མ་སྐྱེས་ཨ་མ།

ཤ་དང་ཁྲག་གིས་གྲུབ་པའི་སྣང་བ་ཡི་ཁམས་ནས།།

རྨུ་ཐག་ལས་ཀྱིས་སྦྲེལ་བའི་ས་མཐའ་ཡི་དྲན་ཤིང་།།

ཞེ་འདྲེས་མཛའ་མཐུན་སེམས་རྩ་ལྷོད་ལྷོད་ཅིག་གནོངས་དང་།།

སྙིང་ཆུང་སྙིང་གིས་བསྲུང་བའི་དགའ་སྤྲོ་ཞིག་ཡོད་ངེས།།


ལྷ་ཤིང་ཤུག་པས་ཤན་པའི་སྤྱིལ་ཆུང་གི་དབུས་སུ།།

དུངས་སེམས་མལ་སྟན་ཐོག་ཏུ་འགྲེལ་ལོག་ཅིག་རྒྱག་ཞོར།།

བྲང་ཁར་ཕྱག་གིས་རེག་བཞིན་ཡུད་ཙམ་ལ་སྡོད་དང་།།

སེམས་པ་སེམས་ཀྱིས་ཟིན་པའི་བདེ་བ་ཞིག་ཨེ་བྱུང་།།


བསོད་ནམས་ལས་ཀྱིས་བྱིན་པའི་སྙིང་ཆུང་གི་དུམ་ཡ།།

ཁྱེད་ཀྱི་འདབ་ལོ་རེ་རེ་བརྩེ་བ་ཡིས་འབུས་བྱུང་།།

ལས་ལ་བསྐོས་ཐང་ཅི་ཡོད་ཁ་ཚོན་ཞིག་དཀའ་ཡང་།།

འདབ་ལོ་སད་ཀྱིས་ཁྱེར་བའི་དོགས་པ་ནི་མི་གདའ།།


རི་ལུང་མིག་རྣ་ཡིན་པའི་གཙུག་ལག་གི་ཁྲོད་ནས།།

ཁེར་རྐྱང་ལུས་ལ་སུན་པའི་སྐྱོ་ངལ་རེ་བྱུང་ན།།

མ་སྐྱེས་ཨ་མའི་ཞལ་རས་ཡིད་ཡུལ་དུ་བྱོས་དང་།།

ཡ་ཐོད་མཆི་མས་གང་བའི་ངལ་བ་ཞིག་མི་དགོས།།


མར་ཀའི་གཙང་བོའི་ཁར་གྱི་ངང་ངུར་གྱི་ཁྱོ་ཤུག།

ལྡེམ་ལྡེམ་དལ་འགྲོས་བྱེད་ལ་ཞེན་ཆགས་ཤིག་བྱུང་ན།།

མ་སྐྱེས་ཨ་མའི་སྙིང་ཆུང་བསྒུལ་བསྒུལ་ཞིག་གྱིས་དང་།།

གཙང་བོ་ལས་ཀྱང་གཙང་བའི་མཆོད་ཆང་ཞིག་ཡོད་དོ།།


དྲན་ན་པད་འདབ་གྲོལ་བའི་ཡིད་འོང་གི་བྱམས་པ།།

རིག་ན་ཁ་ཆུ་འཆོར་བའི་ངོམས་མེད་ཀྱི་སྤྲི་གོར།།

མདང་ནུབ་དོ་ནུབ་ཙམ་མིན་བྱམས་པ་ཡི་འཛུམ་ཀོང་།། 

གཏན་དུ་ང་ལ་དབང་བའི་དྲན་ཤིང་གི་ལྷ་ཡིན།།


ཚིག་གིས་མཚོན་པ་མི་ནུས་པད་མ་ཡི་ཞལ་རས།།

ཁ་ནས་ཤོད་ཐབས་མི་འདུག་ཟེའུ་བཅུད་ཀྱི་བྲོ་བ།།

ཁོག་ན་འཁྱིལ་བའི་བརྩེ་ཆང་དབྱར་མཚོ་ལྟར་འཕྱུར་ཡང་།

སྨྲ་བསམ་བརྗོད་མེད་ངང་དུ་དེ་ག་ཙམ་ལུས་སོང་།།


ཁ་རྒྱན་པད་མས་བྱས་པའི་བྲང་དཀྱིལ་གྱི་ཤེལ་བུམ།།

དྲི་མེད་ལྷ་དར་དཀར་པོས་མགུལ་ཆིངས་ཀྱིས་བརྒྱན་ཏེ།།

ལུས་སེམས་བདེ་དྲོད་འབར་བའི་འཆི་མེད་ཀྱི་ཚེ་ཆང་།།

གཏན་གྲོགས་དགའ་བ་དགྱེས་པའི་མཆོད་སྤྲིན་ཙམ་ཡིན་ནོ།།

 2018/5/26


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།