ཀྲུང་གོ་བོད་ཀྱི་དྲ་བ།

སྨྲེང་བུའི་གསར་བྲིས་སྙན་རྩོམ་འོས་སྦྱོར།——གདུང་དབྱངས་རིང་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྨྲེང་བུ།   སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 གདུང་དབྱངས་རིང་མོ།

༧ འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་ཏེ་བདུན་ཕྲག་གསུམ་ཙམ་སོང་བའི་དྲིན་ཆེན་ཨ་མ་ལགས་ལ་བྲིས་པའི་སྙན་ངག་དྲུག་ཙམ་ཡོད་པ་དག་ནི་མ་དྲིན་མོ་ཆེ་འཇིག་རྟེན་འདིར་སྐུ་འཚོ་ཞིང་གཞེས་པའི་གནས་སྐབས་སུ་དྲིན་དྲན་པའི་ཆེད་དུ་བྲིས་པ་ཤ་སྟག་ཡིན་ཡང་། གྱེས་བྲལ་གྱི་ཁུར་བོས་མནར་བའི་སྐབས་འདིར། འདི་ནི་སྙིང་ཁོང་རུས་པའི་རྟིང་ནས་རྗེས་སུ་དྲན་པ་དང་གདུང་དབྱངས་མཚོན་བྱེད་ཙམ་ཡིན་པ་མ་ཟད། བསྔོ་བ་སྨོན་ལམ་གྱི་དོད་ཙམ་མམ་ས་བོན་ལྟ་བུར་འགྱུར་རུང་བའི་ཤུགས་དྲག་གི་དད་གདུང་དང་བཅས་ཏེ་ཕྱི་ནང་ཉེ་རིང་གི་སྙན་ངག་ལ་དགའ་དད་ཆེ་བའི་གྲོགས་པོ་ལྷན་རྒྱས་ཀྱི་སྙན་དུ་མཆིད་གསོལ་བ་སེམས་ལ་བཏབ་པའི་ཡི་གེ་ལགས་སོ།།

 ༢༠༡༨ལོའི་བོད་ཟླ་དྲུག་པའི་ཚེས་གཅིག་ཉིན་དཔལ་གྱི་ཆོས་འཁོར་ལྷ་ས་རུ་སྦྱར་བ་དགེ་ལེགས་འཕེལ།

4.jpg

སྐྱེས་མིང་ལ་དོན་གྲུབ་ཚེ་རིང་། སྨྱུག་མིང་ལ་སྨྲེང་བུ། ཕ་ཡུལ་མང་རྫོང་བྱ་མདོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་རྩོམ་རིག་ཚན་ཁག་གི་འགན་འཛིན། དགེ་རྒན་ཆེན་མོ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མི། རྩོམ་པའི་སྐོར་ལ《ཁང་བ་སྔོན་པོའི་གཏམ་རྒྱུད》དང་། 《སྨྲེང་བུའི་འདྲ་འབག》ཅེས་པ་ཡོད། དཔྱད་པའི་སྐོར་ལ《རྩོམ་ཉམས་དཔེ་ཁྲིད》དང་། 《བོད་རྩོམ་འཕྱོར་འབྲི་དང་སྒྱུ་རྩལ་མྱོང་རོལ》ཞེས་པ་ཡོད། བསྒྲིགས་པའི་སྐོར་ལ《མཁས་པའི་ཞལ་གདམས》དང་། 《འཕྲིན་ཡིག་བརྒྱ་རྩ་ཕྱོགས་བསྒྲིགས་མར་མེའི་རྩེ་མོ》《ལྷུག་རྩོམ་སུམ་ཅུ་པ་དང་དཔྱད་པ་ཚིག་གསུམ》《བོད་སྐད་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ》《བོད་ཀྱི་རྩོམ་རིག་ཞིབ་འཇུག》《བོད་ཀྱི་དམངས་རྩོམ་མྱུར་སྐྱོབ་ལེགས་བསྒྲིགས་དེབ་ཕྲེང》ཞེས་པ་ཡོད། བསྒྱུར་བའི་སྐོར་ལ《འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས》ཞེས་པ་སོགས་ཡོད་དོ། །

2.jpg

བྱང་གི་མིང་མེད་མཚོ་ངོགས་སུ་ཨ་མ་དྲན་པ།

དོ་ནུབ     གཉིད་ཁྱོན་ནས་ཁུག་ཐབས་མི་འདུག

སྟོན་ལོ་སེར་པོ་འཐོར་བའི་སག་སག་གི་སྒྲའི་གསེབ་ཏུ།

སྒེའུ་ཁུང་ཕྱི་རོལ་གྱི་སྐྱ་ཀ་ཁྲ་མོའང་ཐོས་རྒྱུ་མི་འདུག

དོན་ལ    གཉིད་ཀྱི་རྩ་བ་སྒུལ་མཁན་ནི།

སྐྱབས་འགྲོ་ཚིག་གསུམ་སྙིང་ལ་སྒོམ་པའི་ཨ་མ་ཡིན།


སྔོན་ཆད་ཨ་མས     བུ་བུ་མོ་ཚོ་མིག་དང་སེམས་ཀྱིས་བསྐྱངས་ཡོད།

སྨོན་ལམ་དང་རྟེན་འབྲེལ་ཁོ་ནས་བསྐྱངས་ཡོད།

ད་ཆ     བུ་བུ་མོ་ཚོར་གཤོག་པ་སྐྱེས་ཏེ་རང་སར་འཕུར་སོང་།

རྒས་ཁའི་ལ་ཁར་གཏུགས་པའི་ཨ་མ་གཅིག་པུ་ཤུལ་དུ་བསྐྱུར་ཏེ།

ཁ་ཅིག་རྒྱ་མཚོའི་ཕ་རོལ་གྱི་ཕྱི་གླིང་དུ་འཕུར་སོང་།

ཁ་ཅིག་བྱང་གི་མིང་མེད་མཚོ་ངོགས་སུ་འཕུར་སོང་།


ལོ་འགའི་སྔོན་དུ།

རྨོ་མོས་ཀྱང་སྐྱབས་འགྲོ་ཚིག་གསུམ་འཁྱེར་ནས།

ཐ་ན་ལག་རྟེན་དང་ཕྲེང་གོག་ཀྱང་ཤུལ་དུ་བསྐྱུར་ཏེ།

ཁེར་ཧྲེང་ཧྲེང་གིས་སོང་ཚུལ་དེ་དྲན་ཚེ།

སེམས་པ་སྡུག་གིས་གཟིར་བའི་བཀྲ་མི་ཤིས་པའི་ཉི་མ་ཞིག་ལ།

མིག་སྔར་སུན་སྣང་གིས་གཙེས་པའི་ཨ་མ་ཁྱོད་ཀྱང་།

ཇ་ཚ་མོ་ཕོར་གང་འདྲེན་མ་ཐུབ་ལ།

སྟན་འཇམ་པོ་ཞིག་ཀྱང་འདིང་མ་ཐུབ་པར།

ལག་རྟེན་དང་ཕྲེང་གོག་ཤུལ་དུ་བསྐྱུར་ཏེ།

སྐྱབས་འགྲོ་ཚིག་གསུམ་འཁྱེར་ནས་འགྲོ་དགོས་པ།

སུས་ཀྱང་བཟློག་ཐབས་མེད་པའི་ཆོས་ཉིད་ཡིན་པའི་ཧ་གོ་ཡོད།


ཨ་མ་ཁྱོད་སློབ་གྲྭ་ཆེ་འབྲིང་འགྲིམ་མྱོང་མེད་ལ།

ཕྱི་གླིང་དང་མཚོ་ངོགས་སུ་འཕུར་མྱོང་མེད་ཀྱང་།

མཚན་མོར་གཉིད་མེད་ཉིན་མོར་ཟས་མེད་པའི་ལོ་ཟླར།

བློ་རྒྱ་དང་ལུས་ཟུངས་རྐྱང་རྐྱང་གིས་བཀུགས་པའི།

གྲོང་ཚོ་དེའི་ནམ་མཁར་ལྷ་སྒྲུང་དང་དགོད་སྒྲ་བསྐྱིལ་ཡོད།


རྒྱུས་མེད་གྲོང་ཁྱེར་འདིའི་ལྗོན་རྩར་འབབ་མ་ཐུབ་པའི་བུ་ཆུང་དོན་གྲུབ།

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་ཚར་རྗེས།

ད་ཆ་བྱང་གི་མེད་མེད་མཚོ་ངོགས་སུ་སླེབས་ཀྱང་།

མཚན་མོའི་གཉིད་དང་ཉིན་མོའི་ཟས་མ་གཏོགས།

དེ་ལས་ལྷག་པའི་སེམས་ཁུར་དང་རྒྱང་ལྟ་ཞིག་ཇི་འདྲ་དཀའ་ཨང་།


ཤིང་ཁང་ཡག་པོ་ཞིག་གི་ནང་དུ།

ཨ་མ་ཁྱོད་གཅིག་པུ་འདའ་འདུར་གྱིས་སོང་ཞིང་།

འཁྱའ་འཁྱོར་གྱིས་ལོག་པའི་ངང་ཚུལ་དེ་དྲན་ཚེ།

ཤིང་ཁང་དྲོན་པོ་ཞིག་གི་ནང་དུ།

ཨ་མ་ཁྱོད་གཅིག་པུས་མཚན་རིང་མངན་པས་སྐྱེལ་ཞིང་།

ཉིན་མོ་དྲན་གདུང་གིས་གཟིར་བའི་ངང་ཚུལ་དེ་དྲན་ཚེ།

སྒོ་ར་གྲུ་བཞིའི་ནང་དུ།

ཨ་མ་ཁྱོད་གཅིག་པུས་ཟས་ཞིམ་པོ་ལུས་ཀྱིས་མི་ལྕོགས་ཤིང་།

གཏམ་སྙན་པོ་འཆད་ས་མེད་པའི་ངང་ཚུལ་དེ་དྲན་ཚེ།

བྱང་གི་མེད་མེད་མཚོ་ངོགས་སུ་འཁྱར་བའི་བུ་ཆུང་ངས།

ཨ་མ་ཁྱོད་གཅིག་པུ་ཤིན་ཏུ་དྲན་བཞིན་པའི་སྒང་ཡིན།                                                        

              ༢༠༡༡ལོའི་ཟླ༡༡ཚེས༥མཚན་མོར་བྲིས།

8.jpg

བསྐྱུར་མི་ཐུབ་པ་འབའ་མང་རའི་བྱེ་སྣ་ཁྱོད་རེད།

ད་ལོ་དབྱར་གཞུང་།

འབའ་སྟོད་བརྒྱུད་དེ་མང་སྟོད་དུ་ལན་ཅིག་ཆས།

མང་སྟོད་བརྒྱུད་དེ་བྱ་སྟོད་དུ་ཐེངས་ཤིག་སོང་།

འབའ་སྟོད་མང་སྟོད་བྱ་སྟོད་གསུམ།

མང་འབའ་བྱ་གསུམ་གྱི་སྟོད་རྒྱུད་ཡིན།

མང་ཆུ་འབའ་ཆུ་བྱ་ཆུ་གསུམ་གྱི་ཆུ་འགོ་ཡིན།


འབའ་མང་རའི་བྱེ་སྣ་མང་སྟོད་དུ་ཆགས་ཡོད།

སྐར་ཆུང་ཁང་བཟང་ཚོང་འདུས་བྱེ་སྣར་བཏབ་ཡོད།

དེ་ནི་གཅུང་པོའི་ཁ་རྒྱབ་གསོ་བའི་རྟེན་གཞི་ཙམ་ཡིན།

ཨ་མས་ཀྱང་རེ་ཞིག་རང་ཡུལ་བསྐྱུར་ཏེ་བུ་ཆུང་ཡོད་སའི།

བྱེ་སྣར་འབྱོར་ནས་ཟླ་འགའ་ཕྱིན་སྐད།


ཆར་པ་འབབ་ཞོད་ཆེ་བའི་ཕྱི་དྲོ་ཞིག་ལ།

ཨ་མའི་རྒས་གཉེར་གསེབ་ཀྱི་འཛུམ་ཆུང་དེ་ཡང་བསྐྱར་མཐོང་བྱུང་།

འཛུམ་ཆུང་དེའང་དབུ་སྐྲ་དཀར་པོའི་གསེབ་ནས་མཐོང་བྱུང་།

དབུ་སྐྲ་དཀར་པོ་དེའང་གོམ་སྟབས་འཁྱའ་འཁྱོར་དང་འགྲོགས་ནས་མཐོང་བྱུང་།

སྨྲ་བ་ཉུང་ཞིང་མེད་པའི་ངང་ལ།

རྒས་པའི་སྡུག་བསྔལ་ཟེར་བ་ཞིག་ཀྱང་གོ་བྱུང་།

གཉོམ་དུངས་སེའི་སྙིང་རྗེ་ཞིག་ཀྱང་སྐྱེས་བྱུང་།


ཕྱི་དྲོ་ཧྲིལ་པོ་དེ།

དགའ་དགོད་དང་ཁ་བརྡས་བསྐྱལ།

མཚན་མོ་ཕྱེད་ཀ་དེ།

ཁ་བརྡ་དང་སེམས་གསོས་བསྐྱལ།

ཕྱི་ཉིན་ཞོགས་པར།

ནམ་རྒྱུན་ལྟར་སྨྲ་བ་ཉུང་ཞིང་མེད་པའི་ངང་ལ།

ཨ་མའི་མིག་ཆུ་དེ་ཡང་བསྐྱར་ངའི་སེམས་ལ་བབས་སོང་།

སེམས་ཀྱི་རི་ཆུ་ཐང་གསུམ་ལ་བབས་སོང་།

རྒས་པའི་ཆུ་བུར་གྱིས་བསྐོར་བའི།

རིག་རིག་མིག་གི་སྐྱེལ་མ་དེ་ངའི་མིག་ལམ་ནས་མ་ཡལ།

རིག་རིག་མིག་གིས་བྱ་སྟོད་ལམ་ལ་སྐྱེལ་མ་ཞུས་བྱུང་།

ངའི་དབུས་ལམ་རིང་མོར་སྐྱེལ་མ་ཞུས་སོང་།


ཉིན་འགའི་རྗེས་སུ།

ངས་ཙོང་ཁའི་སྐྱེས་རི་དང་མཚོ་སྔོན་པོ་བསྐྱུར་ནས་དབུས་ལ་སོང་།

ངས་བྲག་གི་ཐེམ་ཆེན་དང་གཡེར་མོ་ཐང་བསྐྱུར་ནས་དབུས་ལ་སོང་།

ང་སྐྱེས་སའི་རི་ཆུ་ཐང་གསུམ་བསྐྱུར་ཐུབ་ཀྱང་།

ངས་བསྐྱུར་མི་ཐུབ་པ་འབའ་མང་རའི་བྱེ་སྣ་ཁྱོད་རེད།                               

༢༠༡༢ལོའི་ཟླ༨ཚེས༢༨ཉིན་གྱི་དགོང་དྲོར་དབུས་སུ་སྦྱར།

6.jpg

 ཙོང་ཁའི་སྐྱེས་རིའི་འདབས་ཀྱི་གྱེས་ཕྱག

 —ཨ་མ་ལགས་ལ་བྲིས་པའི་སྙན་ངག་ཨང་གསུམ་པ།

ཁ་བ་འབབ་པའི་ཞོགས་པ།

ཁ་བའི་ལོ་མ་ཐོར་ཞིང་ལྡིང་གིན་པའི་གསེབ་ཏུ།

ཨ་མ་ལགས་ཀྱི་འཛུམ་ཆུང་ལ་ཤུགས་མེད་ཀྱང་།

དབུས་བཞུད་བུ་ཆུང་གི་སེམས་ལ་དྲོད་ཁོལ་བསྐྱིལ་བྱུང་།


ཞོགས་པ་དེ་ནི་ས་ཟི་ལིང་མཁར་གྱི་ཞོགས་པ་རེད།

ཁ་བ་དེ་ནི་ཙོང་ཁའི་སྐྱེས་རིའི་འདབས་ཀྱི་ཁ་བ་རེད།

ནམ་མཁའ་དང་མཉམ་པའི་སེམས་ཅན་ལ།

ནམ་མཁའ་དང་མཉམ་པར་ཕན་དུ་རེ་བ།

ཚེའི་འདུ་བྱེད་རིང་དུ་བསྲིང་སའི་ཀུན་ར་འདིར།

ཞོགས་པར་ཁ་བའི་ལོ་མའི་གསེབ་ཏུ་འཛོམས་ཀྱང་།

དགའ་དགོད་དང་སྙིང་གཏམ་གྱི་དྲོད་སྐྱིད་ཤོར།

གནམ་ལོ་གསར་ཚེས་ཀྱི་སྣང་བ་ནུབ།

ཡང་བསྐྱར་ལན་ཅིག་ཞལ་ངོ་མཇལ་ཞིང་།

དབུ་སྐྲར་བྱིལ་བྱིལ་བྱ་བའི་གོ་སྐབས་དེ་ནི།

ཁ་བའི་ཀློང་དུ་ཚང་མལ་འཚོལ་བའི་བྱིའུ་ཆུང་དང་འདྲ་ཨང་།

བྱིའུ་ཆུང་འདིས་བདེ་བླག་ངང་ཚང་མལ་རྙེད་ཅིང་།

རྒྱུན་རིང་མ་བུ་ལྷན་འཛོམས་ཀྱི་དྲོད་སྐྱིད་ཚོར་ཤོག


རྒས་པའི་སྡུག་བསྔལ་ཟེར་བ་འདི་དབང་བཙན་པས།

ཟུངས་ཟད་པའི་ཨ་མ་ལགས་ཉལ་ཁྲིར་ལྷུང་སྟེ།

ཆུ་བུར་མིག་གིས་ཅེར་རེར་བརྟག་པའི་ཚེ་ན།

མགྲིན་པ་མི་བརྣངས་པའི་བུ་ཆུང་ཨེ་ཡོད།

འདུས་པའི་མཐའ་མ་འབྲལ་བ་ཆོས་ཉིད་ཡིན་པས།

ཙོང་ཁའི་སྐྱེས་རིའི་འདབས་སུ།

གསོལ་འདེབས་དང་སྨོན་ལམ་ཁོ་ན་བསྒོམས་ཏེ།

ཨ་མ་བསྐྱུར་ནས་དབུས་བཞུད་ཀྱི་སྟ་གོན་བརྩམ།


མ་དྲིན་མོ་ཆེའི་བདེ་སྡུག་འདི།

སྙིང་རྗེ་ཅན་གྱི་འཚོ་བྱེད་གཞོན་ནུས་མཁྱེན་མཁྱེན།

སྐྱབས་དམ་པ་དཀོན་མཆོག་གསུམ་པོས་མཁྱེན་མཁྱེན།

 ༢༠༡༥/༢/༢༦-༢༧དབུས་བཞུད་མེ་འཁོར་དུ།

4.jpg

 མཚན་མོ་ལ་གཡོལ་བ།

མཚན་མོ་མ་སླེབས་པའི།

འཇིག་རྟེན་དཀར་ངོགས་འདིར།

ལས་རླུང་གིས་རྒྱང་དུ་བདས་ཀྱང་།

མིག་གིས་ཁྱིམ་ཕུག་ན་འཚེར་བའི།

ཐང་གའི་འོད་འཁྱིམས་སྒྲུག

འོད་འཁྱིམས་དེ་ཆག་རྒྱུ་མེད་ན་བསམ་བྱུང་།

རི་རྩེ་ལ་བཀལ་བའི་ཉི་མ་འདྲ་བྱུང་།

ཉི་མ་དེ་ནུབ་རྒྱུ་མེད་ན་བསམ་བྱུང་།


སོ་ནམ་པ་གཅུང་པོས།

རྣང་ཞིང་ལ་སོན་ཆུ་བསྐྱིལ་ཡོད་ཟེར།

སིལ་སྡོང་ལ་མེ་ཏོག་ཤར་ཡོད་ཟེར།

སེང་སེང་གི་འབྲུག་སྒྲ་གྲགས་འོང་ཟེར།

ཁྱིམ་ཕུག་གི་སྡེབས་སུ་འཚེར་བའི།

ཐང་གར་གསུང་སྐད་མི་འདུག་ཟེར།


སྐད་འཕྲིན་ནང་ལན་དུ།

མཚན་མོ་མ་སླེབས་པའི།

སྨག་མ་ཆད་པའི་གོང་རོལ་དུ།

ཞིང་དང་སོ་ནམ་ལས་གཞན།

ཟས་ཀྱི་ཕུད་བསྩལ་བ་དེ་མ་བརྗེད་རོགས།

གོས་ཀྱི་རྩེ་གཡོགས་པ་དེ་མ་བརྗེད་རོགས།

ཁྱིམ་གྱི་གཞི་རྟེན་དུ་སྨིན་པའི།

ཐང་གར་གསུང་སྐད་མེད་ཀྱང་།

འོད་འཁྱིམས་དེ་ཡོད་པས་ཆོག་གོ

 ༢༠༡༥/༤/༢༤-༢༥

5.jpg

ཐོ་རངས་སུ་གློ་རྡེག་ཨ་མ་དྲན་པ།

ལོ་གཅིག་ནུར་འགྲོས་ཀྱིས་རྒས།

སྨྲ་བ་མེད་པའི་སྟོང་སྒུག་གིས་བཅོམ།


ལག་པས་རེག་མ་ཐུབ།

ཚོར་བས་ལེན་མ་ཐུབ།


ཁ་བ་དང་ཆར་བ། 

སྙེ་མ་དང་ལོ་ཡག

དྲན་པའི་སྒམ་ཆུང་དུ་བབས།

ད་དུང་འཛུམ་དམུལ་དམུལ།

དགོད་འཚེར་འཚེར།

ཡོད་ཚད་དྲན་པའི་རི་རྩེ་ནས་རྒས།


ཞིབ་འདང་དེ་རློམ་དཀའ།

སྔོན་ཆད་དེ་བརྗེད་དཀའ།


འགུག་དཀའ་བའི་མཚན་མོའི་རྗེས་སུ།

ཐོ་རངས་ཀྱི་གཤོག་པ་ཆག་སོང་།

༢༠༡༦/༡/༡༨བྱང་ཐང་ཨ་མདོར་བྲིས།  ༣•༨བུད་མེད་དུས་ཆེན་ལ་བཅོས།

7.jpg

ཨ་མ་སྐུ་བདེ།

སྔོན་ཆད།

རི་ལུང་བརྒལ་དུས།

ལྟོ་ཕད་ནང་ལམ་བྲོ་བརྫངས།

མི་གྲལ་སྙེག་དུས། 

རས་ལྷམ་ལ་འཚེམ་བུ་བརྒྱབ། 

ཚ་གྲང་གིས་འདེད་དུས།

སེམས་ལ་སྐྱོར་མ་བཏབ།


དིང་སང་།

ཡང་བསྐྱར་མི་ཡུལ་འགྲིམ་དུས།

མཆི་མས་རྒྱང་སྐྱེལ་ཞུ།

ཕྱག་གིས་བདེ་འཚམས་འདེགས།

སེམས་ཀྱིས་སྨོན་ལམ་འདེབས།

བརྒྱད་ཅུའི་ལ་རྩེ་བརྒལ་ཡང་།

སྤྱན་ཟུང་དང་དྲན་རིག་རྒས་མེད།

གསུང་ངག་གི་བྱིན་རླབས་ཤོར་ཡང་།

བུ་ཆུང་དྲན་པའི་སྙེ་མ་ཐོར་མེད།


དེ་རིང་།

ད་དུང་ཨ་མ་ཞེས་འབོད་ས་ཞིག་ཡོད་པ་ནི།

ཁྱིམ་གྱི་གཡང་རྟེན་ཡིན།

བུ་ཚའི་བསོད་ནམས་ཡིན།

ལམ་གྱི་ནོམ་པ་ཡིན།

སེམས་ཀྱི་དྲོད་ཁོལ་ཡིན།

ཨ་མ་སྐུ་བདེ།

  ༢༠༡༨/༥/༡༣ཨ་མའི་དུས་ཆེན་གྱི་ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།