ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསར་ལ་ཕུལ་བའི་སྨོན་འདུན་གཙང་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ངང་སེར།   སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷག་བསམ་ཟླ་ཤེལ་དཀར་པོའི་ཟེགས་མ་ལས། །

ཕུན་ཚོགས་གཡང་དུ་འཁྱིལ་བ་འོ་མའི་མཚོ། །

སྨོན་འདུན་ལྦུ་དཀར་བརྩེགས་མའི་རླབས་ཕྲེང་གིས། །

སྙན་པའི་རང་སྒྲ་སྒྲོག་བཞིན་ལོ་གསར་བསུ། །

ཁ་བའི་ས་འཛིན་ཤེལ་གྱི་ཐོར་ཚུགས་ཅན། །

དབུ་འཕང་དགུང་སྔོན་མཐོན་པོའི་དབྱིངས་སུ་བསྙེག །

སྤྲེལ་ཚ་གདོང་དམར་པ་ཡི་གཞོན་སྐྱེས་ཚོ། །

དབང་ཐང་མཚོ་ལྟར་རྒྱས་པའི་རྟེན་འབྲེལ་ཞུ། །

ཞིང་འབྲོག་ཚན་རྩལ་ནེའུ་གསིང་མཚར་སྡུག་རྒྱས། །

དབྱངས་གསལ་མེ་ཏོག་འདབ་མ་ཕྱོགས་བརྒྱར་བརྡལ། །

འཚེ་མེད་བསམ་སྦྱོར་ཟིལ་མངར་བཅུད་དུ་སྨིན། །

འཛམ་གླིང་མཛེས་པའི་རྒྱན་དུ་འགྱུར་བར་ཤོག །

ནང་འཁྲུག་བདུད་ཀྱི་ལས་ངན་དབྱིངས་སུ་ཞི། །

ཕྲག་དོག་ཚེར་མའི་རྣོ་དབལ་རིམ་གྱིས་བརྡུགས། །

ངན་ཤེད་བསམ་བློའི་གུ་དོག་ངང་གིས་ཡངས། །

འཆམ་མཐུན་རྩ་བ་བརྟན་པའི་སྨོན་ལམ་ཞུ། །

སྤྱོད་བཟང་རིན་ཆེན་ཤེལ་གྱི་བུམ་པ་རུ། །

གུས་སྲོལ་ཡན་ལག་བརྒྱད་ལྡན་ཆུ་གཙང་བསྐྱིལ། །

ལྷག་བསམ་ཨུཏྤལ་དཀར་པོའི་ཡུ་བ་བརྟན། །

གངས་རིའི་གཟི་བརྗིད་ངོམ་པའི་རྒྱན་དུ་ཤོག །

ལུས་ལ་ཁྱད་ཆོས་ཅན་གྱི་གོས་བཟང་བཀླུབས། །

ངག་ལ་ཐ་སྙད་གཙང་མའི་ལྗགས་རྩལ་གཡོ། །

ཡིད་ལ་གཞན་ཕན་བྱམས་བརྩེའི་དྲོད་ཁོལ་ཆགས། །

རིགས་ཀྱི་རང་རྐང་ཚུགས་པའི་བཀྲ་ཤིས་ཤོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།