ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་སྟེང་གི་འགྲོ་བ་མིའི་སྙན་ངག

  རྩོམ་པ་པོ། : ཐ་སྐར།   སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 གྲུ་གཟིངས་ཆེན་པོ་འདི་ནས།

ཉིན་མོའི་ཐང་ཆེན་དུ་གོམ་པ་རེ་འགའ་སྤོས་རྗེས།

མུན་ནག་གི་ནགས་ཚལ་དུ་སླེབས་འདུག

རྨི་ལམ་དུ་འཁྱག་རོམ་ཆགས་ལ།

མཚན་མོའི་རི་དྭགས་དེ་དག

ཆང་དམ་ཁ་ནས་འཆི་བར་སྒུག


མུན་པ་མཐུག་ས་དེ་ནས།

ནམ་མཁའི་སྤྲིན་པ་ལེབ་མོ་དག་མཐོང་ཐབས་བྲལ།

མེ་ལོང་ནང་གི་རབ་རིབ་དང་མག་མོག་གི་རི་དྭགས།

སྐོམ་གདུང་གི་དུས་ཚིགས་བབས་ཤིང་།

དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ།

བདེ་མཆོག་སྒྱུ་མའི་རོལ་མོ་དཀྲོལ་མཚམས་ཆད་ལ་ཁད།

ལན་བུའི་སྣེ་རུ་ཤུད་པའི་འཁོར་བའི་སྡུག་བསྔལ།

དུས་གཏན་དུ་ང་དང་མཉམ་དུ་གནས།


ཉི་འོད་ལ་ལྡེག་པའི་སེམས་ཅན་མང་པོས།

ཚུལ་འཆོས་ཀྱི་རྫུ་བག་གྱོན་ནས།

འཇའ་ཚོན་གྱིས་བསྲེས་པའི་སྐད་ཆ་གང་མང་ཞིག་བཤད་རྗེས།

འཚང་འཚང་ཤིག་ཤིག་གི་གྲོང་ཁྱེར་ནས།

མང་པོ་ཞིག་གི་རང་གི་གྲིབ་མ་དང་ངོ་གདོང་བོར་སོང་།

མྱ་ངམ་ཐང་གི་སྨིག་སྒྱུ་དེད་མཁན།

ཤེས་མེད་བློན་པོ་དེ་དག་གི་རྗེས་སུ་འགྲེང་།


བསམ་བློ་རྙིང་བ་འགའ་ཞིག  

མཐའ་མེད་པའི་བྱེ་ཐང་གི་ཁྲོད་དུ་འཐིམ།

རྣ་ལ་གཟན་པའི་འཛེར་སྐད་གྲགས་ཡོང་དུས།

ཞེ་སྡང་གི་ཁྲག་ཤེད་མཐོ་རུ་ལྡང་གིན།

འགྲན་སེམས་འཁོར་ལོ་ཇེ་མགྱོགས་གྱུར།

སྐབས་དེར  སེམས་ཀྱི་སྣང་ངོར་འཆར་ཚད་པོ།

ཁྲག་དང་འདྲེས་པའི་འཆར་གཞི་ཁོ་ན་རེད།


འཇིག་རྟེན་འདི།

ཅི་ཡང་མེད་པའི་སྐྱོ་སྣང་གི་སྟེགས་བུ་ཞིག

ཕྱིར་ལྡོག་མེད་པའི་ནོངས་འགྱོད་ཀྱི་རྨ་ཁ་ཞིག

ཡོད་ཚད་རྔམ་ཟ་བྱེད་མཁན་གྱི་མཆེ་བ།

རྨི་ལམ་དུ་དམངས་སྒོར་ཁ་བ་ལྟར་བབས་པ་དྲན་དུས།

འཇིག་རྟེན་པ་ནི་ཆེས་ཐབས་སྡུག་མི་ཞིག་རེད།

དེ་ལྟར་མི་ཞིག་གི་མིག་མདངས་ལས་འཚོ་བ་བསྐྱལ་རྗེས།

དབང་མེད་དུ་དབུགས་རིང་ཞིག་ཤོར་སོང་།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།