སྤོས་ལྡན་ནས་ལོ་སར་དྲན་པ།

ལོ་གསར་ཚེས་གཅིག་ཐེངས་ཤིག་དྲན་པ་ཡིས། །

བྱིས་པའི་དུས་ཀྱི་མངར་ཁ་སྐྱུར་གསུམ་དྲན། །

ཧ་ཅང་སྐྱིད་སྣང་འདྲ་བའི་ལོ་གསར་གྱི། །

འདྲ་མིན་ཀ་ར་སྡེར་ཁ་བཅོ་བརྒྱད་དྲན། །

ཡོད་ཡོད་ཡིན་ཡིན་འདྲ་བའི་ཁྱིམ་ཚང་གི། །

ཞིམ་མངར་ཟས་ཀྱི་སྡེར་ཁ་ལྕི་བ་དྲན། །

བུ་མོ་གནས་ལ་འགྲོ་འདྲའི་ཤོམ་ཆེན་གྱི། །

མངར་ཆང་རྒུན་ཆང་འདྲ་མིན་འཐུང་བ་དྲན། །

འབྲོག་གི་བེའུ་ལུག་འཕེལ་ཁ་དར་བ་ཡི། །

ཟས་ལ་དཀར་གསུམ་འཛད་པ་མེད་པ་དྲན། །

ཟས་ཀྱི་མཆོག་གྱུར་བཅུད་ཀྱི་དྭངས་མ་ལ། །

བཙོས་ཤ་སྐམ་ཤ་སྡེར་ཁ་གང་བ་དྲན། །

བཟའ་མི་སྐྱིད་ཀྱིས་འཛོམས་པའི་གཡང་ཁྱིམ་གྱི། །

ཁ་གཡང་རྟེན་འབྲེལ་ལས་ཀྱི་མགོ་མ་དྲན། །

ཚེ་རིང་རྣམ་དྲུག་འདྲ་བའི་བཟའ་མི་ཡི། །

ཁ་དགེ་གཡང་འཁོར་སྐྱིད་དཔལ་འཛོམས་པ་དྲན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།