སྒྲུང་ནང་གི་རྨི་ལམ།

2.jpg

མ་བྱན། དངོས་མིང་ལ་ངག་དབང་བློ་གྲོས་འབོད་ཅིང་། ༡༩༩༩ལོའི་དགུན་ཁ་ཞིག་ཏུ་དཀར་མཛེས་ཁུལ་བྲག་མགོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།   སྔ་ཕྱིར<<ཟླ་ཟེར>><<མི་རིགས>><<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>><<ཁ་བཏགས་དཀར་པོ><<མཚོ་སྔོན་བོད་ཡིག་གསར་འགྱུར>><<ཁྲི་ཤོར་རྒྱལ་མོ>> <<གངས་དཀར་རི་བོ>><<ཤྭ་སྐྱ>><<སྤང་ལྗོངས>>དུས་དེབ་དང་། <<བོད་ལྗོངས་ཉིན་རེའི་ཚགས་པར>><<ཀན་ལྷོའི་གསར་འགྱུར>>དང<<ཁམས་པའི་ཚགས་པར>> <<མཚོ་སྔོན་ཁྲིམས་ལུགས་ཚགས་པར>><<མདོ་ལ་ཚགས་པར>><<གཞིས་ཀ་རྩེ་བོད་ཡིག་ཚགས་པར>><<ལྷོ་ཁའི་ཚགས་པར>> <<རྔ་བའི་བོད་ཡིག་ཚགས་པར>>དང<<མཆོད་མེ་བོད་ཀྱི་དྲ་བ>>སོགས་སུ་བརྩམས་ཆོས་འགོད་མྱོང་། 


 སྒྲུང་ནང་གི་རྨི་ལམ

ཐོད་པའི་ཁ་ཡིག་ཡིན་ནམ་འཁྲུལ་སྣང་གིས།། 

སེམས་ཀྱི་དབྱིངས་དང་དྲན་པའི་ཉིན་སྲིབས་ལ།། 

རི་དྭགས་མིག་ཅན་ཁྱེད་ཀྱིས་སྒེག་ཉམས་དག། 

བདེ་བའི་དཔལ་དུ་སྨིན་པའི་ལས་སུ་བྱེད།། 


ལས་ཀྱི་རི་མོར་བྲིས་པའི་བྱ་ཁྱུ་དག།

གཙང་བོའི་མཐའ་མཚམས་གཤེགས་ནས་ཡུལ་ལ་ལོག།

སྨྲེང་བའི་གདུང་བ་སྐྱེ་དང་མིག་དབང་ལ།། 

སྨུག་སྤྲིན་རབ་རིབ་འཐིབ་ཅིང་མཆི་མ་འཁོར།། 


གཞིས་ཀྱི་ནང་ལ་བཏུས་པའི་མེ་ཏོག་གམ།། 

ཉི་མའི་འོད་ཀྱིས་བཏབ་པའི་ཕྲ་ཚོམ་དག། 

བརྩེ་བའི་ཕོ་བྲང་ནང་དུ་བཤམས་ནས་ཡོད།། 

དུང་བའི་ཟིལ་བར་ལན་ཆགས་འཁོར་ནས་ཡོད།། 


ཚེ་གཅིག་རྨི་ལམ་ཡུལ་གྱི་སྒྲུང་ནང་ལ།། 

འཇའ་ཡི་གུར་ཁྱིམ་བསླེས་པའི་ངང་སེར་ཁྱུ།། 

མཚོ་ནང་ཞུགས་པའི་ཟླ་བ་ཇི་ལྟ་བར།། 

དྭངས་ཤིང་གསལ་བར་སེམས་ཀྱི་ནང་ལ་བབ།། 

 2018/8/24ཕྱི་དྲོ་ལ།        

       མཚན་མོའི་སྙན་ངག

མུན་པའི་གླགས་སུ་འཐེན་པའི་རྒྱུ་སྐར་དབུས་ཀྱི་ཟླ་བ་དེས།། 

མཚན་མོའི་འོབས་སུ་ལྷུང་བའི་ཡིག་འབྲུའི་མུན་པ་འོད་ཀྱིས་སྤར།། 

ཡིད་ཀྱི་མངའ་ཐང་སྲུང་བའི་གསེར་གྱི་ལྷུན་པོ་འགུལ་ཙམ་གྱིས།། 

ལོ་ཟླའི་མིག་ལ་ཆགས་པའི་ལས་ཀྱི་རི་མོ་གསུབ་པར་བྱེད།། 


དབྱར་ཁའི་མེ་ཏོག་བཞད་འདྲའི་སྐར་མའི་ཚོམས་དང་ལྗོན་ཤིང་དག།

བསིལ་འཇམ་རླུང་བུ་གཡུགས་པས་སྐད་ཅིག་སྐད་ཅིག་འདར་བར་བྱེད།།

ནམ་མཁའི་བྱ་དང་བས་མཐར་ལྷུང་བའི་རྟ་པ་དེ་དག་གི།

འགྲོ་བའི་ལམ་དུ་སྨུག་པ་འཐིབ་ཅིང་གྲང་ལྷགས་འུར་འུར་ལྡང་།།


ལང་ཚོའི་འདབ་མ་གློ་དང་སྙིང་གི་ནང་ལ་གཅུན་པའི་ཚེ།།

ངལ་བའི་རྒྱུ་དང་བསིལ་བའི་འཇམ་ཤ་གང་ཡིན་ནམ།།

འཚོ་བའི་ནང་དུ་རང་གི་ལག་པ་བསྲིངས་བའི་ཚེ།། 

གྲང་བའི་རླུང་དང་འཁྱགས་པའི་ཁ་བ་མར་མར་འབབ།།


མཚན་ལ་ལྷིང་འཇགས་དགོས་པའི་མི་དང་སེམས་ཅན་ཇི་སྙེད་ཀྱིས།། 

གྲིབ་མའི་ངོས་སུ་རང་གི་གཟུགས་བརྙན་བསྐྱོར་ནས་ཉི་འོད་སྒུག། 

ཚིག་དང་ཐ་སྙད་རེ་རེ་བརྩིགས་པའི་གནའ་བོའི་མཁར་རྫོང་ལ།། 

དོ་དགོང་སུ་དང་གང་གིས་སྒྱུ་ཐབས་ལྟ་བུའི་རྨི་ལམ་རྒུམ།། 

   2018/7/26ནུབ་མོར་ཕུལ། 


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།