རོལ་སྐུད་ཀྱི་སྙན་ངག་ཚན་པ་འགའ།

1.jpg

ནགས་ཁྲོད་ཀྱི་ལྷའི་རི་དྭགས།

རོལ་སྐུད།   [ རྔ་བ། ]

རྨད་བྱུང་སྐུ་ལ་མཚན་དཔེའི་མེ་ཏོག་འཁྱིལ།།

ཐུགས་བརྩེའི་ཆར་རྒྱུན་ཐོག་མེད་འགྲོ་ལ་བསྩལད།།

དཔག་ཡས་ལེགས་ཚོགས་ནོར་བུའི་འོད་འགྱེད་པ།།

ཐུབ་དབང་བུ་རམ་ཤིང་པར་མགོས་བཏུད་བྱ།།

མཁའ་ཡི་ཆུ་འཛིན་འདབ་མའི་གདེངས་ཀ་རུ།།

ཟླ་བྲལ་རིན་ཆེན་ཐོགས་མེད་ཡེ་ཤེས་སྤྱན།།

གདུལ་བྱ་པདྨའི་དགའ་ཚལ་སྐྱོང་ཕྱིར་དུ།།

རྣམ་ཀུན་མཁྱེན་པ་རབ་ཡངས་གཅིག་ཏུ་བརྩོན།།

རྟེན་འབྱུང་གཏམ་གྱི་སྦྲང་ཆར་སིལ་མ་ཉིད།།

ཕྱོགས་བཅུར་འབེབ་མཛད་སྟོབས་བཅུའི་སྒྱུ་འཕྲུལ་ཅན།།

ངེས་དོན་ལམ་མཆོག་ས་ལ་དབུགས་དབྱུང་པའི།།

འཛུམ་དཀར་ལྕགས་ཀྱུའི་སྣང་བ་མངོན་པར་གསལ།།

མཐའ་མེད་འཁོར་བའི་རོལ་རྩེད་སྣང་བའི་གར།།

གཡོ་མེད་ཏིང་འཛིན་འགྲིམ་པའི་ཀློང་དུ་སིམ།།

འཁོར་འདས་སྒྱུ་མའི་རྩེད་འཇོ་གཡོ་བའི་ཁྱོན།

བདེན་དོན་མངར་བའི་བདུད་རྩིའི་དྲི་ངད་འཕུར།།

ཟླ་ཤེལ་ཅོད་པན་འཆང་བའི་ཞལ་རས་ཀྱི།།

ཐུགས་རྗེའི་དཀྱུས་རིང་འཁྱུགས་པའི་སྤྱན་མདའ་ཡིས།།

སྲིད་ཞིའི་རྨོངས་པའི་མཐོ་དམའ་དྲང་བར་བརྒྱུས།།

ཉོན་མོངས་དགྲ་བཞི་རྫོགས་སངས་རྒྱས་དེ་རྒྱལ།།

ཇི་ལྟར་མཛེས་དཔྱོད་ལྟ་བའི་མེ་ཏོག་གིས།།

འཕུར་ལྷོད་སྦྲང་ཆུང་སྐྱེ་བོ་རྩལ་གྱིས་བཏེགས།

གྲངས་མེད་ཆོས་ཀུན་མཁྱེན་པའི་གང་གི་ཐུགས།།

ཕྱོགས་མེད་བགྲངས་ཡས་འགྲོ་ལ་བུ་ལྟར་བརྩེ།།

དད་སྟོབས་ལང་ཚོའི་སྤུ་ལོང་རབ་འཁྲིགས་ཏེ།།

ཡིད་བརྙན་ཚིག་གི་མེ་ཏོག་ཆུན་པོའི་ཚལ།།

སྤྱན་འདྲེན་ཚེ་རབས་རྗེས་འཛིན་གསོལ་བཏབ་ན།།

སྐྱེ་ནས་སྐྱེ་བར་ཐུགས་རྗེའི་མ་གཡོལ་ཅིག།

དབྱངས་ཅན་མའི་སྐུ་པར་མཇལ་རྗེས།

ག་བུར་དོ་ཤལ་འཛུམ་པའི་རྩེ་དགའི་ཀློང་།།

སྣ་ཚོགས་མེ་ཏོག་ཚོན་བརྒྱའི་དྲི་བསུང་ཅན།།

མི་ཤེས་རྨོངས་མུན་མཐུག་པ་སྒྲིབ་པའི་ངོར།།

རབ་གསལ་ངག་རིགས་བྱེ་བ་ཐུགས་ལ་སིམས།།

མཐོན་མཐིང་རལ་བའི་མུ་ཁྱུད་དབུས་ལམ་དུ།།

སྟོང་ཉིད་སྙིང་རྗེ་ཆེན་པོས་དབུ་ལྕོག་ལྡེམ།།

ཟག་མེད་ལམ་གྱི་ཐར་བའི་རི་སུལ་ན།།

ཀུན་རྫོགས་སྲིད་གསུམ་མཛེས་སྡུག་ལང་ཚོ་འཛིན།།

ཟླ་ཤེལ་རབ་ཏུ་བརྩེགས་པའི་ཕོ་བྲང་དུ།།

ཉམ་དགའི་འོད་ཕུང་གཡོ་བའི་རོལ་རྩེད་འཕྱོ།།

ངེས་འབྱུང་བློ་མིག་ངོས་ཀྱི་ཡིད་འཕྲོག་མ།།

དཔྲལ་བའི་མིག་དང་ཁོག་པའི་སྙིང་དུ་དཔྱངས།།

ཀྱེ་ཀྱེ་ཚུར་བྱོན་དབྱངས་ཀྱི་དགའ་མ་ལགས།།

མ་གཡེལ་བུ་ལ་ངག་གི་གཏེར་མཛོད་སྩོལད།།

ནད་པའི་མིག་ནང་གི་སྐྱོ་བ།

ཁྱོད་ཀྱི་གདུང་བའི་མིག་ཟུང་ལས

རང་ཉིད་ཁེར་རྐྱང་ཡིན་པའི་སྒྲུང་ཞིག་འཆད

ཁྱོད་ཀྱི་ཉམ་ཐག་པའི་ལུས་ཟུང་ལས

འཁྱག་ཧྲུལ་ནང་རྒས་གྱིན་པའི་ཀེང་རུས་མངོན

ཁྱེད་ཀྱི་ཡི་ཆད་པའི་ངོ་གདོང་ལས

ལང་ཚོ  བརྩེ་དུང 

འཇིག་རྟེན་གྱི་བྱ་དངོས་མཐའ་དག་སྐྱོ་ཚུལ་ཁྲིད

ཡང་ན  དུར་ཁྲོད་ཀྱི་བྱ་རྒོད་ལ་འཇིགས་ཚུལ་གླེང

2018.7.13

ལྐོག་གྱུར་གྱི་སྒྲུང་།

ངའི་ཡིད་གཤིས་ཀྱི་མེ་ཏོག

ན་ཚོད་སྒང་བུ་བཞིན་སྨིན་པའི

གཞོན་ནུ་མའི་བརྩེ་གཏམ་གྱིས་བརྐུས

ངའི་རང་ཚུགས་ཀྱི་ཀ་བ

ལམ་འགྲམ་གྱི་དཔུང་ཐུག་བརྒྱབ་པའི

གཞོན་ནུ་མའི་མིག་ཟུང་གིས་བཅགས

དོན་དངོས

བརྩེ་བ་ནི་ཤིན་ཏུ་ལྐོག་གྱུར་ཞིག་སྟེ

ཡིད་འོང་གི་སྐད་ཅིག་མ་དེ་དག་གཏན་དུ་བོར་ཐབས་བྲལ

2018.7:19

 བློས་བསླངས་གི་སྒྲུང་།

གལ་ཏེ

ངས་ནམ་ཞིག་རང་གི་སྟོང་བསམ་གྱི་རྟ་ཁྱུ་དེད་ནས

སླར་ཡང་ཁྱེད་ཀྱི་མངའ་ཐང་དུ་གནས་བཅའ་བར་ཐོན་ཚེ

ཁྱེད་ཀྱིས་སྔར་བཞིན་ང་རང་རང་གི་མི་ཚེ་འཕྲོག་མཁན་གྱི

རྐུན་པོར་རློམ་ནས་རྒྱང་དུ་བསྐྲད་སྲིད་དམ

གལ་ཏེ     

ངས་ནམ་ཞིག་མི་ལོ་དུ་མའི་སྔོན་དུ་འཁྱག་ཤི་ཐེབས་པའི      

གཏམ་རྒྱུད་ཀྱི་ལྷུ་རྐང་ལ་སླར་ཡང་མེ་ཁ་བསྒོས་ཏེ      

ཁྱེད་ལ་བཤད་པར་ཐོན་ཚེ

ཁྱེད་ཀྱིས་སྔར་བཞིན་སྐད་ཆའི་མདའ་མཚོན་གྱིས      

ང་ལ་གཡུལ་བཤམས་སྲིད་དམ

གལ་ཏེ

ང་ནམ་ཞིག་སླར་ཡང་ཨུ་ཚུགས་ཀྱི་གྲུ་ཆུང་ལ་བསྡད་དེ 

འཇིག་རྟེན་གྱི་གཙང་བོ་འདི་བརྒལ་ཏེ       

ཁྱེད་ཀྱི་ཟུར་མིག་དང་རྒྱབ་གཟུགས་བཙལ་བར་ཐོན་ཚེ      

ཁྱེད་ཀྱིས་སྔར་བཞིན་ང་རང་སེམས་སྐྱ་མོའི་ལས་ལ་བསྐོས་སྲིད་དམ

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།