང་།།

མཛའ་གྲོགས་འཛུམ་ལ་རེ་བས་མ་བལྟས་པར།།

ཚེ་འདིའི་སོ་ཚིས་ལས་རྣམས་རབ་དོར་ནས།།

དབེན་པའི་གནས་སུ་གཅིག་པུར་བཞུད་དེ་རྨད།།


མི་དབང་གང་གི་འབངས་སུ་གྱུར་པ་ན།།

དེ་ཡི་ཁྲིམས་ལ་ལེགས་པར་གནས་དགོས་ལྟར།།

དམ་པ་གང་ལ་སྐྱབས་སུ་སོང་བ་ན།།

དེ་ཡི་བསླབ་བྱ་དག་ཀྱང་གཙི་དགོས་གསུངས།།


གཅོང་དང་གཡང་ས་ཟབ་པའི་ལྷུན་པོའི་སྤོར།།

དཀར་གཙང་ཁ་བ་བབས་འདྲའི་དད་པ་ནི།།

གཡོ་ཟོལ་ཟོག་ཁྲོམ་འདྲེས་པའི་བློ་ཡིན་ཕྱིར།།

དེ་འདྲ་དེ་ཡིས་ཅི་ཡང་མི་ཕན་གསུངས།།


གསོད་སར་ཁྲིད་པའི་ཕྱུགས་དང་ལམ་ཞུགས་འགྲོན།།

མྱུལ་བར་འགྲོ་ཞིང་ཕྱིར་ཟློག་མེད་པ་བཞིན།།

ལས་ཉོན་དབང་གིས་བྱུང་བའི་འོ་སྐོལ་ཡང་།།

མྱུལ་བར་འཆི་བས་མི་རྟག་བསྒོམ་དགོས་གསུངས།།


སྤྱིར་ན་ཉོན་མོངས་གཞོམ་དགོས་ཁྱད་པར་དུ།།

འཆི་ཁར་དེ་ཡིས་དབང་དུ་མ་སོང་བར།།

དགོས་ཏེ་གཞན་དུ་མྱ་ངན་མེད་པ་བཞིན།།

འགྱུར་བས་དེ་ལ་བག་ཡོད་དགོས་ཞེས་གསུངས།།


ཁ་སྦུབ་ཞབས་རྡོལ་དྲི་མ་ཅན་རྣམས་ནི།།

ཤེས་རབ་གསུམ་ལ་སྦྱར་བའི་གནས་དེ་ཀོ།།

ཧྭ་ཤང་ལྟ་བ་དགག་པའི་གནད་མཐོང་བས།།

ཚུལ་དེར་ཕྱག་རྫོགས་སྨྲ་བས་གཟིགས་པར་རིགས།།


ཁྲོམ་ནས་ཕ་དང་སྟོར་བར་དོགས་པ་ཡིས།།

བྱིས་རྣམས་ཕ་ཡི་ཐུ་གཤམ་འཇུས་པ་བཞིན།།

དམ་པའི་བཤེས་དང་འབྲལ་བར་མེད་པའི་ངང་།།

ལུས་ངག་ཡིད་ཀྱིས་བཀུར་བསྟི་བྱེད་དགོས་གསུངས།།


སྒོ་ང་མ་ཡི་དྲོད་ལས་བརྡོལ་བ་དང་།།

བུ་ཆུང་མ་ཡི་དྲོད་ལས་མཚར་བ་ལྟར།།

དམ་པའི་བཤེས་ལ་སྙིང་ནས་གུས་པ་རྣམས།།

ལེགས་ཚོགས་ཡོན་ཏན་རྣམས་ནི་རྒྱས་ཞེས་གསུངས།།


འོན་ཏང་རིང་ཐུང་ཐག་ལ་མི་ལྟོས་པར།།

མོས་གུས་ཡོད་ན་བྱིན་བརླབས་འབྱུང་བ་དང་།།

དད་གུས་མེད་པའི་གཡག་འགྲོགས་ལྟ་བུ་ནི།།

བཤེས་དང་སྦྲེལ་ཡང་ཕན་པ་དཀའ་ཞེས་གསུངས།།


སྐྱེ་དང་འཆི་བ་བརྩིགས་དང་འཇིག་པ་དང་།།

འདུས་དང་བྲལ་བ་བསགས་དང་འཛད་པ་སོགས།།

རྒྱུ་འབྲས་གནས་ལུགས་གཤིས་སུ་གོ་བ་ན།།

ཚེ་འདིའི་སྣང་ཤས་ལྡོག་ཅེས་གསུངས་པ་མད།།


འཇིག་རྟེན་ལ་དགའ་སྐྱེ་འཆི་འཇིགས་པ་དང་།།

སྐྱེ་འཆི་མི་འཇིགས་སྐྱབས་འགྲོ་ཡོད་ཅེས་དང་།།

འདོད་པ་མ་སྤངས་སྒོམ་ཆེན་ཡིན་པ་དང་།།

ལས་འབྲས་མི་ཤེས་ལྟ་བ་རྟོགས་པ་དང་།།

སྲིད་པའི་གཡང་ས་མ་སྤངས་སངས་རྒྱས་ཏེ།།

འདི་དག་རྫུན་དུ་འགྲོ་བ་ཡིན་ཞེས་གསུངས།།


མ་བསྒོམས་སངས་རྒྱས་མི་འོང་གསུངས་པ་དང་།།

དམ་ཚིགས་མ་ཉམས་དམྱལ་བར་མི་འགྲོ་དང་།།

ཐབས་དང་བྲལ་ན་དམན་སར་ལྟུང་བ་དང་།།

ལྟ་སྤྱོད་ཡ་བྲལ་ལོག་ལམ་གྱུར་པ་དང་།།

རང་བཞིན་གཤིས་ལ་དྲི་མས་མ་གོས་ཏེ།།

འདི་དག་བདེན་དུ་འགྲོ་བ་ཡིན་ཞེས་གསུངས།།


མ་བསྒོམས་སངས་རྒྱས་འགྲོ་བའི་མན་ངག་འགའ།།

བདུད་འཇོམས་ཡབ་སྲས་རྣམས་ཀྱི་གསུང་རབ་ཏུ།།

ཡོད་ཀྱང་དགོས་དང་དགོངས་པ་མི་འདྲ་བས།།

རྫོགས་ཆེན་སྨྲ་བ་རྣམས་ཀྱིས་ཤེས་པར་གལ།།


དོན་མེད་ལྔ་དང་གདམས་པ་བརྒྱད་ལ་སོགས།།

སྤང་བླང་རྣམ་གཞག་དག་ལ་བྱན་ཚུད་དེ།།

རྟོགས་མྱོང་གདེང་གསུམ་ལྡན་པའི་བླ་མའི་མདུན།།

ཐོས་དང་བསམ་པས་སྡུག་བསྔལ་ཐེག་དགོས་གསུངས།།


གསུམ་དུ་འགྲོགས་ན་རྩོད་པ་འབྱུང་བ་དང་།།

གཉིས་སུ་གནས་ན་ཉོན་མོངས་འཕེལ་ངེས་པས།།

གཅིག་པུར་བསྡད་ནས་ཕྱག་རྫོགས་དབུ་མའི་གནད།།

དད་དང་བརྩོན་པས་ངལ་བ་བསྲན་དགོས་གསུངས།།


དགེ་སྦྱོང་དག་ནི་སོ་གསོད་མ་ཤོར་ཞིང་།།

ཆོས་ཤེས་ཚིག་གི་ཐོག་ཏུ་མ་ལུས་ལྷན།།

རྟོགས་པ་གོ་ཡུལ་ཙམ་དུ་མ་སོང་བར།།

ཐོས་དོན་ཉམས་སུ་ལེན་པའི་ཚུལ་དེ་གསུངས།།


འཚོང་དང་རྨེ་དང་སྟོར་དང་རེ་བ་དང་།།

རྒྱུག་དང་མཁས་པ་བཞིན་དུ་མ་སོང་བར།།

སྒྲོ་སྐུར་བྲལ་ཞིང་མདོ་སྔགས་ཟུང་འཇུག་དང་།།

སྣང་སྟོང་ལྟ་སོགས་ཇི་བཞིན་རྟོགས་དགོས་གསུངས།།


དང་པོ་འཛིན་པའི་དབང་དུ་མ་སོང་ཞིང་།།

བར་དུ་བསྒོམས་པས་སུན་དུ་མ་སོང་བར།།

ཐ་མ་ལྟ་བ་གོལ་སྒྲིབ་མ་སོང་ངང་།།

ཐོས་དོན་བསམ་ཞིང་བསམ་དོན་བསྒོམ་དགོས་གསུངས།།


གདམས་ངག་མང་པོ་བསོགས་ན་བཟང་མོད་ཀྱང་།།

གང་ལ་བློ་གཏད་མེད་པར་འགྱུར་སྲིད་པས།།

གདམས་ངག་ཇི་ཙམ་ཐོས་པ་དེ་ཙམ་དུ།།

བློ་གཏད་ཆོད་པོ་ཡོད་པར་བྱེད་དགོས་གསུངས།།


སྣང་བ་སེམས་དང་སེམས་ནི་སྟོང་བ་རུ།།

རྟོགས་ན་ཕྱི་ནང་སྒྲོ་འདོགས་ཆོད་པ་དང་།།

སྟོང་པ་གཉིས་མེད་གཉིས་མེད་རང་གྲོལ་དུ།།

ཤེས་ན་གསལ་དང་དེ་ཉིད་ཆུད་པར་གསུངས།།


ཀུན་རྫོབ་ཆོས་རྣམས་ཁྱད་དུ་མ་གསད་ཅིང་།།

སྟོང་རྐྱང་ཙམ་ལ་ཞེན་པ་མ་ཆེ་བར།།

སྣང་སྟོང་ལྟ་ལ་གདེང་དང་ལྡན་གྱུར་ན།།

མི་ཚེ་དོན་ལྡན་ཞེས་པ་དེ་ཡིན་གསུངས།།


སྒེའུ་ཁུང་བྱང་དུ་བསྟན་ནས་ཉི་འོད་ལ།།

རེ་བའི་བློ་བཞིན་ནམ་ཡང་མ་སོང་བར།།

ལྟ་སྒོམ་སྤྱོད་པའི་ཉམས་ལེན་བཟང་པོ་ཡིས།།

མི་ཚེ་དོན་དང་ལྡན་པར་བྱེད་དགོས་གསུངས།།


འཇིག་རྟེན་ཆོས་ལ་ངེས་པར་མ་འབྱུང་ཡང་།།

ཆོག་ཤེས་ཡོན་ཏན་རྟག་ཏུ་བསླབ་པར་བྱ།།

དེ་ནི་དབུལ་ཕྱུག་ཀུན་གྱི་མཛའ་བཤེས་ཏེ།།

གང་གིས་བརྟེན་ན་མི་ཚེ་བདེ་ཞིང་སྐྱིད།།


བདག་གཞན་མགོ་སྙོམས་བལྟ་བར་མ་ནུས་ཀྱང་།།

འཚེ་མེད་བསམ་པ་རྟག་ཏུ་བསླབ་པར་བྱ།།

དེ་ནི་མཐོ་དམན་ཀུན་གྱི་མཛའ་བཤེས་ཏེ།།

གང་གིས་བརྟེན་ན་འདི་ཕྱི་དགའ་ཞིང་སྤྲོ།།


འཁོར་འདས་གདོད་ནས་སྟོང་བར་མ་ཤེས་ཀྱང་།།

གུ་ཡངས་བློ་ལ་རྟག་ཏུ་བསླབ་པར་བྱ།།

དེ་ནི་མཁས་བླུན་ཀུན་གྱི་མཛའ་བཤེས་ཏེ།།

གང་གིས་བརྟེན་ན་སྔ་ཕྱི་བཟང་ཞིང་དགེ།

༢༠༡༩/༢/༥/ཉིན་ཟུར་ཆུང་བའི་ལེགས་བཤད་རྣམས་མཇལ་བའི་མྱོང་ཚོར་དང་ལོ་སར་ལ་ལེགས་སྐྱེས་ཀྱི་དོད་དུ་བདེ་ལེགས་རིག་པའི་རལ་གྲི་རུ་འབོད་པས་བྲིས་པ་དགེའོ། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།