ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བྱང་གྲོལ།   སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ལ་རྨི་ལམ་ཞིག་ཡོད

མིན ཕུགས་བསམ་ཡིན

ཆེ་བར་བཤད་ན་ཧ་ཅང་ཆེ

ཆུང་དུ་བཏང་ན

ང་ལ་ལུས་སེམས་བདེ་ཐང་ཞིག་ཡོད་པས་ཆོག

སྐྱེས་མ་ཐག་ནས་དུང་ཞིག་བུས

དེ་ནི་བུ་ཞིག་ཡིན་པའི་རྟགས་ཡིན

དེ་ནས་བཟུང

དཔུང་བ་སྦོམ་དགོས

གཉའ་ཤ་མཐུག་དགོས

མ་མཐའ་ཡང་རང་གི་མགོ་བོ་རང་གིས་ཁྱོགས་དགོས

ང་ལ་གཤོག་པ་ཐོགས་མེད་ཀྱང

འཕུར་འདོད་ཀྱི་སྣང་བ་ཧ་ཅང་མཐོ

ལམ་སྐབས་སུ་རྙེད་པའི་གསེར་དག

སྲེག་བཅད་བརྡར་གསུམ་བགྱིས་མཐར

རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་བསྐྲུན་ཏེ

དེ་ལ་ཕྲ་རྒྱན་འདེབས་འདོད

དབྱངས་གསལ་སོ་བཞི་གཡས་སུ་དཔྱངས་ཡོད

གཞན་དག་ཀྱང་ཧ་ཅང་ལྕི་བས

ང་ལ་ཆུང་དུས་ནས་ཁུར་ཁྲེས་ལྕི་མོ་ཞིག་འདུག

ཨ་མས་ཡང་ཡང་ཇེ་ཉུང་དུ་བཏང་ཡང

སྔར་བཞིན་ལྕི་བས ང་རང་བཞིན་གྱིས་གཟུགས་ཆུང

སེམས་དོག ལུས་ཆད་པའི་ན་ཆུང་སྙིང་རྗེ་ཞིག་ཏུ་གྱུར་ཚར

རང་ལོ་བཅོ་བརྒྱད་ལ་བུད་ཀྱང

ང་རང་འགྱིང་ནས་སོང་ཆོག་ཆོག་གི་སློབ་ཆེན་མང་པོ་མི་འདུག

དེ་དག་ནའང་ངས་བདམས་ཆོག་ཆོག་གི་ཆེད་ལས་མི་འདུག

དེ་ག་ནས་ཀྱང ང་ཇེ་ཆུང་དུ་ཕྱིན་ཚར

ཧ་ལམ གཞན་ཞིག་གི་རྐང་འོག་ཏུ་མནན་ཚར

སྐབས་དེ་དག་ཏུ ང་ནི་སྤྲིན་འོག་ཏུ་བཅུག་པའི་ཉི་མ་སེར་པོ་དེ་ཡིན

ནམ་ཞིག་གི་ཚེ་འོད་འཕྲོ་བར་ཁྱེད་ལ་རེ་ལྟོས་ཆེ་ཨང

འཛིན་ཡིག་གྲུ་བཞི་མ་དེ་ཞེང་ཆེ་བས

རྒྱབ་ཁུག་ཏུ་མ་ཆུད

དེ་ལ་ཕྲ་ཞིག་བརྒྱན་ནས་གོང་ལ་བཤམས་ཀྱང

དེ་ཁྱེར་ནས་སོང་ཆོག་ཆོག་གི་ལས་ཁུངས་ནི

ཉུང་ཞིང་ཉུང ཆུང་ཞིང་ཆུང

དེ་ག་ནས་ཀྱང ང་ཇེ་ཆུང་དུ་ཕྱིན་ཚར

ཧ་ལམ གཞན་ཞིག་གིས་ཟུར་ཞིག་ལ་དེད་ཚར

སྐབས་དེ་དག་ཏུ ཁྱེད་ཚོ་ཡང་བློ་ཕམ་བྱུང་འདུག

ང་ལ་མགོ་བོ་དང་སྐྲ་ལོ་རིང་པོ་ལས་ཅི་ཡང་ལྷག་མི་འདུག

དེ་ཡང་ཕ་མས་སྤྲད་པ་ཡིན

གྲོང་ཁྱེར་ཞེས་རྫུབ་མཐུག་པའི་གནས་འདི་ནས

ང་རྐང་ཐང་དུ་སོང་ནས་ཡུན་རིང་འགོར

ལམ་སྐབས་དག་ཏུ་མེ་ཏོག་ལྟ་བུའི་ཁྱོད་ཀྱང་མཐོང་མྱོང

དེས་ངའི་སེམས་པ་གསོས་ནས་ཡུད་ཙམ་འགོར

ད་དུང ཁ་དོག་མི་འདྲ་བ་མང་པོ་ཞིག་རིག་མྱོང

སེར་པོ་གསེར་ལྟ་བུ དམར་པོ་ཁྲག་ལྟ་བུ

དཀར་པོ་དུང་ལྟ་བུ སྔོན་པོ་གཡུ་ལྟ་བུ

ནག་པོ་སོལ་ལྟ་བུ ཁ་དོག་མི་འདྲ་བ་ལ་གཟུགས་མི་འདྲ་བ་རེ་བྱུང

ང་ཧ་ཅང་ཐང་ཆད་པས

འགྱིག་ཁུག་ཏུ་བཅུག་པའི་ཆུ་རྫུན་མ་དེ་ཧབ་ཀྱིས་འཐུང

འགྱིག་གིས་ལས་པའི་སྤང་རྫུན་མ་དེ་གདན་དུ་བཏང་ཡོད

དོན་དམ་དུ་ང་རང་བྱུང་གི་ཆུ་ཧུབ་གང་འཐུང་བར་རྫ་ལ་འགྲོ་འདོད

རྫ་འབྲོང་མོའི་རྨུག་ཤུལ་ནས་འཐུང་འདོད

རྡོ་གཡའ་མའི་བར་སྲིབས་ནས་འཐུང་འདོད

དོན་དམ་དུ་ང་རང་བཞིན་གྱི་ངལ་ཞིག་གསོ་བར་སྤང་ལ་འགྲོ་འདོད

ལུག་གཡང་དཀར་གྱི་འབའ་སྒྲ་ལ་ཉན་འདོད

ཨ་ཕོ་ལུག་རྫིའི་ལ་གླུ་སྐད་ལ་ཉན་འདོད

དོན་དམ་དུ་ང་ཁེར་རྐྱང་དུ་དེད་ནས་ཡུན་རིང་འགོར

བླངས་ཆོག་ཆོག་གི་གླུ་མི་འདུག

གྱེར་ཆོག་ཆོག་གི་ཚིག་མི་འདུག

ངས་ཤོག་སྨྱུག་ལ་མིག་ཟུང་སྤྲད ཁ་ལྕེ་སྤྲད

དེ་དག་གྲོགས་སུ་བཀུག སྙིང་གཏམ་བཤད

ཧ་ལམ དེ་དག་ནི་དཀྱེལ་ཡངས་པའི་གྲོགས་པོ་རེད

འཁང་ར་མེད ངོ་གཉིས་མིན

སོང་སོང་ཡང ང་ཐོན་ས་ཞིག་ལ་མ་ཐོན

ངས་སྔར་བཞིན་སྙན་ངག་རེ་བྲིས་ནས་ཡོད

སྙན་ངག་ལ་གཤོག་པ་སྤྲད་ནས་ཁྱེད་ཕྱོགས་སུ་བཏང་ན

ཁྱེད་ལ་དེ་བཞིན་དུ་འབྱོར་བར་ཤོག

དེ་ནི་ངས་གྲོང་ཁྱེར་དུ་རྙེད་པའི་གྲིབ་གཟུགས་ནག་པོ་དེ་མིན

ཡང་ན གངས་འདབས་ནས་བོར་བའི་བློ་སེམས་དཀར་པོ་དེ་མིན

དེ་ནི་ད་རག་བར་དུ་ཨུ་ཚུགས་ཀྱིས་འགྲེངས་པའི་རང་ཚུགས་དེ་ཡིན

དེ་ནི་ད་རག་བར་དུ་རང་ཚུགས་ཐུབ་པའི་སྒལ་ཚུགས་དེ་ཡིན

དེ་ལ་སྨོན་འདུན་ཞིག་ཀྱང་འདྲེས རེ་བ་ཞིག་ཀྱང་འདྲེས

དེ་ནི་འཚོ་བ་ལ་སྤྲད་པའི་ཉི་ཟླ་དེ་ཡིན

བརྩེ་བ་ལས་བསྲུབས་པའི་འདོད་ཆང་དེ་ཡིན

དེ་བཏུངས་ནས་ར་བཟི་མཁན་མང

ང་ཡང་དེ་ཁྲོད་ཀྱི་གཅིག་ཡིན

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།