ངས་འཚོལ་བཞིན་པའི་རྨི་ལམ་དེ་ཁྱོད་ཡིན་ནམ།(ཞར་བཀོད་གཉིས)

ངས་འཚོལ་བཞིན་པའི་རྨི་ལམ་དེ་ཁྱོད་ཡིན་ནམ།


ཡུན་རིང་དུ་བསྒྲིགས་པའི་ཡིག་འབྲུ་དག་ནི

གཤོག་པ་ཐོགས་པའི་སེམས་པ་ཞིག་དང་འདྲ་བར

རྨི་ལམ་གྱི་ཕྱོགས་སུ་བརྒྱུགས

རྨི་ལམ་དུ་རྨིས་པའི་ཡུལ་ལྗོངས་དེ་ཧ་ཅང་མཛེས

མེ་ཏོག་དང་སྤྲིན་དཀར་གྱི་ཚོགས་ནི་ཚོམ་བུར་ཚོམ་བུར་བཞད

དེ་དག་གི་གསེབ་ན་དམར་ཤ་ཆགས་པའི་ཞལ་རས་ཤིག་ཡོད

ངས་ཡང་ཡང་ལག་སྙོབས་བྱས་ཀྱང་མ་ལོན

འོན་ཀྱང རྨི་ལམ་དུ་རྨིས་པ་ཐེངས་གཅིག་མིན

རྨི་ལམ་དུ་གླུ་བླངས་ལ་བྲོ་འཁྲབ

རྨི་ལམ་དུ་མེ་ཏོག་འཐུས་ཤིང་ཆུ་རྩེ་བྱས

ཁ་སང་ཡིན་མདོག་གི་རྨི་ལམ་དེ་ལྗང་ཁུ་ཞིག་ཡིན

རྨི་ལམ་ཁྲོད་ཀྱི་ཡུལ་ལྗོངས་དང་འདྲ་བར་ལྗང་ཁུ་ཞིག་ཡིན

མཚམས་མཚམས་སུ་མེ་ཏོག་འདྲ་བའི་སེར་ཐིག་ལྷུང་ཡོད

འཛུམས་མདངས་འདྲ་བའི་དམར་མདངས་རྒྱས་ཡོད

དེ་ནི་འཇའ་ཚོན་ལྟ་བུ་ཞིག་ཡིན

ལག་པས་མ་ཟིན་པའི་འཇའ་ཚོན་ལྟ་བུ་ཞིག་ཡིན

འཇའ་ཚོན་འབྲི་མཁན་དེ་ཁྱོད་ཡིན་ནམ

ངས་ཟླ་བ་སྒོར་སྒོར་ཞིག་བྲིས་ཏེ་མཁའ་ལ་བཏང་ཡོད

ངས་མེ་ཏོག་དམར་པོ་ཞིག་བཏོགས་ཏེ་ས་ལ་བཙུགས་ཡོད

རྨི་ལམ་གྱི་ཡུལ་ལྗོངས་དང་ཧ་ཅང་འདྲ

དེས་ན་བར་སྣང་དུ་འཕུར་གྱིན་པའི་ཕྱེ་ལེབ་དེ་ཁྱོད་ཡིན་ནམ

ཡིན་ན་ཁྱོད་ཀྱི་གཤོག་རྡེབ་ཀྱི་གཟུགས་ནི

ང་ལ་བསྟན་པའི་གསང་བརྡ་ཞིག་ཨེ་ཡིན

རྨི་ལམ་དེ་གཟུགས་སུ་གྲུབ་ན

གྲུ་བཞིའམ་ཟུར་གསུམ ནར་མོ་གང་ཡང་རུང་སྟེ

ངས་དེ་ལ་སྐྱ་ཐིག་ཅིག་ཕབ་ཡོད

དེ་ལ་ཚོས་ཀྱང་བྱུགས་ཆོག་སྟེ

དམར་པོ་དང་སེར་པོ དཀར་པོ ད་དུང་ལྗང་ཁུ་ཡང་ཡོད

དེ་ནི་རྨི་ལམ་ཁྲོད་ཀྱི་ཡུལ་ལྗོངས་དང་འདྲ་ལེ་རེད

ཧ་ཅང་མཛེས་སྡུག་ལྡན་པའི་ལྗང་ཁུ་ཞིག་ཡིན་ངེས

མཚམས་མཚམས་སུ་མེ་ཏོག་འདྲ་བའི་སེར་ཐིག་ལྷུང་ཡོད

འཛུམ་མདངས་འདྲ་བའི་དམར་མདངས་རྒྱས་ཡོད

དེ་ནི་འཇའ་ཚོན་ལྟ་བུ་ཞིག་ཡིན

འཇའ་ཚོན་འབྲི་མཁན་དེ་ཁྱོད་ཡིན་ནམ

ངས་འཚོལ་བཞིན་པའི་རྨི་ལམ་དེ་ཁྱོད་ཡིན་ནམ

རྨི་ལམ་ཁྲོད་ཀྱི་མི་དེ་ཁྱོད་ཡིན་ནམ

   

གནམ་མཐའི་ཟླ་བ་གོར་གོར་དེ་ཁྱེད་ཡིན་ནམ།

—བརྗེད་མ་ཐུབ་པའི་མི་ཞིག་ལ་བསྐུར།    

ངོ་གདོང་གནམ་ལ་ཕྱོགས་དུས

ནམ་མཁའ་ཡང་གཟིམས་ལ་ཉེ་ཨང

ཡོད་ཚད་མུན་ནག་གི་ཁུག་མ་ཞིག་ལ་བཅུག་རྗེས

ཧ་ཅང་ཡིན་མདོག་གི་རྫིག་རྫིག་འདྲ་བྱེད་ཀྱིན་འདུག

གནམ་མཐའི་ཟླ་བ་ཁོ་ན་གསལ་ལྷིང་ངེར་འཚེར་ཡོང

དེ་ནི་ཁྱེད་རང་ཡིན་ནམ

ཁ་སང་བསམ་འོང་དུས

ཅི་འདྲའི་ཉེ་ས་ཞིག་རེད་ཨང

ཕྱིར་དྲན་ཁུག་མ་གང་གློག་ཀླད་ཀྱི་པར་དེབ་ཏུ་བཅུག་རྗེས

ཡིག་འབྲུ་འགའ་ཡི་མགོ་རྔ་བསྒྲིགས་ནས་རྗེས་དྲན་ཞུས

བརྗེད་མ་ཐུབ་པ་ནི་ཁྱེད་ཡིན་པས

ཁྱེད་བདེ་བར་བཞུགས་སམ

སང་ཉིན་ཟེར་ན

ཧ་གོ་རྒྱུ་མེད་པའི་གནས་ལུགས་ཆེན་པོ་ཞིག་རེད་ཨང

ད་དུང་ཡང་གནས་ལུགས་ཅི་འདྲ་ཞིག་རྟོགས་རྗེས

འཛེམ་དོགས་ཅི་ཡང་མེད་པར་ཀི་ཞིག་བཏབ་ཆོག

དེ་དུས་ང་གང་དུ་ཡོད་དམ

ཁྱེད་གང་དུ་ཡོད་དམ

དོ་ནུབ་གླེང་ན

གནམ་མཐའི་ཟླ་བ་སྒོར་སྒོར་དེ་ཁྱོད་ཡིན་ནམ

   

འཆི་བར་མི་འགྱུར་རོ།

——གློག་བརྙན་ཞིག་ལ་བལྟས་རྗེས།    

མིག་གི་མདངས་སུ་གནས་པ་སང་ཉིན་ཡིན

སང་ཉིན་གྱི་ཉི་འོད་ཡིན

སང་ཉིན་གྱི་མེ་ཏོག་ཡིན

སེམས་ཀྱི་ངོགས་སུ་བཞུར་བཞིན་པའང་སང་ཉིན་ཡིན

སང་ཉིན་གྱི་མཁའ་དབུགས་ཡིན

སང་ཉིན་གྱི་སང་ཉིན་ཡིན

སྒྲ་མེད་པ་སྒྲ་ལྡན་དུ་འགྱུར་བར་ཤོག

གཟུགས་མེད་པ་གཟུགས་ཅན་དུ་འགྱུར་བར་ཤོག

དྲི་མེད་པ་དྲི་ཅན་དུ་འགྱུར་བར་ཤོག

རོ་མེད་པ་ཐམས་ཅད་རོ་ལྡན་དུ་འགྱུར་བར་ཤོག

རེག་བྱ་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་བར་ཤོག

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།