ཁ་ཆེམས།
ངའི་ནི་འཚོ་བའི་ཡང་སྙིང་དང་དོན་སྙིང་ལོན་གྱིན་མི་འདུག
རྒྱུ་མཚན་ཞིག་བཙལ་ཀྱང་སྐྱོ་སྣང་ཇེ་སྡུག་ཏུ་འགྲོ་བས
ཆེས་མཐའ་མཇུག་གི་ཐབས་ལམ་ཞིག་མེད་པ་འདྲ
ངས་ཁྱོད་ཁོ་ན་ལ་གློ་སྙིང་བྲང་གསུམ་འབུལ་ན་འདོད
སྡུག་རུས་ཀྱི་ངང་ནས་འབྱོར་ཕྱུག་ལྟ་བུའི་སྙན་ངག་མང་པོ་བྲི་དགོས
ང་ནི་ཉལ་སར་ལྷུང་བ་ཐག་མི་རིང་བའི
ངས་དཀའ་བ་སྤྱད་ནས
སྙན་ངག་གི་ཚེ་སྲོག་མཛེས་སྡུག་གི་ངང་ནས
ཁྱོད་ཀྱི་ཁོར་ཡུག་ཏུ་སྙོམ་ལག་རྒྱས་སུ་འཇུག་རྒྱུ
སྐྱོ་གདུང་གི་ནད་དེ་ཡུད་ཙམ་གྱི་རྗེས་སུ
ངའི་རྩ་ལམ་ལ་སིམ་འགྲོ་བའི་སྐབས་ཤིག་ལ
དེ་དུས་ང་ལ་འཆི་ལམ་ཁོ་ན་མ་གཏོགས་མེད
ང་ལ་རྒྱུས་མངའ་ཡོད་པའི་ཁྱོད་ཀྱིས
ངའི་སྙན་ངག་དག
ང་དང་མཉམ་དུ་དུར་ཏུ་སྦས་རོགས
2018-4- 3-ཉིན།
ཁ་བྱང་མེད་པའི་སྙན་ངག
ཆར་ཞོད་དྲག་པོ་ཞིག་གི་རྗེས་ནས
མི་ལོ་བདུན་གྱི་དབུལ་ཁོངས
ནང་སེམས་ཀྱི་མེ་རི་འཁྱག་པོ་དེ་ཡི་རྩེ་ལ
ཞེ་ནག་པའི་སྒོ་ནས་བླུགས་ཏེ་དྲག་ཏུ་འཕྱུར
བདག་གི་སེམས་དང་སེམས་བྱུང་དག
རང་བྱུང་ཁམས་དང་འབྲེལ་ཆེ་བས
མ་གཞི་གནམ་ངོ་སྔོན་པོ་ཡིན་ན་ཡང
ང་སྨྲེང་བ་དང་བསྟུན་ནས་གནམ་མཁའ་ནག་པོ་རུ་གྱུར
མ་གཞི་ས་གཞི་བསྟན་པོ་ཡིན་ན་འང
ངའི་སེམས་ཁམས་དང་འདྲ་བར་ཡོམ་ཡོམ་འགུལ
2018.5.18.ཉིན།
སྨྲེང་སྐྱོ།
སེམས་པ་ནི་དྲིལ་ལྕེ་བཞིན་འགུལ་ན་ཡང
སེམས་གླན་ནས་དགའ་སྐྱོ་འཆད་ས་ཞིག་གང་ན་ཡོད
རང་ཉིད་ལ་སྡོམ་རྒྱ་ཞིག་བཟོས་ནས
ཕ་རོལ་པོའི་འཕྱ་དམོད་འགོག་སླད
ཕྱི་དོན་ལྐོག་ན་མོ་ནང་བཞིན
རྩིག་རྡེབ་ཀྱི་ངེས་འབྱུང་མཚོན་པའི་སངས་རྒྱས་ཀྱི
འདྲ་སྐུའི་ནང་དུ་འཛུལ་རྗེས
ཚུལ་འཆོས་ལ་གོམས་པའི་ལྐོག་གྱུར་གྱི་མི་ཞིག་ཏུ་འགྱུར
2018- 4- 6-ཉིན།
མིང་མེད།
ས་རྡུལ་དག་བརྟོལ་ཏེ
གཉེར་མ་མང་བའི་ངོ་གདོང
མེ་ལོང་ནང་དུ་བསྐྱིལ
མུག་ཤི་འཐེམས་པའི་རི་དྭགས
སྒྲ་གཟན་པོ་དག
རྣ་ལམ་དུ་འཚངས
ཆོ་འཕྲུལ་གྱི་ངོ་ལ་འབྱར་བའི
མེད་མུག་དག
བཤས་ར་ལྟ་བུའི་འཁྱག་རུམ་གྱི་འཕྲལ་དུ
འདོམས་ན་སྐྱེས་པའི་རླིག་རྩིད་བཞིན
ས་གཞི་བྱིངས་ལ་སྤུ་བཏོན་ཏེ
དབུགས་རིང་འབྱིན
2017-/ 9- 7-ཉིན།
ཆར་བ།
ཆར་ལྭ་གྱོན་ཏེ
མི་རེ་རེ་ལ་འབྱར་བའི་གྲིབ་མ་དག
སྲང་ལམ་ནས་འགོ་མཇུག་མཐའ་དག་དྲུད་དེ
འབུ་སྦྲང་དང་བྱིའུ་དག་ཆར་བས་བསད་དེ
ཞེན་ཆགས་དག
ཁྱི་སྨྱོན་གྱི་མཆེ་བ་ལྟར་འགྲེང་འདུག
2017- 8- 18-ཉིན།
དབུགས་ཐེངས་གཅིག་གིས།
རང་ཉིད་ལ་སྙིང་ཕུར་བརྡབ་སྟེ
མགོ་བོ་ཡར་ལ་དགྱེ་དགོས་བསམ
ཆེ་ཡིས་ཆུང་ཆུང་ཟ་བ་ཆོས་ཉིད་དུ་བརྩིས་ནས
ང་ཚོ་འདུག་ཁོམ་ལར་ནས་མེད
སྒྱིད་ལུག་གིས་འདུག་དགོས་པ་སུ་ཡིས་བཤད་མེད
སེམས་པའི་ཕྱི་ཤུན་མེད་འདྲའི་སྐབས་རེ་ལ
ང་ལ་རྨི་ལམ་ཅི་ཡང་མེད་པར་འདོད་དུས
རྨི་ལམ་ཅི་ཡང་ཡོད་ངེས
2017- 9- 13-ཉིན།
འུ་ཐུག་དུས།
དགེ་རྒན་ཞིག་ལ་བྲིས།
ཁ་ལྕེའི་མཐིལ་དུ་རེ་བའི་ཚང་མལ་བཅས
འུ་ཐུག་པའི་ཉམས་ཀྱིས
མིག་ཞགས་ཀྱི་ནང་ནས་སྦྱིན་ཆབ་བསིལ
འུ་ཐུག་པའི་ཉམས་ཀྱིས
ཆད་ལ་ཁད་ཀྱི
འོད་ཀྱི་རྣོ་སྐུད
སྟེང་དུ་འཐིམ
མུན་དོང་ནང་གི་མི
གཏིང་རིམ་དགུ་བརྩེགས་ཀྱི་འོག་ཏུ
ཁྱེད་རང་དཔྱངས་སྟེ
འོད་ཀྱི་ཡས་སྒྲོན་ཞིག
རྟོག་བཟོ་བྱས
2017- 9- 29-ཉིན་མཇུག་གྲུབ།