བསྡུས་བརྗོད་དབྱངས་ཀྱི་ཕོ་བྲང་།(མུ་འབྲེལ་སྙན་ངག་རིང་མོ།)

རྩོམ་རིག་སྤྱིའི་སྡིངས་ཆ་བླ་ན་མཐོ་བའི་དུས་རབས་ཤིག་གི་བ་དན་མངོན་པར་འཕགས་པའི་བཀྲ་ཤིས་བདེ་ལེགས་དང་ལྷན་ཏུ། བསྡུས་བརྗོད་སྙན་འགྱུར་གྱི་བག་དྲོ་ཅུང་ཟད་བག་འཁུམ་པའི་སྣང་ཚོར་རྣ་ནག་པ་བྱུང་སྟེ། སྣང་སེམས་ཟུང་དུ་ཞུགས་པའི་ངག་གི་བརྟུལ་ཞུགས་ལས་ལངས་ཏེ་བདེ་སྟོང་ཆོས་དབྱིངས་ཀྱི་རོ་མཉམ་ལ་མངའ་དབང་འབྱོར་བའི་གྲུབ་རྟགས་མངོན་དུ་གྱུར་ཕྱིར་ལྷོད་ཀྱིས་སྨྲས་པ།

ཁག་དང་པོ།

རབ་མཛེས་ཀེ་ལ་ཤ་ཡི་རྡུལ་བརྩེགས་དབུས།།

སྣང་སེམས་རོ་མཉམ་སྨུག་པའི་སྐ་རགས་དཀྲིས།།

བདག་ཡིད་གཤོག་པས་འཁྱུད་ཅིང་ནམ་མཁའ་ལ།།

སྙན་ཚིག་པི་ཝང་དཀྲོལ་བཞིན་ཡུད་ཙམ་འཕུར།།

བདེ་སྟོང་ངག་གི་རྩལ་ཆེན་མ་ཐོབ་ཅིང་།།

སྡེབ་སྦྱོར་རིག་པའི་དཔུང་ཤ་མི་རྒོད་མོད།།

ཚངས་དབྱངས་ངག་གི་ཡོན་ཏན་ཆུ་གཏེར་གྱི།།

ཆུ་ཐིགས་ཙམ་ཡང་རེག་ལ་སྐོམ་པས་གདུང་།།

དར་དིར་སྒྲ་ཡི་འདུ་བྱེད་ཀྱིས།།

སྣང་བའི་སྐོམ་པ་སེལ་བྱེད་ཅིང་།།

ཞི་ཁྲོའི་ཞལ་ཐང་རྙིང་བའི་ངོས།།

སེམས་ཀྱི་སྐུད་པ་རིང་དུ་སྤྱུགས།།

བར་སྣང་ཐོག་རེག་བྲལ་བ་ལ།།

སྒྱུ་མའི་འཇའ་གཟུགས་ཤར་འདི་ཀོ།

སྣང་སྲིད་ལྦུ་བའི་མེ་ཏོག་གི།

སྒྲེན་གཟུགས་ལ་ནི་གང་ཅི་སྲེད།།

ཀྱེ་མ་མིག་གི་འཐབ་མོ་ལས།།

བཟོད་མེད་བརྩེ་བའི་དུཿཁ་སྟེར།།

སྲིད་པའི་གཙང་བོ་སྐྱོམ་པ་ཡི།།

རླབས་ཀྱི་སྒྲ་ནི་ཇི་འདྲའི་སྙན།།

སྐྱེས་ཐོབ་སེམས་ཀྱི་ཀློང་ཡངས་སུ།།

སྣ་ཚོགས་པདྨའི་ཟེ་བ་འཐོར།།

དོན་དམ་པད་མའི་གེ་སར་ཉིད།།

གསང་བའི་ཕྱག་རྒྱ་གྲོལ་བ་ལས།།

མི་ཕྱེད་དགའ་བའི་སྙིམ་པ་ལ།།

ཡིད་འོང་ལྕུག་འདར་ལན་མང་བྱེད།།

སྲིད་པའི་གཏམ་རྒྱུད་དྲན་བྱེད་ཀྱི།།

སྒྱུ་མའི་ཁ་དོག་སྨུག་པོ་དག།

མིག་དང་ཡིད་ཡུལ་ལྷུང་ཙ་ན།།

རྣམ་པར་མ་ངེས་འཕྱང་མོ་ཉུག།

ཡིད་ཀྱི་རྦ་རླབས་འཕྱོ་བའི་གཟིས།།

ཚོར་བའི་དར་སྐུད་རབ་ཏུ་དཀྲོལ།།

སྣང་བ་སེམས་ཀྱི་འདུས་མདོ་ནས།།

སྣང་སེམས་མ་བུ་འཕྲོད་འདྲ་བྱུང་།།

ཕྱི་རོལ་ཀུན་ཏུ་རགས་པ་དང་།།

གཉུག་མ་དེ་བཞིན་ཉིད་ཀྱི་མདངས།།

ཅི་ཡང་འཆར་ལ་ཅི་མི་འཆར།།

མེ་ལོང་ངོས་ཀྱི་གཟུགས་དེ་བཞིན།།

སྒྱུ་མའི་ཕོ་བྲང་འཇིག་པ་དང་།།

བརྟན་གཡོའི་ལས་སྣང་གསལ་བ་ཡི།།

ཆག་འཇིག་རྡུལ་གྱི་གླང་བོ་ཆེ།།

ཇི་སྙེད་སུ་དག་ཀུན་གྱིས་ཞོན།།

རང་བྱུང་ཉི་ཟླའི་འཆར་ནུབ་ཀྱང་།།

རྩལ་ལྡན་ངག་ལ་རན་གྱུར་མོད།།

སྡེབ་སྦྱོར་ཚིག་གི་ལོ་མ་ཡིས།།

ནམ་དུའང་གླགས་ཙམ་རྙེད་མ་ཡིན།།

གཙུག་ལག་ཉི་མའི་ཟེར་ཕྲེང་གིས།།

བདེ་ཆེན་གཡུ་ཡི་མཎྡལ་དགོད།།

ལྷུན་གྲུབ་རིག་པའི་པད་ཚལ་དུ།།

ངག་གི་བཅུད་བཟང་ཆར་དུ་བསྙིལ།།

མཚན་མོའི་སྐར་མ་རེ་རེ་ཡི།།

འོད་ཀྱི་ཐེག་ལེ་མིག་གི་སྒོར།།

ཕོག་པའི་སྣང་བས་ཡིད་ཀྱི་གཏིང་།།

བསིལ་བའི་རེག་བྱས་གང་བར་བྱེད།།

པ་སངས་སེམས་ཀྱི་འཆར་སྒོ་རུ།།

རྣམ་པར་བཀྲ་བའི་སྐྱེ་མཆེད་ལྔ།།

རྫིང་བུའི་ཁ་རུ་གཡོ་བ་ཡི།།

ཞིམ་པའི་སྤོས་ཆབ་མྱོང་བར་བྱེད།།

པ་ཏྲའི་གཡུང་དྲུང་འཁྱིལ་བའི་དབུས།།

ནག་ནོག་སྤུ་ཤད་ལྡང་བ་ཡིས།།

མ་དག་སེམས་ཀྱི་ཟ་ཟུར་དུ།།

ཆང་གི་ལྦུ་བ་སབ་སོབ་འཕྱུར།།

དེ་ནི་སྣང་བ་འཕྲུལ་བའི་བརྙན།།

ཡིད་ཀྱི་སྐར་ཕྲན་འདར་བའི་སྟེང་།།

སྨིན་མ་འཁྱུག་པའི་ཟློས་གར་སྟེ།།

སེམས་པའི་ལོངས་སྤྱོད་དུ་བླངས་ནས།།

ངག་གི་སྒྲིབ་པ་རབ་བསལ་བའི།།

ཆུ་ཟླའི་དྭངས་གསལ་ཤེལ་གྱི་ངོས།།

ལང་ཚོའི་མཛེས་པ་ཁྱོད་ཀྱི་ངོར།།

ཡང་དག་ཚུལ་གྱིས་འཆར་ལགས་སམ།།

ཁག་གཉིས་པ།

གང་ཚེ་གདུང་བའི་ལྷགས་རླུང་ལས།།

དཔལ་ལྡན་ཁྲོ་གཉེར་བསྡུས་པའི་ཚེ།།

ས་ཆེན་ཡོམ་ཡོམ་འདར་བ་ཡི།།

ངལ་བའི་རྒྱུ་བ་ཅི་ཞིག་མཆིས།།

གངས་སྟོད་གངས་ལྷ་མེ་ཏོག་ནི།།

དུས་ཀྱི་སོ་ནམ་མི་དགོས་ཏེ།།

སྒེག་ལྡན་ཉི་ཟླའི་བང་རིམ་ནས།།

ཡིད་འོང་འདབ་མའི་གཤོག་འགྱུ་ལྡེམ།།

བསིལ་འཇམ་གངས་རླུང་རྒྱུ་བའི་ཆར།།

རིག་བྱེད་མཁན་གྱི་མགྲིན་པ་ལས།།

ཤུགས་འབྱུང་རྩལ་དང་ཆབ་ཅིག་ཏུ།།

སྙན་འཇེབས་དབྱངས་ཀྱི་བདུད་རྩི་འཇོ།།

འདི་སྣང་སྐྱེད་ཚལ་དྲི་ཟའི་གར།།

བདག་མགྲིན་རྒྱ་གླིང་ཁབ་ནས་རོལ།།

སྙན་པའི་ཐེག་པ་ལ་མོས་པའི།།

ཐོས་འཛིན་བཅུད་ལ་བཟི་སྣང་སྟེར།།

ཉམས་ཀྱི་སྣང་བ་སྤྲིན་ཕུང་ལས།།

མཁའ་དབྱིངས་སྨན་ཆར་འབྱུང་བ་ཡིས།།

རང་བྱུང་གཤིས་ཀྱི་ཚེ་སྲོག་ལ།།

མཛེས་པའི་སྣང་བ་ཅི་ཡང་སྟེར།།

སྒྱུ་འཕྲུལ་ལྷ་མོའི་མཛུབ་རྩེ་ཡི།།

རབ་གསལ་འོད་ཀྱི་གོང་བུ་དེ།།

སྨྲ་བསམ་བརྗོད་ལས་འདས་ནའང་།།

རབ་འབྱམས་ངག་གི་གདངས་ལས་རྙེད།།

ཁྱོད་ཀྱི་མིག་ནི་དག་པ་ལ།།

སྲིད་པའི་ནགས་ཚལ་སྟུག་པོ་ཡང་།།

ཡང་ཡང་བསལ་བའི་སེང་ལྡེང་གི།

ཡལ་འདབ་རྩེ་ན་མཆོང་ལྡིང་བྱེད།།

ཁྱོད་ཡིད་དཔག་བསལ་ལྗོན་པ་ཡི།།

བསྐལ་བའི་དཔག་ཚད་མཐའ་མེད་ཀྱི།།

བསིལ་གྲིབ་ཐུགས་རྗེའི་སྐྱིབས་ཀ་ནས།།

རང་སེམས་གསོ་བའི་གླིང་བུ་འབུད།།

ཁྱོད་ལུས་མིའམ་ཅི་ཡི་གཟུགས།།

མཚར་སྡུག་འབུམ་འཁྱུད་ལང་ཚོའི་དཔྱིད།།

དཔྱིད་དཔལ་དུས་ཀྱི་རྫིང་འགྲམ་ནས།།

གསང་ཆེན་དབྱངས་ཀྱི་རྒྱུད་མངས་དཀྲོལ།།

ཁྱོད་ཀྱི་ངག་ནི་ཚངས་པའི་གསུང་།།

འབྱམས་སུ་ཀླས་པའི་ཟབ་དོན་ལྡན།།

ཀུན་རྟོག་བཅིབས་པའི་གཅིག་པུ་བས།།

སྲིད་པའི་རྔ་ཆེན་ཡང་ཡང་རྡུང་།།

ཁག་གསུམ་པ།

ཨེ་མ་སྨུག་སྤྲིན་དུམ་བུར་ཆད།།

མཚམས་སྤྲིན་བླ་བྲེ་རི་སྒང་གཡོ།།

རྣམ་པར་མི་གཡོ་སེམས་ཀྱི་འགྲོས།།

སྣོད་བཅུད་བླ་ཁམས་འདར་ལ་ལྟོས།།

འདར་བའི་གཟུགས་དང་སྒྲ་དབྱངས་ཀྱིས།།

ཚུར་སྣང་གཤོག་པའི་མཐའ་བརྐྱངས་ཏེ།།

མ་བྲིས་ལྷན་སྐྱེས་ལང་ཚོའི་གཟི།།

རྨ་བྱའི་སྒྲོ་ཕྲན་འགུལ་བའི་བརྙན།།

སྣ་ཚོགས་ཡིད་ཀྱི་ཁང་བུར་སྡུད།།

མཚར་འཛིན་རྟོག་པའི་ངལ་བ་ཞི།།

གཡུ་ལོ་བཀོད་པའི་ནགས་མའི་སྐྱེད་ཚལ་དུ།།

ལྕུག་ཕྲན་ཚང་ཚིང་གསེབ་ཀྱི་འདབ་ཆགས་ཀྱེ།།

མི་སྙན་ཅ་ཅོ་སྒྲོག་པ་སྤངས་གྱུར་ནས།།

དུས་ཀྱི་ན་བཟའི་ཁ་དོག་ཅི་ཡིན་གསུང་།།

ངག་གི་གྲེ་བ་མ་སངས་གྱ་མ་གྱུ།།

ཚིག་གི་དོན་རིས་མ་དོད་སྣ་མ་སྣོག།

སེང་ལྡེང་ཡལ་འདབ་དབུས་མའི་སྡོང་བོ་རུ།།

ཐོས་གྲོལ་སྙན་པའི་ཅོང་སྒྲ་ལན་ཅིག་གསུང་།།

གཡོ་བའི་རླུང་ཆེན་སྔོན་མོ་ཡིས།།

སེམས་ཀྱི་སྨུག་པ་རིང་དུ་དེད།།

སྣང་སྟོང་སེམས་ཀྱི་ཕང་བ་རུ།།

སུ་ཡི་ལང་ཚོའི་གསང་རྣམ་མངོན།།

མ་རྙིང་པ་ཡི་ཟེའུ་འབྲུའི་བཅུད།།

སྦྲང་ཆུང་ལྕེ་ལ་བཞད་གྱུར་ཚེ།།

སྙན་ངག་མཁན་ཡང་ཡིད་འགྱུར་གྱིས།།

རབ་ཏུ་ཕྱུག་པའི་བཟོ་བོ་གནང་།།

རང་བྱུང་ངག་གི་གྲེ་འགྱུར་གྱིས།།

རྣམ་ཤེས་སྲོག་ཤིང་གསོ་བ་ལ།།

མི་སྣང་ཡིད་ཀྱི་འཁྲི་ཤིང་གི།

ལྗོན་བཟང་དུད་པའི་འབྲས་བུ་སྨིན།།

དུས་ཚིགས་སྐྱ་བོའི་བཤུལ་ལམ་དུ།།

དབྱངས་ཅན་ཀ་ལ་པིང་ཀ་ཡི།།

མགྲིན་པའི་རྩ་སྦུབས་ཉེར་དྲངས་ཏེ།།

རྒྱལ་ཁམས་ཡུལ་ལ་གཞས་གྱེར་ན།།

གཉུག་མ་འོད་གསལ་བདེ་བས་བཟི།།

འཁྲུལ་བའི་རྨི་ལམ་ཡལ་བར་འགྱུར།།

གཙང་འགྲམ་སྡོང་ལོར་སེར་ཐིག་ལྷུང་།།

ཕྱི་ནང་ཟུང་འཇུག་ངག་ལ་འཁྱིལ།།

འཁྱིལ་བའི་ཟུངས་ཁྲག་ཚིགས་སུ་བརྒྱུས།།

མི་ཤིག་སྐུད་པ་རང་གྲོལ་ཡིས།།

ཐོས་འཛིན་གསོ་བའི་ཡིད་འགྱུར་བསྐྱེད།།

མི་རྟག་པ་ཡི་གཟུགས་སྣང་ནི།།

སྣང་བའི་རོ་འཛིན་མ་བཅོས་པ།།

ཁྱབ་བརྡལ་འོད་ཟེར་བྱེ་བ་བརྒྱས།།

གང་ཞིག་མ་འདྲེས་རྣམ་པར་འབྱེད།།

བཅོ་ལྔའི་ཟླ་དཀར་ཁམ་གང་གིས།།

ས་ཆེན་ཧྲིལ་བོ་གསལ་བྱས་པ།།

སྒྲ་གཅན་ཡིད་ཀྱིས་མ་བཟོད་དེ།།

སྡང་བའི་ཞལ་ཁ་ཆེ་རུ་བགྲད།།

མ་བགྲོས་རླུང་ཆེན་ལྡང་དང་ལྷན།།

སྲིད་པའི་སྣང་བ་སྐད་ཅིག་ནུབ།།

ནུབ་མཐའི་སྐར་མ་ཡིབ་གྱུར་ཚེ།།

སྨག་མཚོའི་འགྲམ་ནས་མེ་སྒོང་གསོ།།

སྐྱེ་བོ་མཐའ་ཡས་གཅོམ་ཆུང་གིས།།

ཞལ་ཁ་རྒོད་ཅིང་ཀུ་ཅོ་འདོན།།

རྗེས་ཆགས་སྐྱོ་བའི་ན་བུན་འཐིབས།།

ཁག་བཞི་པ།

རྫ་རྒྱལ་མེས་པོའི་རུས་རྐང་གི།

གདོད་མའི་རྣམ་ཤེས་མ་བོར་བ།།

སྲིད་པའི་རྒྱུད་མངས་སྔོན་པོ་འདི།།

གཅིག་པུར་རྒྱུ་དེས་དཀྲོལ་ཙ་ན།།

སྒྲ་དེ་མ་བཅོས་ལྷུན་གྱིས་གྲུབ།།

གདངས་དེ་མ་འགྱུར་རྣལ་དུ་གནས།།

སེམས་ཀྱི་ག་ཤེད་བཅོམ་ནས་ཀྱང་།།

བཟོད་བླག་མ་རྙེད་ཀྱེ་མ་གདུང་།།

ལྷོ་སྤྲིན་དབྱིངས་ཀྱི་བྱ་རྒྱལ་ཁྱུང་།།

མུ་འཁྱུད་ས་འཛིན་སྡེར་མོས་མནན།།

ཁྲོ་བའི་ཉམས་ཀྱིས་དུག་སྦྲུལ་གྱི།།

མ་རུང་ལྕེ་རྩེ་འཇོམས་པར་བྱེད།།

རྒྱུ་བའི་རྣམ་ཤེས་ཕྲ་མོ་དེས།།

གཏིང་དུ་གཉིད་པའི་ར་རོ་བ།།

གང་དག་བསལ་ཅིང་དཀྲོག་ནས་སུ།།

མི་འཇིགས་སྤོབས་པའི་གོ་ཁྲབ་གསོལ།།

ཨེ་མ་མཚར་བའི་གད་རྒྱངས་ཀྱིས།།

སྤྲོས་འཛིན་ཡིད་ཀྱི་བང་སོ་བཀང་།།

དེ་བཞིན་ཉིད་ཀྱི་ཤིང་དྲུང་ནས།།

སྤྲོས་བྲལ་དབྱངས་ཀྱི་འཁོར་ལོ་སྐོར།།

འཁོར་ལོའི་གཤོག་པ་མཉེན་མོ་དེས།།

སྲིད་པའི་རྫ་སྒང་གྱོང་པོ་དེ།།

རྣམ་པར་དུལ་བའི་ངང་བཟང་དེ།།

ཀུན་རྫོབ་མིག་ལ་ཤིན་ཏུ་མཚར།།

རྡུལ་འཛིན་མེ་ཏོག་གཡོ་བྱེད་ཀྱི།།

བསིལ་འཇམ་རླུང་གི་རྒྱུ་བ་ནི།།

རྣམ་པར་མཛེས་པའི་སྐྱེད་ཚལ་དུ།།

བུང་བའི་སྒྲ་བརྙན་ཁུར་བཞིན་ལྡང་།།

རླན་གཤེར་སྤྲིན་ཕུང་བཤུམ་པའི་གཟུགས།།

རྔ་ཡབ་པད་མའི་ཆུ་ཐིགས་འཛིན།།

ལུས་ཀྱི་ལང་ཚོའི་གཞོགས་ཕྱེད་དུ།།

མཉེས་གཤིན་རེག་བྱའི་འཇམ་པ་སྟེར།།

ཟབ་མོ་ཚིག་གིས་མ་བཅིངས་ལྷོད་པོའི་དབྱངས།།

རྒྱས་པའི་སྒྲོག་ལས་གྲོལ་བའི་འཇམ་པོའི་གདངས།།

རྨ་བྱ་དུངས་བའི་ངག་རིག་གླིང་བུ་ཡིས།།

སྐྱེས་ལྡན་ཡིད་ཀྱི་སྙན་དབང་གསོ་བར་བྱེད།།

སྐྱོ་ཉམས་དོད་པའི་ངང་པ་མོ།།

གཤོག་པ་ནང་དུ་རྡེབ་པའི་མུར།།

ལུས་ཀྱི་ཤུགས་ནི་ཟད་གྱུར་ཏེ།།

མཆུ་ཏོ་རིང་མོ་སྐོམ་པས་མནར།།

སྒྱུ་མའི་བརྩེ་འདང་མཚོ་ལ་འཁྱིལ།།

ངང་དཀར་བྱ་ཕོ་འཕུར་བའི་རྩལ།།

ཡིད་ལ་བརྣག་པའི་དགའ་བ་ཡིས།།

རྗེས་སོང་སྣང་བའི་སྐོམ་པ་གསོས།།

ཆུ་ནང་པད་མའི་སྡོང་བོ་ལ།།

ངག་གི་སྦྲང་རྩི་སྒྱེ་མོ་གང་།།

མིག་ལ་ཤར་བའི་སྦྲང་ཆུང་གིས།།

ཡིད་ཀྱི་དམ་ཚིག་མཚོ་ཁར་འབུས།།

དགྱེས་བཞད་པད་མའི་གྲོལ་འཛུམ་གྱིས།།

མ་བཅོས་ཡིད་ཀྱི་བརྟན་པ་བཅོམ།།

རྗེས་ཆགས་སྲེད་པའི་འཆིང་ཐག་གིས།།

གྲིབ་གཟུགས་ཁྲོད་ཀྱི་སྣང་བརྙན་འཕྲོག།

བརྩེ་བའི་ཡན་ལག་རྒྱས་བྱེད་ཀྱི།།

ཞེ་གཏིང་བྲག་བརྐོས་རི་མོ་ནི།།

སུས་ཀྱང་བསུབ་མེད་རང་བཞིན་གྲུབ།།

རིང་དུ་མ་གྱེས་ཞལ་མཇལ་བྱུང་།།

ཁག་ལྔ་པ།

སྒྱུ་མའི་རྩལ་ལྡན་གླང་ཆེན་སྨྱོན་པ་ཡིས།།

སྟོབས་ལྡན་ཤེད་ཀྱིས་བཅོམ་ལ་ཆགས་ཐོགས་བྲལ།།

དེ་བཞིན་སེམས་རིག་གདོད་མའི་ཚུར་སྣང་གི།

ཉམས་ཀྱི་སྒོ་མོ་རིག་པའི་རྩལ་དུ་ཤར།།

ཀུན་ཤེས་དཔྱོད་པའི་རྟོག་པ་ཕྲ་མོ་ཡིས།།

མེ་ལོང་ནང་གི་གཟུགས་བརྙན་གྱ་མ་གྱུ།།

ཕྱོགས་སུ་མ་ལྷུང་གཟུ་བོའི་ཐིག་ཕྲན་དུ།།

དྲང་བོར་རྐྱོང་བའི་སེམས་ཀྱི་ཏིང་འཛིན་གསལ།།

རི་སུལ་ནགས་མའི་བསིལ་གྲིབ་ཉམས་དགའ་རུ།།

རིག་བྱེད་ངག་གི་མགྲིན་ལ་རྩལ་ཐོབ་པའི།།

དྲང་སྲོང་སྨ་ར་ཅན་གྱི་ཡིད་བྱེད་ཀྱིས།།

སྣང་སྲིད་སྐུད་པར་བརྒྱུས་པའི་ཉམས་གླུ་ལེན།།

དེ་ཚེ་གནས་སྣང་སེམས་ཀྱི་ཉིན་སྲིབ་ཏུ།།

རྟོག་པ་རུ་ཤན་ཉུལ་བའི་རྗེས་འདེད་ཀྱིས།།

སེམས་ཀྱི་གསང་བ་དྭངས་གསལ་ཆུ་མོའི་གཞུང་།།

རབ་གསལ་ཤར་བ་ངོ་མཚར་རྨད་དུ་བྱུང་།།

དེ་ནི་འཇམ་མཉེན་པད་མའི་འདབ།།

ལྷུག་ལྷུག་དགོད་པའི་ངོ་གདོང་སྟེ།།

སྐྱུར་རྩིས་བྱུགས་པའི་མཉེན་ལྕུག་གིས།།

བག་ཡངས་དགའ་སྤྲོའི་སྣང་བ་བཀུག།

ཚོར་བའི་རྒྱ་མཚོ་འཕྱུར་བ་ཡིས།།

སྒྱུ་མའི་རྦ་རླབས་ཁྱོར་བ་གང་།།

སྐམ་ཞིང་རྙིད་པའི་སྣང་བ་ལ།།

འཐོར་བའི་བཟོད་པ་ཡིད་ལ་དགེ།

སྣང་སེམས་གཉུག་མའི་ང་རོ་ནི།།

སྐྱེས་ལྡན་སྣང་བ་འགུག་པའི་གླུ།།

མ་བཅོས་དགའ་བའི་སྐྱེད་ཚལ་ཏུ།།

རིག་པའི་བུ་ལ་ཡང་ཡང་ཟློ།།

དེ་ཚེ་ཕྱི་རོལ་འཇིག་རྟེན་ཞེས་བྱ་འདུ་བྱེད་ཡུལ་དུ་ཤར་བ་ལ།།

ངལ་བའི་རྒྱུ་བ་ཅི་ཡང་མི་དགོས་གློག་ཞགས་འཁྱུག་པའི་སྐད་ཅིག་མར།།

སྤྲིན་དཀར་བུང་བ་མཁའ་ནས་འཁྲིགས་ཤིང་མཛེས་ལྡན་མེ་ཏོག་ས་ནས་བཞད།།

སྲོག་ལྡན་སྐྱེ་འགྲོ་འཆི་བས་དེད་ཅིང་སྒྱུ་མའི་ཆོས་ལ་ངེས་ཤེས་རྙེད།།

རིག་བྱེད་ངག་གི་གཏམ་གླེང་བར་ནས་བསམ་གཏན་པ་ཡི་སེམས་ངོ་མཐོང་།།

མ་བཅོས་བྱང་ཆུབ་ལྗོན་པའི་འོག།

ཉམས་སྣང་ཞི་བ་ཆེན་པོ་ཡི།།

སྐྱོ་གར་རྣོ་ལ་ཕབ་བྱེད་ཀྱི།།

མགྲིན་པའི་རྩ་སྦུབས་ཤུགས་ཀྱིས་གྲོལ།།

དུས་ཀྱི་བགྲོད་པ་མྱུར་བ་སོགས།།

སྒྱུ་མའི་ངོ་གདོང་སྐྱ་བོ་ཡིས།།

འབྲས་བཟང་ཁུར་གྱིས་དུད་པ་ཡི།།

སྡོང་བོ་ལྟར་དུ་འདོད་དགུར་འཐོར།།

མི་རྟག་གཡོ་བའི་ངང་ཚུལ་གྱིས།།

མཐའ་བྲལ་རླུང་གི་དཀྱིལ་འཁོར་དུ།།

བཙན་རླུང་དུས་ལྟར་རྒོད་ནའང་།།

ང་ནི་བདེ་གཤེགས་སྙིང་པོ་སྟེ།།

སུས་ཀྱང་མ་བཅོས་ལྷུན་གྱིས་གྲུབ།།

ཁག་དྲུག་པ།

ཀྱེ་ཀྱེ་ངག་གི་གདངས་སྒྲ་ལས།།

ལན་ཅིག་ཉིད་ལ་ཤོར་བ་ཡི།།

ཚིག་གི་མདའ་མོ་སྙིང་ཕྲན་གྱིས།།

སྣང་སྲིད་སྒྱུ་མའི་སྟོང་ཁམས་དཀྲུགས།

མི་གཡོ་ནེམ་པའི་འབོལ་སྟེགས་སུ།།

བདེ་ཆེན་དག་པའི་ང་རོ་ཆེ།།

སྣང་སེམས་གཉུག་མའི་བ་སྤུ་ཡང་།།

གྱེན་དུ་གཟེངས་ཤིང་རྨི་ལམ་སྒུལ།།

མི་འཇིགས་རྣོ་བའི་ལྕེ་ཞགས་ཀྱིས།།

གཡུ་ལོའི་ཚང་ཚིང་སྲེག་བྱེད་ཅིང་།།

སྒྱུ་མའི་གཟུགས་བྱད་ཡོད་དོ་ཅོག།

གཙང་བོའི་གཞུང་ལ་ཤུགས་ཀྱིས་འདྲེན།།

འཁོར་འདས་སྲིད་པའི་ཁབ་རྩེ་ན།།

གློ་བུར་ལྗན་ལྗིན་མ་དག་པ།།

གང་དག་རྣམ་པར་ངེས་པའི་བློས།།

ཅི་ཡང་མེད་པའི་མཐའ་ལ་དེད།།

ཚེ་རབས་འདི་ཕྱིའི་སྣང་བ་མི་བདེན་རང་སྣང་ཉམས་དགའི་བྱིས་བློ་དང་།།

ཆུ་བུར་རྡོལ་རྣམས་དཀའ་ཐུབ་སྤྱད་པའི་དྲང་སྲོང་ལས་ཀྱང་མཐར་ལྟུང་བ།།

བདེན་པའི་དོན་ཅན་རྣམ་པར་ངེས་པའི་གཙུག་ཏོར་ཅན་གྱི་ཕྱག་རྒྱ་ཡིས།།

མ་དག་ཆོས་ཚུལ་བདེན་པར་ལྟ་ལ་མགོ་བོ་མཐོ་བའི་སྐྱེངས་པ་སྟེར།།

ཇི་ལྟར་བློ་གྲོས་རྩལ་རྒྱས་པ།།

ཤེས་བྱའི་གསང་རྒྱ་བརྟོལ་མཁས་པ།།

མ་རིག་སྣང་བའི་འཕྱམ་སོ་ནས།།

གཉུག་མའི་གླུ་ཆུང་ཡོད་རེ་ཀན།།

རང་བྱུང་མགྲིན་པའི་རྩལ་ཁ་ལས།།

ལྷན་སྐྱེས་ཡིད་ཀྱི་དྲན་ངོགས་གསལ།།

རིག་རྩལ་དགོངས་ཀློང་གསལ་བྱེད་ཨ།།

སྐྱེ་མེད་དབྱིངས་ནས་དབུ་མར་ཞུགས།།

དོན་དམ་ཀུན་གཞིའི་སྣང་ངོ་རུ།།

ཕྱི་ནང་ཟུང་འཇུག་ཡ་མ་བྲལ།།

དེ་ལྟའི་གནས་སྣང་མ་ལུས་པ།།

བདག་གི་མ་བཅོས་སྨྱུག་རྩེར་ལུད།།

རབ་འབྱམས་མེ་ཏོག་འདར་བ་ནི།།

ཟབ་ཡངས་བརྗོད་མི་ཤེས་པ་ལ།།

བུང་བ་གར་གྱིས་རྩེན་པའི་བརྙན།།

མཐོང་བའི་མོད་ལ་ཚོར་བས་བཟི།།

གཤིས་ཞེས་བྱ་བ་དེ་ཉིད་དེ།།

ཇི་བཞིན་བརྗོད་པ་མི་ནུས་མོད།།

རིག་བྱེད་རྩལ་གྱིས་མཚོན་པ་ནི།།

གཤིས་ལས་སྙན་པའི་དབྱངས་རྟའོ།།

ཁག་བདུན་པ།

སྐོམ་པས་གདུང་བའི་རི་དྭགས་མིག།

ཆུ་ཡི་དཀྱིལ་འཁོར་ལ་ཕྱོགས་ཤིང་།།

དཔུང་བ་མེ་ལྕེའི་ལྕགས་མདའ་བཞིན།།

རྡོ་རྗེ་རི་ལ་མཐུ་རྩལ་འགྲན།།

རྣམ་པར་དག་པའི་རྡུལ་ཕྲན་ལས།།

ཚོར་བའི་རྒྱ་མཚོར་འཁྲུངས་པ་ཡི།།

མེ་ཏོག་པདྨའི་གེ་སར་རྩེར།།

སྨུག་པས་བཟུང་རྣམས་ལྟ་ན་སྡུག།

བསྐལ་བའི་དུས་ཚོད་མཐའ་མ་རེར།།

ཨུ་དུམ་ཝ་རའི་འཛུམ་བརྒྱ་གྲོལ།།

ཆོས་དབྱིངས་སྐྱེ་འཆི་མེད་པ་ཡང་།།

གང་སྣང་སྐུ་ཡི་རྒྱན་དུ་ཤར།།

སྤྲོས་བྲལ་གཞི་ཡི་འདར་ལྕུག་གིས།།

ནང་གི་ངལ་དུབ་སེལ་བྱེད་པ།།

འཆི་མེད་བདེ་བའི་བསོད་ནམས་སུ།།

བསིལ་འཇམ་བུམ་པའི་ཁ་རྒྱན་མཛེས།།

བརྩོན་པའི་རྒྱུ་བ་རིང་བསྟེན་ནས།།

སྙིང་རྗེའི་རལ་གྲིས་སྨག་ལ་བརྡར།།

ཐུགས་རྗེ་མཉེས་པ་གསུམ་མངའ་བ།།

དབྱིངས་རིག་དཀོན་ཅོག་མཁའ་ན་རྩེན།།

འདི་ན་ལྷན་སྐྱེས་ཞི་བ་ཆེ།།

རྣམ་དག་སྲིད་པའི་བང་སོ་བརྗིད།

སྙན་པའི་རྫ་རྔ་འཁྲོལ་བ་ལ།།

ཞིམ་མེད་སྤོབས་པའི་སྤྲོ་བ་རྒྱས།།

རིག་བྱེད་དབྱངས་ལྡན་བྱིན་ཆགས་ཀྱི།།

ངག་གི་གཟི་བརྗིད་དཔལ་འབར་བ།།

མི་མཇེད་ཞིང་གི་ནོར་བུ་ཆེ།།

རིན་ཆེན་སྐུད་པའི་རྣོ་ལ་དྲངས།།

དབྱིངས་ཀྱི་དྲོད་ཐིག་ས་ལ་ལྷུང་སྟབས་ཀྱིས།།

ལུས་སེམས་མ་ཞི་རྔུལ་ཆུའི་འོབས་སུ་དྲངས།།

སྒྱུ་འཕྲུལ་སྣ་དགུའི་དགོས་འདོད་འབྱུང་ཙ་ན།།

འོ་སྐོལ་སྣང་བ་བསིལ་བའི་ངོགས་སུ་འཁྲིད།།

སྲིད་པའི་ནགས་ཚལ་ཡོམ་ཡོམ་འདར་བ་དང་།།

སྒྱུ་མའི་མེ་ལྕེ་ལམ་ལམ་མཆེད་པ་ཡིས།།

མས་ཀྱི་སྐྱོ་ཤས་འབྱུང་ལ་གསོས་འདེབས་སོ།།

ཡས་ཀྱི་དག་མཉམ་ལྟ་བར་ངར་ལྡུད་དོ།།

དམ་ཚིག་མེ་ཏོག་ཆུན་པོ་ལ།།

གསང་བ་སྒྱུ་མའི་འཇའ་གཟུགས་ཀྱིས།།

སྒྲིབ་མེད་དག་ཅིང་ཚངས་པ་ཡི།།

ཤིས་བརྗོད་འདབ་དྲུག་སལ་སིལ་འཐོར།།

རིན་ཆེན་གཞལ་ཡས་ཕོ་བྲང་ན།།

སྣ་ཚོགས་མཚར་སྡུག་སྟོང་གི་དཔལ།།

ལྷུན་གྲུབ་སེང་གེའི་ཁྲི་འཕང་དུ།།

མགོན་པོའི་འཛུམ་ཞལ་ཉམས་རེ་དགའ།།

མཉམ་ཉིད་རྫོགས་པ་ཆེན་པ་ཡི།།

བདེ་ཆེན་ཆོས་ཀྱི་འཁོར་ལོ་ཉིད།།

རིག་སྟོང་མི་ཤིགས་སེམས་དཔའ་ཡི།།

རྡོ་རྗེ་དཀྱིལ་ཀྲུང་བཅས་ཏེ་ཞུ།།

གང་ཞིག་ཟབ་མོ་གསང་བ་སྔགས།།

ཚིག་གི་སྲད་བུར་བརྒྱུས་པའི་འཕྲེང་།།

གཙུག་ན་གཡོ་བའི་བྲ་བྲེ་བཞིན།།

ཆོས་ལས་ཆོས་ཟབ་ཟ་མ་ཏོག།

ངག་གི་གཙང་ཆེན་རབ་ཏུ་བྲུག།

ཡིད་ཀྱི་བརྟན་པ་བདེ་བར་གཤེགས།།

སྐུ་ཡི་ཞབས་པད་ཉི་ཟླའི་གྲོགས།།

ཀུན་བཟང་བརྟན་གཡོའི་རྒྱུད་སྨིན་ཤོག།

 ཁག་བརྒྱད་པ།

སྐུ་ལང་ཚོའི་གཟི་བྱིན་དཔལ་དུ་སྡུག། 

གསུང་ཡན་ལན་དྲུག་ཅུའི་འཇམ་ཤ་ལྡན།།

ཐུགས་འོད་གསལ་ཡེ་ཤེས་རང་འབར་ལ།།

ངས་སྒོ་གསུམ་འབུལ་བའི་གུས་པ་ཞུ།།

གཞི་མ་སྤྲོས་གདོད་མའི་སྐྱེད་ཚལ་དུ།།

ལམ་ལྷུན་གྲུབ་བསིལ་འཇམ་སྙེ་མ་འབུས།།

ཕྱི་མཁའ་ལམ་ཆུ་འཛིན་ཕུང་པོའི་ཚོམ།།

ནང་མཉམ་ཉིད་ཤེས་རབ་རལ་གྲི་རྣོ།།

གླུ་གྲེ་འགྱུར་མགྲིན་པ་དར་སྐུད་ལ།།

ཚིག་རང་བབ་འཁོར་འདས་དྲི་ཟའི་དབྱངས།།

ཕར་སྲིད་པའི་དར་ལྕོག་ལྷབ་ལྷུབ་ལེན།།

ཚུར་མི་རྟག་ཆོས་ཀྱི་གོ་བ་ལོངས།།

སེམས་རིག་པ་དབྱིངས་ཀྱི་ཆོ་ག་འདི།།

གནད་བསྡུས་ན་སེམས་ངོ་འཕྲོད་པའི་བརྡ།།

ང་གླུ་པ་སྲིད་པའི་རྫ་སྒང་ན།།

ཁྱོད་ཉན་མཁན་རྫ་རྒྱུད་གོང་འོག་ན།།

ཆོས་སྣང་སྲིད་སྒྱུ་མའི་རྣམ་ཐར་འདི།།

ངག་མ་བཅོས་ཤུགས་འབྱུང་དབྱངས་སུ་འགུག།

ཡིད་ཀུན་རྟོག་འདུ་བྱེད་ཕྲ་མོ་ཡིས།།

ཆོས་ཀུན་རྫོབ་བདེན་མེད་རྨི་ལམ་དཀྲུགས།།

ཚེ་མི་རྟག་རྩྭ་རྩེའི་ཟིལ་བ་བཞིན།།

ལས་མི་བསླུ་ལུ་གུ་རྒྱུད་དུ་འབྱུང་།།

བུ་རང་གོ་ཆོད་པའི་དཔའ་གདེང་གིས།།

ནགས་དབེན་པའི་ཁྲོད་ནས་སད་རྟོགས་ཁྱེར།།

རྒྱུད་སྨིན་བྱེད་དབང་གི་ཁོག་དབུབས་ཤིང་།།

ལམ་གྲོལ་བྱེད་གདམས་པའི་མན་ངག་རྙེད།།

ནང་ཀུན་གཞིའི་ཁམས་ལ་གདེང་ཐོབ་ནས།།

བུ་སྣང་སྟོང་མཁའ་ལ་ཤུགས་ཀྱིས་འཕུར།།

མཁའ་ཡར་གཅོད་ཡེ་ཤེས་གཤོག་རྩལ་རྒྱས།།

ས་མར་འབབ་སྙིང་རྗེའི་རྐང་ཟུང་ཐོགས།།

ཉམས་དགའ་བ་བསིལ་བའི་བྲག་སྐྱིབས་ནས།།

ཆོས་ཟབ་རྒྱས་རྟོགས་པའི་རང་རྣམ་མགུར།།

ཁྱོད་ཚུར་ཤོག་མོས་གུས་དག་པས་ཤོག།

ང་ཕར་ཡོང་ཐུགས་རྗེའི་འཛུམ་པས་ཡོང་།།

བུ་སློབ་ཟུང་དགྱེས་འཛུམ་དགའ་ལྡན་གྱིས།།

བརྡ་བརྒྱུད་གསུམ་དཀྱིལ་འཁོར་ཚོམ་བུར་དགོད།།

ཁག་དགུ་པ།

རུས་པའི་ཐལ་དཀར་མེ་ཏོག་གི།

སྙིང་ལ་ཤར་བའི་བཅུད་ཁུ་སྟེ།།

སྦྲང་ཆུང་མྱོས་པའི་བཟི་གླུ་ཡིས།།

ཚོགས་ཀྱི་འཁོར་ལོ་འུར་དུ་བྱས།།

ཞལ་འཛུམ་ཟླ་བའི་དཀྱིལ་འཁོར་ལས།།

ཤེལ་གྱི་མུ་ཏིག་འོད་དུ་འཚེར།།

ཟབ་མོའི་གནད་ལས་མཐར་ཕྱིན་ཅིང་།།

བརྡ་བརྒྱུད་ཕོག་པའི་ལན་དུ་ནི།།

རིང་མིན་ཉེ་བའི་གླུ་དབྱངས་ལེན།།

རྣམ་པར་སྒེག་པའི་ཡིད་ཀྱི་གླིང་གར་ཁྱེད་ཀྱི་ལང་ཚོའི་ཆུ་རིས་འཐོར།།

པིར་གྱིས་མ་བཞེངས་ཞི་བའི་མདངས་ཀྱིས་རྨ་བྱའི་སྒྲོ་ཕྲན་ཟིལ་གྱིས་གནོན།།

དེ་ནི་མ་བཅོས་རང་བྱུང་ཞིག་སྟེ་རྫུ་འཕྲུལ་ལྷ་ཡི་ཁང་བཟང་དུ།།

ཚིག་གི་ཆོ་འཕྲུལ་ལན་བརྒྱ་འབར་བའི་རྟོག་འགྱུ་མྱུར་བའི་ན་ཆུང་གིས།།

ཉམས་འགྱུར་སྟོང་གི་རྒྱུད་སྐུད་ཀློང་ནས་བླ་སྲོག་འགུག་པའི་སྐྱོམ་འདར་ཚོར།།

ཆུ་ནང་ཟླ་གཟུགས་འདར་ཙ་ན།།

འདྲེན་བྱེད་ཀྱིས་ནི་མཛེས་པ་མཐོང་།།

ནང་གི་ཡིད་འཛིན་ཀྱོ་བ་ཡིས།།

རབ་ཏུ་བཏུལ་བའི་དངན་པ་ཤོར།།

སེང་ལྡེང་ནགས་ཀྱི་དྲ་བ་ན།།

སེང་གེའི་རྔམ་སྐད་དར་དིར་སྒྲོག།

འགྱུར་མི་འདྲ་བའི་གད་རྒྱངས་ཀྱིས།།

ས་ཆེན་འདི་ཡང་གཉོམ་པོར་བྱས།།

སྣང་བ་མ་བསྡུས་སེམས་ཀྱི་ངོར།།

ཁྱེད་ཀྱི་གཟུགས་མེད་འཇའ་ལམ་གྱི།

ཡེ་ནས་དག་པའི་འཕྲུལ་འཁོར་ནི།།

རི་དྭགས་མཆེ་བའི་དོ་ཟླ་མིན།།

རིག་པ་གཞི་གྲོལ་ཤེལ་དཀར་གྱི།།

ཟག་མེད་ཤིན་སྦྱངས་བདེ་བའི་རོ།།

བདུད་རྩི་མྱོང་གྲོལ་ལྗགས་ཐོག་ཏུ།།

བབ་པའི་སྐལ་བཟང་བརྗོད་ལས་འདས།།

དཔག་ཡས་ཕན་བདེའི་ཞབས་པད་ཟུང་།།

སྲིད་པའི་ཁྱམས་སུ་བསྐྱངས་ནས་སུ།།

གླང་པོ་ཆེ་ཡི་གླལ་བསྒྱིངས་ཀྱིས།།

སྦྲིད་པའི་རྨོངས་གཉིད་ཁད་ཀྱིས་དཀྲོགས།།

ཁག་བཅུ་པ།

སྲིད་པའི་འཆིང་བ་མ་ལུས་བཀྲོལ་བ་ཡི།།

སྐྱབས་དེ་འཁོར་བའི་སྐྱོ་གར་ལ་ཕྱོགས་ནས།།

གཉེན་པོ་མདུང་གིས་བསྣུན་པ་མ་ལགས་ཏེ།།

ཞི་བ་བདེ་གཤེགས་གསལ་བའི་འཇུག་ངོགས་སུ།།

རྣམ་དག་བསིལ་བའི་ལྗོངས་ཆེན་རབ་བསྟན་ནས།།

འབོད་པའི་སྒྲ་དང་སྐྱེལ་མའི་ཕྱག་བརྡ་ཡིས།།

སྲིད་པའི་འཆིང་རྒྱ་འདི་ལས་ཕ་རོལ་ཏུ།།

ཡིད་བྱེད་རྣམ་པར་དག་པའི་ཉེར་ལེན་གྱིས།།

བརྟན་གཡོ་འཁོར་བའི་འདམ་ལས་རིང་དུ་འདྲེན།།

སྒྱུ་འཕྲུལ་རྡོ་རྗེ་ཞགས་པ་ཡིས།།

ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།།

མི་མཇེད་གདུལ་བྱའི་སྙིམ་པ་ལ།།

ཚོགས་གཉིས་བསོད་ནམས་ཆར་དུ་བསྙིལ།།

བཅོམ་ལྡན་ལྷ་ཡི་དབང་པོ་ལ།།

དད་པའི་མེ་ཏོག་རྣམ་ཀུན་ཏུ།།

སྐུ་བཞི་ཟུང་འཇུག་མི་ཕྱེད་པའི།།

གུས་པའི་ཕྱག་འཚལ་རྨད་དུ་བྱུང་།།

ལམ་བཟང་གསལ་བའི་དཀྱིལ་འཁོར་དུ།།

ཕྱག་ན་ཆོས་ཀུན་གསལ་བྱེད་ཀྱི།།

རིགས་པའི་རལ་གྲི་རྣོན་པོ་དང་།།

པདྨའི་དབུས་སུ་པོ་ཏི་འཆང་།།

སྒྲིབ་བྲལ་ཀུན་གཤིས་འཇམ་དབྱངས་ཀྱི།།

ཞལ་གྱི་འཛུམ་དང་དབྱེར་མེད་པའི།།

མཚར་སྡུག་གཟི་བྱིན་བསྩལ་ཏུ་གསོལ།།

ཐུགས་རྗེའི་ལྷ་དབང་པད་མ་དཀར།།

ཕྱག་གི་ཤེལ་དཀར་མུ་ཏིག་གི།

སྙིང་རྗེའི་འོད་ཟེར་འཇམ་པོ་ཡི།།

བྱིན་རླབས་སྟོང་གི་རང་སྒྲ་ཡིས།།

ཟག་མེད་བདུད་རྩིའི་བསུང་ཞིམ་སྩོལ།།

ཕྱག་མཚན་མི་ཕྱེད་ནུས་མཐུ་ཡིས།།

ཀུན་གཞིའི་མཐིལ་དུ་རྒྱ་གྲམ་བསྣོལ།།

གསང་བའི་རྒྱལ་པོ་རྡོ་རྗེ་འཛིན།།

བདེ་ཆེན་ངལ་གསོའི་དབུགས་དབྱུང་སྩོལ།།

སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།།

གཅིག་ཏུ་འདུས་པའི་གེ་སར་ནི།།

བདེ་གཤེགས་ཡི་དམ་ལྷག་པའི་ལྷ།།

བཅོམ་ལྡན་ཚད་མའི་སྐྱེས་བུ་ལ།།

དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ།།

རིགས་བརྒྱའི་ཁྱབ་བདག་གཙུག་གི་ཏོག།

མཁྱེན་བརྩེ་ནུས་པའི་ཕ་ཕོག་སྩོལ།།

ཁག་བཅུ་གཅིག་པ།

ཁུར་མོང་བསེར་བུས་གཏོར་བ་ཡི།།

གནམ་ས་ཁད་ཅིག་ཕྱེ་བའི་ངོགས།།

ཚིག་གི་ཚོན་ཁ་མདངས་བཀྲ་ལ།།

དབྱངས་ཀྱི་འདེགས་འཇོག་ངེས་པ་ཡི།།

གླུ་དེ་རྒྱུད་མངས་བཞད་པའི་སྒྲ།།

གཞས་དེ་སྣང་སེམས་འདྲེས་པའི་བརྡ།།

འོ་སྐོལ་བསིལ་གྲིབ་ཉམས་དགའ་རུ།།

རབ་ཏུ་འཁོད་ཅིང་སྟོང་དབྱིངས་ཀྱི།།

སྒྱུ་མའི་མཐིལ་ལ་ཉམས་ཀྱིས་ལྟ།།

ཞི་བའི་མདངས་ལ་ཐལ་མོ་སྦྱར།།

སྒྱུ་འཕྲུལ་སྣ་དགུའི་བ་དན་དཀར་པོ་གཙུག་ལག་ཉི་ཟླའི་འགྲམ་དུ་གཡོ།།

སེམས་རིག་པདྨའི་འདབ་མ་ཡངས་པོ་དྲི་བཟང་རྫིང་བུའི་ཚལ་ན་ལྡེམ།།

མིག་དང་རྣ་བའི་རྒྱུ་ལམ་འདྲེན་པའི་ཤེས་བྱའི་པད་ཚལ་སྟུག་པོ་དེ།།

མངར་བཅུད་འཛིན་པའི་བུམ་པའི་ཁ་རྒྱན་མཛེས་སྡུག་རྨ་བྱའི་སྒྲོ་ཕྲན་བཞིན།།

སྙན་ངག་པ་ཡི་ངག་ལས་བྱུང་ཚེ་མཆོག་གྱུར་བདེ་བའི་སིམ་པ་སྟེར།།

ཚངས་སྲས་ངག་གི་རྣོ་སྐུད་ཀྱིས།།

སྟོང་ཁམས་སྲིད་པའི་རང་མདངས་སྔོག།

སྣང་སྲིད་ཆོས་ཉིད་འདུས་པ་ཡི།།

རོལ་དབྱངས་དེས་ཀྱང་རབ་ཏུ་སྔོག།

རྡུལ་དང་རྡུལ་ཕྲན་གྱེས་པ་ནའང།།

སྙན་པའི་རོ་བཅུད་ཕུན་ཚོགས་དེ།།

གང་གིས་གཞོམ་གཞིག་བྲལ་བས་ན།།

དོན་དམ་དབྱངས་ཀྱི་ཕོ་བྲང་བརྗིད།།

སྙན་པ་ཚིག་གི་སྡེབ་སྦྱོར་མ་ཡིན་སྤྲོས་བྲལ་དབྱིངས་ཀྱི་གནད་བརྒྱ་དཀྲོལ་བའི་སྲིད་པའི་རྒྱུད་མངས་སྔོན་པོ་འདིས།།

རྟོག་པའི་འཆིང་རྒྱ་རལ་བར་བྱེད་པའི་རིག་བྱེད་མཐུ་རྩལ་ངག་གི་དཔལ་ལྡན་སུ་ཡང་མྱོས་པའི་ཆང་རྩི་ཡིས།།

འཁོར་འདས་ཞི་དྲག་བློ་ཡི་བཀོད་པ་ཅིག་ཅར་སྟོན་ལ་ཆགས་ཐོགས་བྲལ་བའི་རིག་པའི་གསང་བརྡ་ལྷོད་པོ་དེས།།

སེམས་ཉིད་གཉུག་མའི་མཛེས་ལྗོངས་ཉུལ་ཏེ་བདེ་སྟོང་ཚོར་བའི་དཀྱིལ་འཁོར་དབུས་ནས་མཐོང་ཐོས་དྲན་པའི་བློ་གྲོས་རྫོགས།།

ཚིག་གི་ལྡ་ལྡིར་རྩུབ་རེག་བྲལ།།

དབྱངས་ཀྱི་འཕར་ལྡིང་སྲོག་ལ་ཞུགས།།

དོན་དམ་ཟེའུ་འབྲུ་མ་རྙིངས་པའི།།

སྙན་པའི་གད་རྒྱངས་མཐོན་པོ་དེ།།

གཙུག་ལག་ཉི་ཟླའི་བླ་བྲེ་བཞིན།།

ས་གསུམ་གཡང་གི་དཔལ་དུ་ཆེ།།

གང་ཞིག་ཡི་གེའི་འདུ་བྱེད་ཀྱི།།

ཚིག་གི་ཅོད་པཎ་ལོ་ལེགས་ཤིང་།།

དོན་གྱི་འབྲས་བུ་གཡུར་ཟ་བའི།།

ལེགས་པའི་ཕུན་ཚོགས་མ་ལུས་པ།།

སྙན་ངག་ཁམས་ཀྱི་དྭངས་བསིལ་དང་།།

བློ་གྲོས་རྩེ་བརྒྱ་འབར་བ་གཉིས།།

ལྷན་ཅིག་གྲོགས་སུ་བསྡེབས་པའོ།།

བདག་གི་མགྲིན་པའི་རྒྱལ་ཁབ་ཀྱི།།

འཕུར་ལམ་བསྙེགས་པའི་ཐང་དཀར་རྒོད།།

དབྱིངས་རིག་སེམས་ཀྱི་བསིལ་གྲིབ་འོག།

གྲིམ་ལྷོད་རན་ལ་གདངས་རྣོ་བའི།།

ཐོས་འཛིན་གསོ་བའི་གླུ་དབྱངས་དག།

རྒྱལ་ཁམས་ཟིལ་གྱིས་གནོན་པ་ཡི།།

རྔ་བོ་ཆེ་བཞིན་ཁྱབ་གྱུར་ཅིག།

ཁག་བཅུ་གཉིས་པ།

ཀུན་ཏུ་རྟོག་པའི་དྲ་བ་དྲ་ཕྱེད་ཀྱི།།

ལྕགས་ཀྱུས་མ་བཟུང་རང་གྲོལ་སེམས་ཀྱི་གཤིས།།

འཕྲལ་སྣང་སྨུག་པའི་ཆུ་རྡུལ་འཁྲིགས་པ་ཡིས།།

སེམས་ཀྱི་ཉིན་སྲིབ་འདི་དག་མོག་པོར་བྱས།།

འོད་གསལ་སེམས་ཀྱི་རང་བཞིན་གཡའ་དག་ཀྱང་།།

གློ་བུར་དྲི་མས་སྒྲིབ་གྱུར་བསལ་བ་ཡི།།

ཤེས་རབ་རལ་གྲི་འཆང་བ་གང་དེ་ཡིས།།

ཉོན་མོངས་དགྲ་རྣམས་མ་ལུས་འཇོམས་པ་ཡི།།

ཀ་དག་ཆོས་ཉིད་གསལ་སྣང་ལམ་དུ་བསྒྱུར།།

ཏིང་འཛིན་གཡུ་ལོ་རྒྱས་པའི་ཚལ།།

བློ་གྲོས་གཤོག་འགྱུར་རྫོགས་པ་ཡི།།

སྒྲིབ་པ་རྣམ་དག་ལང་ཚོའི་དཔྱིད།།

ཡི་དམ་ལྷག་པའི་ལྷ་རུ་ཤར།།

ཉན་རང་ལས་ཀྱང་རིང་དུ་འཕགས།།

འཕགས་པ་ལས་ཀྱང་ཡེ་ཤེས་ཀྱི།།

གསལ་རིག་སེམས་ཀྱི་མདངས་ཤར་པའི།།

ཨ་ར་པ་ཙའི་རྣམ་རོལ་གང་།།

ལྷན་སྐྱེས་དད་པའི་ཀློང་ན་རྩེན།།

ཐུགས་རྗེ་འཛུམ་པའི་གེ་སར་བཞད།།

འཛིན་པའི་གནད་གྲོལ་དམར་སེར་ཅན།།

མཐའ་བྲལ་ཆོས་ཀྱི་གསང་ལམ་གྱི།།

སྒོ་འཕར་འབྱེད་པའི་ལྡེ་མིག་ཐོགས།།

ཡེ་ཤེས་འོད་ཟེར་གསེར་གྱི་རི།།

གཞོན་ནུའི་རྣམ་རོལ་དངུལ་གྱི་མཚོ།།

ཉོན་མོངས་ཆམ་ལ་ཕབ་པའི་ལྷ།།

དག་པའི་རང་རིག་བླ་ན་མེད།།

ཐུགས་ཀར་ཟླ་སྟེང་སྔགས་ཀྱིས་བསྐོར།།

ས་བཅུའི་བྱང་སེམས་པོ་ཏི་བསྣམས།།

བདེ་གཤེགས་དག་པའི་སྐུར་བཞེངས་ལ།།

སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

 ཁག་བཅུ་གསུམ་པ།

རིག་བྱེད་ངག་གི་རྩལ་ལས་བྱུང་བའི་སྙན་པའི་རོ་ངད་འཛིན་པ་གང་།།

ཚིག་གི་རོལ་རྩེད་སྲོག་ཏུ་བཟུང་བའི་ཡི་གེའི་འདུ་བྱེད་མ་ཡིན་ཏེ།།

དགའ་སྐྱོ་ཚོར་འདུའི་རྒྱུད་མངས་དཀྲོལ་བའི་མེ་སྟག་དམར་པོའི་རང་གཤིས་ཀྱིས།།

རྣམ་པར་ཤེས་པའི་གཏིང་ལ་སིམ་པའི་མཆོག་གི་དངོས་གྲུབ་དེ་ཁོ་ན།།

འདི་སྣང་ལས་ཀྱི་རྨི་ལམ་དུ།།

ཤར་བའི་ཁ་དོག་སྣ་ཚོགས་ཀྱང་།།

ཚ་ཕོག་བརྒྱབ་པའི་སྣང་བ་བཞིན།།

སྙན་ངག་རོལ་མོས་བཀྲེས་སྐོམ་སེལ།།

ཀྱེ་མ་མུན་པའི་གྲིབ་ངོགས་ཀྱི།།

ཇི་སྙེད་སུ་དག་གདུང་བའི་ཁུར།།

བཟོད་མེད་མིག་ཆུའི་ཐིགས་པ་ཡི།།

མྱ་ངན་སེལ་བའི་སྡོངས་གྲོགས་བྱེད།།

བྱེ་མའི་ཐང་སྟོང་གཅོད་པའི་རྔ་མོང་དང་།།

གྲོག་རོང་གཡང་ས་བརྒལ་བའི་སྐེད་ལམ་བཞིན།།

ཕུན་ཚོགས་སྙན་པས་འཆང་བའི་ངག་རིག་གིས།།

བདག་སེམས་བདེ་ལྡན་ཞིང་དུ་ངལ་གསོར་ཁྲིད།།

གཡོ་བའི་མཚོ་ཆེན་བགྲོད་པའི་གྲུ་གཟིངས་དང་།།

ཉིན་ལམ་བཅོ་བརྒྱད་འགྲིམ་པའི་རྟ་ཕོ་བཞིན།།

རིག་བྱེད་ཅོ་ཀའི་མགྲིན་གླུ་སྙན་མོ་ཡིས།།

བདག་ལུས་མཐོང་གྲོལ་རི་ཡི་རྩེ་མོར་ཁྲིད།།

བདུད་རྩི་བསིལ་མ་ངག་གི་བཅུད་དུ་བབས།།

མཛེས་ལྡན་རྨ་བྱ་དགའ་བའི་རོལ་མོ་བཞིན།།

བདག་གི་ངག་ནི་འགྱུར་ཁུགས་སྟོང་གི་བཅུད།།

ཚངས་པའི་བུ་མོས་ཤིས་པའི་ཆར་ཆེན་ཕོབས།།

— རེ་ཞིག་སྟོང་ཁམས་ཀྱི་སྐར་མ་ནུབ་རིར་ཡིབ་པའི་མྱ་ངམ་གྱི་འགྱུར་ལྡོག་ལྟར་ངག་གི་འགྱུར་ཁུགས་ཁོ་ནས་སིམ་པའི་ར་རོ་བ་དེ་བཟློག་ཕྱིར་སྒྲ་མིང་ལ་མཚོ་བྱུང་ངག་གི་སྤུ་གྲི་རུ་འབོད་པས་མདོ་སྨད་ཁམས་ཕྱོགས་ཀྱི་ཆར་གཏོགས། ཨ་མྱེ་རྡོ་རྗེ་གཡུ་ཁྲོམ་གྱི་པང་ཁུག་ནས་མཇུག་བསྡུས་སོ།། །། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།