ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་བྱང་སྐར་གྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180104165235.jpg

ཅོ་བྱང་སྐར།

ཅོ་བྱང་སྐར་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་གཉིས་ཀྱི་ཞིང་ས་ཏེ། ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས། སྤྱི་ལོ2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་ཁྱེར་དུ་འཁྱམས་ནས་མི་ཚེའི་གདམ་ག་ཐོག་མ་རང་གིས་བཙལ་ཞིང་། ད་ལྟ་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད་ལ་ཞོར་ཏུ་བཤད་འདོད་པའི་སྐད་ཆ་དག་ཡི་གེར་ཕབ་བཞིན་ཡོད།

རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་སྤྱི་དེབ་དང་སྒེར་དེབ། ཚགས་པར་དང་དྲ་ངོས་སོགས་སུ་རང་གི་བཤད་འདོད་པའི་སྐད་ཆ་གང་མང་བཀོད་མྱོང་། ཁོ་བོས་དུས་གཏན་དུ་རྩོམ་རིག་ཅེས་པ་དེ་ནི་རང་གིས་བཤད་འདོད་པའི་སྐད་ཆ་དེ་ཡིན་པར་འདོད་ཡོད་ལ། རང་གི་རྣམ་དཔྱོད་ལས་འཁྲུངས་པའི་ཚོར་ཤེས་དང་འཚོ་བ་དངོས་ལས་ཐོན་པའི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེར་བྲིས་ནས་མུ་མཐུད་དུ་བཤད་རྩིས་ཀྱང་ཡོད།


༄༅། །དྲིན་ཅན་མ་ལོར་བྱམས་དང་སྙིང་རྗེ་ལྡན། །

སྒང་བ་བོད་ཀྱི་རྒྱུད་པ་བྱམས་དང་སྙིང་རྗེའི་རང་གཟུགས། །

མཐུན་སྒྲིལ་ཨ་ལོང་སྒོར་སྒོར་རང་གཤིས་ཀུན་སྤྱོད་གཙང་མ། །

དད་པའི་ལྷག་བསམ་དཀར་པོ་ལྷ་བསང་དཀར་པོའི་རང་མདངས། །

ཨ་སྐྱེས་ཨ་མའི་རང་གཤིས་དུང་མདོག་ཟླ་བ་དཀར་པོ། །

ཀུན་སྤྱོད་ཞི་དུལ་ཅན་པོ་ཨ་མ་ལགས་ཀྱི་རང་གཤིས། །

ཕྱོགས་བཞི་ཀུན་ལ་མཐུན་པ་མཐུན་པ་སྤུན་བཞིའི་ལུགས་སྲོལ། །

མགྲོན་པོ་འཛུམ་གྱིས་བསུ་བ་གཡུ་སྦྲང་སྤང་ལ་འཁོར་འཁོར། །

ཁྱིམ་མི་བྱམས་ཀྱིས་བསྐྱངས་པ་མ་ལོའི་རང་གཤིས་གཙང་མ། །

སྙིང་རྗེའི་རང་གཟུགས་ཅན་པོ་མ་ལོའི་རྒྱུད་ན་མངའ་ཡོད། །

མཛེས་སྡུག་ཡིད་འོངས་ཅན་པོ་མ་ལོའི་ལུས་སུ་སྦྲུམ་ཡོད། །

ལྷད་མེད་ལྷག་བསམ་ཅན་པོ་མ་ལོའི་སེམས་སུ་གནས་ཡོད། །

དྲིན་ཆེན་ཨ་མ་མ་ལོར་བྱམས་དང་སྙིང་རྗེ་ལྡན་ཡོད། །

རྩྭ་ལྗང་སྨྱུག་ཕྲན་ཡིན་རུང་ཚེ་སྲོག་གཅོད་པ་དཔེ་མེད། །

སྤྱང་ཀིས་སྒོ་ཕྱུགས་གསོད་རུང་ཚིག་ངན་སྨྲ་བ་དཔེ་མེད། །

མ་ཎི་ཡིག་དྲུག་རྒྱུན་གྱི་འགྲོ་རོགས་འདུག་གྲོགས་གྱུར་པ། །

མ་ལོ་བྱམས་སེམས་ཅན་མ་བྱམས་དང་སྙིང་རྗེ་ལྡན་ཡོད། །

རུ་ཁ་ཁྱིམ་མཚེས་བར་ན་རང་གཤིས་བལ་ལས་འཇམ་པ། །

སྡེ་དང་སྡེ་བའི་བར་ནས་ཀུན་སྤྱོད་ལྷ་ལས་ཡག་པ། །

ཁྱིམ་དང་ནང་མའི་བར་ན་ལྷད་མེད་ལྷག་བསམ་དཀར་པོ། །

མ་ལོ་དྲིན་ཅན་ཚེ་རིང་བྱམས་དང་སྙིང་རྗེ་ལྡན་ཡོད། །

འཇིག་རྟེན་མི་རྟག་གནམ་ངོ་ནམ་ཡོང་ངེས་པ་མེད་པར། །

བྱམས་དང་སྙིང་རྗེའི་བདག་མོ་ང་ཡི་མ་ལོ་ཚེ་རིང་། །

གས་སྲིབ་སྲིབ་ག་ཞིག་ནས་ཕྱིར་ཡོང་མེད་པར་ཆས་སོང་། །

ཅོལ་ཆུང་བྱིས་པ་ང་རང་བདག་མེད་གཅེར་པུར་ལུས་སོང་། །

མ་ལོའི་ཚེ་སྔོན་བསྒྲུབ་པའི་ལས་བཟང་དཔེ་བཟང་རྣམས་ཀྱིས། །

བུ་ཆུང་ང་ཡི་སྐྱེ་བར་ལས་ཀྱི་བསོད་ནམས་བསགས་སོང་། །

གཅེར་བུ་ལུས་པའི་བུ་ལ་ལས་ཀྱི་བསོད་ནམས་བསགས་པས། །

བུ་ཆུང་རྒྱབ་གོས་ཟས་ལ་འདང་བརྒྱག་མེད་པར་གྱུར་སོང་། །

རང་གཅེས་མ་ལོ་ཡོད་པའི་འཇིག་རྟེན་གང་ཟག་ཀུན་ལ། །

སྐད་ཆ་ཚིག་གསུམ་ཞུས་པ་མ་བརྗེད་ཨ་ཁུ་ལོ་ལོ། །

དྲིན་ཅན་མ་ལོའི་བརྩེ་བ་སྒོར་མོའི་དབང་ལ་མ་བརྗེ། །

དྲིན་ཅན་མ་ལོར་མཁོ་བ་དཔལ་དང་འབྱོར་བ་མ་ཡིན། །

འཇིག་རྟེན་ཨ་མར་མཁོ་བ་མིག་མཐོང་ལག་ཟིན་ས་ནས། །

རང་གི་བུ་ཆུང་ཟེར་ན་བོས་ན་རྣ་བས་གོ་ས། །

གཅེས་ཕྲུག་ཨ་མར་བོས་ན་མིག་གིས་ཟིན་ས་ཞིག་དང་། །

སྦྲང་དཀར་རྩམ་པ་ཟ་དུས་མཉམ་དུ་ཟ་རོགས་ཤིག་རེད། །

རང་གཤིས་མར་ལོའི་རང་མདངས་སུ་ཡིས་སྐྱོན་བརྗོད་མ་མཛད། །

མ་ལོའི་རང་གཤིས་གན་ལ་སྐྱོན་གྱི་དྲི་མས་གོས་མེད། །

ཀུན་སྤྱོད་ཞི་དུལ་གན་ལ་སུ་ཡིས་ཀེར་ཀེར་མ་བྱེད། །

མ་ལོའི་ཀུན་སྤྱོད་གཙང་མ་ལྷབ་ལྷུབ་ཁ་བའི་རང་མདངས། །


༄༅། །འདུ་གསུམ་འཁོར་བ་རིག་ན་སྐྲག་སྣང་སྐྱེས།

ཨེ་མ་ཧོ་དུས་གསུམ་རྒྱལ་བ་ཀུན་འདུས་པའི། །

ནང་བའི་སངས་རྒྱས་ཁོ་ལག་རྫོགས། །

དྲི་བྲལ་དར་དཀར་སྐྱེས་སུ་ཕུལ། །

ང་ཡི་ངག་ལ་རམ་འདེགས་མཛོད། །

སྟོང་ཉིད་གར་སྟེགས་སྟེང་གི་འཁྲབ་སྟོན་པར། །

སྤྲེལ་རྒྱལ་ལེགས་མཛེས་རྣམ་ཤེས་ཁོངས་སུ་ཞུགས། །

སྤྲུལ་བའི་འདུ་བྱེད་བདུན་ཅུ་དོན་ལྔ་སྟེ། །

མིག་གི་དབང་བོར་སྟོན་མོའི་གར་དུ་འཁྲབ། །

རྐང་ལག་སོ་སོ་ཕར་གཡུགས་ཚུར་གཡུགས་ཀྱིས། །

སྐབས་རེ་སྐྲག་ལ་སྐབས་རེ་དངངས་མ་འདར། །

འདུ་གསུམ་འཇིག་རྟེན་ཁམས་ཀྱི་མི་བུ་རྣམས། །

སྐྲག་མ་དངངས་ཀྱི་བར་ན་འཚོ་ཞིང་ལུས། །

གློག་གི་ནུས་པས་འཇིག་རྟེན་ཁོ་ལག་རྫོགས། །

བར་ཆད་བྱུང་ན་མྱི་བུ་སྨྱོ་ལ་ཁད། །

རེ་ཡོད་རེ་མེད་བར་ན་འདུར་རྒྱུགས་པའི། །

མི་བུ་འདི་རྣམས་མཐོང་ན་ཡི་རེ་མུག །

དང་པོ་ལས་ཀྱི་བསགས་པའི་ལས་དོན་རྣམས། །

བསྐྱུར་ནས་ཨ་གསར་གཤིས་ཀྱི་རྗེས་སུ་རྒྱུགས། །

བར་ཏུ་སུན་སྣང་རུམ་གང་ཁྱེར་ནས་ནི། །

ཨ་ཡོ་ཨ་ཤེ་འདོན་བཞིན་ཕྱི་ལ་འོངས། །

ཉི་མ་ཤར་ཚེ་ཁོང་ལ་དྲན་ཚུལ་གཅིག །

ཟླ་བ་འཆར་ན་ཁོང་ལ་འཆར་སྒོ་གཉིས། །

འགྲོ་འདུག་བསྐྱོད་གསུམ་བར་ན་བསམ་ཚུལ་གསུམ། །

སྤྲེའུ་རིགས་སུ་བཤད་པ་འཕྱུག་མེད་གི །

སྲོག་ནི་མི་གཅོད་སྡུག་པ་མི་བཅའ་ཞེས། །

སུ་དང་གང་ལ་ཐུག་ན་བཤད་པར་བྱ། །

རང་གིས་ཟས་སུ་དཀར་བཟས་སྤྱོད་པ་ལས། །

དམར་ཟས་མི་བཟའ་དགེ་སློབ་རྣམ་དག་དཀོན། །

སློབ་གླིང་རིག་པ་སྦྱོང་བའི་གླིང་ག་ན། །

རིག་པའི་དཔའ་བོ་ཇེ་ཉུང་ཇེ་ཉུང་རེད། །

དེ་ལས་ལྡོག་སྟེ་དབང་ཆེན་དཔོན་པོ་དང་། །

བཅར་རྡུང་བསྐོར་གསུམ་བྱེད་པའི་དཔའ་བོ་མང་། །

གཡང་ཁྱིམ་བརྗིད་སེ་ཆགས་པའི་སྡེ་བ་ན། །

མ་ཎི་ཡིག་དྲུག་འགྲོ་དྲུག་ཀུན་ལ་འདྲེན། །

འཆམ་མཐུན་འཕེལ་རྒྱས་མགྱོགས་པའི་གཡང་གི་ཁྱིམ། །

ད་ནི་ཕ་བུའི་བར་ན་ཐེ་ཚོམ་ལྷག །

འདུ་གསུམ་འཁོར་བའི་སྙིང་པོ་མ་ཎི་ཡང་། །

ད་ནི་དབྱངས་སུ་བཀུག་ནས་གླུ་རུ་གྱེར། །

འདུ་གསུམ་འཁོར་བའི་སྙིང་བོ་སངས་རྒྱས་ཆོས། །

ད་ནི་རོལ་མོའི་རམ་འདེགས་འོག་ན་འཐེན། །

ཨ་ཁུ་པདྨ་རྒྱ་ཡི་ཡུལ་དུ་ཕྱིན། །

མདོ་མེད་རྟ་རྡོས་བོད་ཁུལ་རྙོག་སེ་དཀྲུགས། །

བྲེལ་འཚུབ་ལང་ལོང་བར་ན་མགོ་རྙོག་པའི། །

འདུ་གསུམ་འཁོར་བ་རིག་ན་སྐྲག་སྣང་སྐྱེས། །


༄༅། །འདི་བསམ་ན་སྐྱོ་བ་སྐྱེ་གི།

བྲག་དམར་ཡག་ཉིལ་ལ་ཁ་བོ། །

བྱ་ཐང་དཀར་རྒོད་པོའི་གནས་མལ། །

ཕུང་བྱ་སྦྱིན་ལུགས་སྲོལ་ཆད་ན། །

བྱ་གན་ཚོར་སྙིང་རེ་རྗེ་གི །

འདི་བསམ་ན་བྲག་དམར་སྐྱོ་གི །

ནགས་སྟུག་པོ་གཉིད་ལ་ཁ་བོ། །

གན་རི་སྤྱང་སྔོན་མོའི་གནས་མལ། །

དེ་རྨིག་ཐོགས་རི་དྭགས་དབེན་ན། །

རླུང་འགམས་པའི་རི་སྤྱང་སྙིང་རྗེ། །

འདི་བསམ་ན་ནགས་ཚལ་སྐྱོ་གི །

ཆུ་ཉལ་འགྲོ་སྐམ་ལ་ཁ་བོ། །

འགྲོས་མགྱོགས་པའི་ཉ་མོའི་གཞིས་མལ། །

སྟོད་གངས་ཀྱི་འབྱུང་གནས་མེད་ན། །

ཆུ་འཐུང་བའི་ཉ་མོ་སྙིང་རྗེ། །

འདི་བསམ་ན་ཆུ་མོ་སྐྱོ་གི །

ཡངས་རྩྭ་ཐང་ཟད་ལ་ཁ་བོ། །

གན་རོང་འབྲོག་ཕ་ལོའི་གཞིས་མལ། །

དེ་གཡང་གི་སྒོ་ཟོག་དབེན་ན། །

ཁོང་འབྲོག་གི་ཕ་ལོ་སྙིང་རྗེ། །

འདི་བསམ་ན་རྩྭ་ཐང་སྐྱོ་གི །


༄༅། །ང་ཕ་ཡུལ་གྱི་པང་ནས་ཁུ་སིམ་མེར་སྡོད་ན་བསམ།

ཕ་ཡུལ་ལགས།

ང་ཁྱེད་ཀྱི་པང་ནས།

ཁུ་སིམ་མེར་སྡོད་ན་ཨེ་ཆོག་ལགས།

ཨེ་ཆོག་ལགས།

བྱ་བཞག་དང་ལས་དོན་ཅེས་པའི་བརྡ་ཆད་འདི་རྒྱབ་ཏུ་བསྐྱུར་ལ།

རེ་སྒུག་དང་འགྲན་རྩོད་ཅེས་པའི་མིང་ཚིག་དང་རྒྱང་བཀྱེད་ནས།

དལ་ཅག་གེར། ཁུ་སིམ་མེར་ཁྱེད་ཀྱི་པང་ནས།

སྡོད་ན་ཨེ་ཆོག

འདི་ན་ལྷད་མ་འདྲེས་པའི་དག་གཙང་གི

སེར་ཆེན་མེ་ཏོག་ཡོད་ལ།

འདི་ན་རྒྱུད་དྲུག་པི་ཝང་གི་དབྱངས་རྟ་སྙན་པའི།

ཚངས་སྲས་བུ་མོ་ཡོད།

སེར་ཆེན་མེ་ཏོག་གི་དག་གཙང་རུམ་ལ།

ཚངས་སྲས་བུ་མོའི་རྒྱུད་དྲུག་ལ་བླུགས་ན།

ངའི་ལུས་སྟེང་དུ།

མཛེས་སྡུག་གི་གངས་ལྷ་མེ་ཏོག་ཚོམ་བུར་བཞད་པར་ཐེ་ཚོམ་ཅི་ལ་བྱ།

ཨ་མྱེ་དཔའ་རྒོད་ཀྱིས་བཤད་རྒྱུར།

ཕ་ཡུལ་གྱི་པང་ཁུག་ནི་གེ་སེར་ལྷ་དམག་གིས།

ལོ་ཟླའི་གོམ་འགྲོས་ཁྲོད་ཞབས་ཀྱིས་བཅགས་མྱོང་ས་དང་།

མི་སེམས་ཀྱི་སྡིག་སྒྲིབ་དག་པར་བྱེད་པའི།

གནས་རི་ཁྲི་སྟོང་མང་པོའི་གདན་ས་ཡིན་ཟེར། 

ང་ནི་ཕ་ཡུལ་གྱི་པང་ནས་ཁུ་སིམ་མེར་སྡོད་ན་བསམ།

ཉི་མ་རྩྭ་ཐང་གི་ཕང་བ་ནས་དལ་གྱིས་ནུབ་དུས།

ཕྱི་དྲན་གྱི་ཀློང་ན་འཛུམ་པའི་ཕ་ཡུལ།

རྩྭ་ཐང་། ཕ་ཡུལ་གྱི་གཞིས་ཀ་དྲོན་མོ།

ང་ཁུ་སིམ་མེར་ཕ་ཡུལ་གྱི་པང་ནས་སྡོད་ན་བསམ།

ཁྱེད་ཀྱི་སྒལ་གཞུང་དང་གསུས་ཁོག རྐང་འགོ་བཅས་སུ།

ཨོ་ཕ་ཡུལ་གྱི་རྩྭ་ཐང་།

ང་ཁྱེད་ཀྱི་པང་ནས་ཁུ་སིམ་མེར་སྡོད་ན་བསམ།

ཁྱེད་ཀྱི་པང་ནས་ཉི་ནུབ་ཀྱི་མཛེས་སྡུག་ལ་སྐྱེལ་མ་བྱ་ཆོག


༄༅། །བྱང་སྐར་གཅིག་གི་ལས་དབང་།

དྲན་སྣང་ཀློང་ན་འཁྱགས་སིབ་སིབ་ཀྱིས་བཞུར་བའི་དལ་འགྲོ་རིང་མོ།

ཁུག་པ་བརྒྱ་ཕྲག་གི་དཀའ་བ་བརྒྱུད་ནས།

གྲང་ངར་གཏུམ་པོ་ཡི་བཀག་བསྐྱིལ་གཏོར་ཏེ།

གཡང་གཟར། རྩྭ་ཐང་། གྲོག་རོང་།

བཞུར་ནས་བཞུར་དུ་འགྲོ

དགུ་ཚིགས་བྱང་ངོས་ཀྱི་སྐར་མ་འོད་ཆེན།

ན་ཟུག་གི་རུམ་བྲོ་མང་པོ་འཛུམས་མདངས་ཀྱི་ལྷུང་བཟེད་དུ་བཅུགས་ལ།

བརྙས་དམོད་ཀྱི་གཏམ་རྒྱུད་མོད་པོ་ཞི་དུལ་གྱི་རྩྭ་ཐང་དུ་བཀྲམས་ཏེ།

ནམ་ཡིན་ཡང་ཡིད་ཆེས་དང་སྤྲོ་སྣང་གིས་འཇིག་རྟེན་གྱི་ཡུལ་གྲུ་འདི་ལ་ཀེམ་ཀེམ་ལྟ།

བདེན་ཏེ།

དགུ་ཚིགས་བྱང་ངོས་ཀྱི་སྐར་མ་འོད་ཆེན་དེ་ནི་ཁྱེད་རང་ཡིན་ལ།

ཟླ་བའི་ཕུགས་བསམ་གྱི་རེ་བཞག་འཁོར་སའང་ཁྱེད་རང་ཡིན།

རྣམ་དག་གི་སེམས་པ་ལ་རྟོག་གེ་བའི་རྣམ་ཤེས་འཁྲུངས་བའི་དུས་དེ་རིང་།

དགུན་ཟླ་རྭ་བར་ཁ་བའི་འདབ་མས་ས་གཞི་བསྡམས་སོང་།

དབྱར་ཟླ་དྲུག་པའི་མེ་ཏོག་སེར་ཆེན་བད་ཀྱིས་བཅོམ་སོང་།

སྟོན་ཟླ་བརྒྱད་པའི་སྡོང་ལོ་སེར་པོ་རླུང་གིས་དེད་ལ།

དཔྱིད་ཟླ་གཉིས་པའི་ཆུ་ནག་༼ཁོ་མོས༽་མི་སྡུག་པའི་ཉམས་སྟོན་རུང་།

ཡིན་ན་ཡང་།

བྱང་སྐར་ཁྱེད་ཉིད་སྔར་བཞིན་ནམ་མཁའི་བྱང་ཕྱོགས་ཀྱི་མཐའ་མཚམས་དེ་ན།

ཀྲོང་ངེར་འགྱིང་ལ།   གསལ་ལེར་འཚེར།

ལོས་ཡིན་ཏེ།

བྱང་སྐར་དེ་ནི།

མི་ཡུལ་འདིའི་སྐྱ་རེངས་བསུ་བའི་༼ཕོ་ཉ་༽ཐོག་མ་དང་།

ས་སྒང་འདིའི་རྨོངས་མུན་དཀྲོགས་པའི་༼ཀི་སྒྲ་༽དང་པོ།

བྱང་སྐར་དེ་ནི།

མི་ལུས་ལ་དྲོད་སྣང་སྦྱིན་པའི་༼ནས་ཆང་སྔོན་མོ་༽དང་།

བརྩེ་བ་ལ་དྲོད་མདངས་རྒྱས་པའི་༼སྙིང་གཏམ་གསོན་པོ༽།

དེ་བས།

ཧི་མ་ལ་ཡའི་གཟི་བརྗིད་དང་མ་ཕམ་གཡུ་མཚོའི་སེམས་རྒྱ་བསྣམས་ཏེ།

གཡུ་མདོག་གི་ལྗོངས་ཁམས་ཤིག་ལ་རེ་བ་དང་ཡིད་ཆེས་ཀྱིས།

དགུ་ཚིགས་འགྲམ་ངོགས་ན་ཀྲོང་ངེར་འགྱིང་ལ།

གསལ་ལེར་འཚེར།


༄༅། །དུས་རབས་ཤིག་གི་སློང་མོ་བ། ངས་ནམ་ཡང་ཁྱེད་ཉིད་བཀུར།

        ________དགེ་རྒན་དུས་ཆེན་ལ་ཕུལ།

གངས་སུལ་ནས་གངས་ཆུ་བཞིན་མཆེད་ཡོང་ལ།

སྣ་ཚོགས་ཀྱི་ཆ་རྐྱེན་མེད་པའི་སློང་མོ་བ།

ཁྱེད་ཀྱི་རྒྱབ་རོལ་ན་ལག་ཟུང་ཁྲི། མིག་ཟུང་ཁྲི།

ངས་ནམ་ཡང་ཁྱེད་ཉིད་བཀུར།

ཕ་ཡུལ་ནས་དཀའ་སྡུག་ངང་འཚར་ལོངས་བྱུང་ལ།

སྒེར་དོན་གྱི་གཡོ་སྒྱུ་བྲལ་བའི་སློང་མོ་བ།

ཁྱེད་ཀྱི་སེམས་ཁོངས་ན་སེམས་པ་ཁྲི། རེ་བ་ཁྲི།

ངས་ནམ་ཡང་ཁྱེད་ཉིད་གུས།

སྐྱ་རེངས་དང་སྔ་ཕྱི་འགྲན་ཏེ་མི་ཚེ་བསྐྱལ་ལ།

གསལ་བྱེད་དང་དབྱངས་ཡིག་ཚེ་སྲོག་ཏུ་སྒོམ་པའི་སློང་མོ་བ།

ཁྱེད་ཀྱི་མིག་ཟུང་ན་སྤོབས་པ་ཁྲི། ལ་རྒྱ་ཁྲི།

ངས་ནམ་ཡང་ཁྱེད་ཉིད་མཆོད།

དུས་བཞི་ཡི་བསྐྱར་ཟློས་ཁྲོད་ན་སུན་སྣང་བྲལ་ལ།

རྣམ་རྟོག་པའི་ཁ་གཏད་ན་བགྲེང་བའི་སློང་མོ་བ།

ཁྱེད་ཀྱི་མདུན་ལྗོངས་ན་དཀའ་སྡུག་ཁྲི། འོད་ཟེར་ཁྲི།

ང་ནམ་ཡང་ཁྱེད་ལ་དགའ།

ཁྱེད་ནི་དུས་རབས་ཤིག་གི་སློང་མོ་བ་སྟེ།

རྣམ་ཤེས་ཁྲི་མ་འབུམ་དང་རེ་བ་ཁྲི་མ་འབུམ་གྱི་དཀྱིལ་དབུས་ན།

དུས་གཏན་དུ་སློབ་གསོ་ཡི་ལས་དོན་དང་མི་རིགས་ཤིག་གི་མ་འོངས་པར།

རང་ཉིད་སློང་མོ་བ་ཡི་རྣམ་ཤེས་སུ་སྦྲུམ་ནས་མདུན་དུ་ཆས།

ཁྱེད་ཉིད་དུས་རབས་ཤིག་གི་སློང་མོ་བ།

ཁྱེད་ཉིད་དུས་རབས་ཤིག་གི་སྣེ་ཁྲིད་པ།

ང་ནམ་ཡང་ཁྱེད་ཀྱི་ཤུལ་ལམ་ན།


༄༅། །སྨུག་སྤྲིན་འོག་གི་བསམ་གཞིག

ངའི་མདུན་ཕྱོགས་སུ་སྨུག་སྤྲིན་གྱིས་འཚང་ཁ་རྒྱག་བཞིན་འདུག

ང་འགྲོ་སའི་ལམ་དང་། ང་འཁོར་སའི་ཕྱོགས། ཆ་མི་གསལ།

ངས་ཡུན་རིང་ཞིག་ལ་མིག་ཟུང་འབུར་ཚུགས་སུ་བལྟས་མོད།

ངས་ང་འགྲོ་ས་དེ་རྙེད་མ་བྱུང་། སྨུག་སྤྲིན་དེ་ཡལ་རག་བར་དུ།

ངའི་རྒྱབ་ཕྱོགས་ན་མང་པོ་ཞིག་གིས་བདའ་ནས་ཡོང་བཞིན་འདུག

ངས་ཅིས་ཀྱང་འགྲོ་ས་དེ། ཁ་ཕྱོགས་དེ། ནོར་མི་ཉན།

རླུང་བུ་ཞིག་ལ་ངང་སྒུག་བྱེད་པ་པའམ་ཡང་ན་སྨུག་སྤྲིན་དེ་ཇེ་མཐུག་དུ་འགྲོ་བར།

ཡང་ན་ངས་འགྲོ་ས་རྙེད་ལ།  ཡང་ན་ཡོད་ཚད་ཀྱིས་ཁ་ཕྱོགས་རྙེད་མི་སྲིད།

བྲེལ་འཚུབ་གྱི་སྣང་བ་ལས་མ་ཡིན་ན། ངའི་རྣ་ལམ་དུ་མ་ཎི་ཡིག་དྲུག་གི་གསུང་དེ།

རྒྱང་རིང་ནས་ཇེ་ཉེ་ཇེ་ཉེ། འོ་ཤེས་སོང་། ད་ནི་རླུང་བུ་ལྡང་བྱུང་།

རང་གིས་རིག་པ་ཡོད་ཚད་སྟོབས་སུ་སྒྲིམ་ནས་གྲྭ་སྒྲིག་ཚགས་སུ་ཆུད།

རྒྱབ་ཕྱོགས་ཀྱི་དེ་ཡང་རྨ་བྱས་འབྲུག་སྒྲ་ཐོས་པ་ཅི་བཞིན་ཡོང་བར་རྩོམ།

ད་ནི་ངོ་མ་མི་ཡུལ་གྱི་འགྲན་རྩོད་དེ། དུས་ཚོད་སྐར་ཆ་ཡིན་ཡང་རིན་ཐང་ཆེ་བ་ཤེས།

སྨུག་སྤྲིན་སྟུག་པོ་དེ་རིམ་གྱིས་མཐོ་སར་བཀྱགས་ནས་མི་སྣང་བར་གྱུར།

ངས་ཁ་ཕྱོགས་ཤིག་འཐེན་ནས་འཁུར་རྩ་དེ་ཁྱེར་ནས།

ཕྱིར་འཁོར་མེད་པར་རྒྱང་བཞུད་དུ་ཆས།


༄༅། །ཁང་སྟོང་ནང་ན་ང་གཅིག་པུ་ལས་མི་འདུག

ས་ཆེན་པོར་འདར་འགུལ་མ་བྱུང་རུང་།

སྐྱི་བསེར་རླུང་བའི་ཤག་སྒྲའི་ཁྲོད་ན་འགྱེད་ལ་ཁད་དུ་ཡོད་པའི་རྒྱ་ཁང་འདིའི་ནང་དུ།

དེ་དགོང་ང་གཅིག་པུ་ལས་ལྷག་མི་འདུག

ཁ་སང་གི་ཁ་སང་དེར།

སྐད་ཕྲ་སྦོམ་གཉིས་ཀྱི་ཟང་ཟིང་ཁྲོད་ན་སྨྱོ་ལ་ཁད་དུ་ཡོད་པའི་མི་བུ་དེ་ཚོས།

རྒྱ་ཁང་འདི་སྤྱི་གླིང་ཞིག་ཏུ་བསམ་ཡོད་མོད།

དེ་དགོང་།

ངོ་མ་དུར་ཁྲོད་དུ་རུས་ཆག་གི་ཁེངས་བའི་སྣང་བ་དེ་ངའི་མིག་ལམ་ཏུ་ཤར་ཡོང་།

ཐ་མག་གི་སྣེ་མོ། ཨ་རག་གི་དམ་བུ་སྟོང་བ།

གང་ལྟར།

དེ་དགོང་རྒྱ་ཁང་འདིའི་ནང་དུ་ང་གཅིག་པུ་ལས་ལྷག་མི་འདུག

ཚོད་ཚོད་ལ་སྤྱན་རས་གཟིགས་ཀྱི་འདྲ་སྐུ་དང་།

མ་ཎི་ཡིག་དྲུག་གི་གཟུང་སྔགས།

ད་དུང་།

ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་རྩྭ་ཐང་དྲན་བྱུང་།


༄༅། །བག་ཉལ་ཟིན་ཐོ།

རྒྱ་ལྕང་གི་ལོ་མ་ལྷེབ་ཆེན་གྱིས་གཉོམ་ཆུང་གི་པད་མའི་མཛེས་བ་བསྒྲུབས་ཟིན་ལ།

ངམ་ནག་གི་གྲང་ངར་རླུང་བུ་ཡིས་ལ་ཁའི་དར་ལྕོག་རྐྱེན་པོ་ཐལ་སོང་སྐད།

རྣམ་རྟོག་དང་ཐེ་ཚོམ། ང་རྒྱལ་དང་སྒྱིད་ལུག

རང་ཉིད་དང་རང་ཉིད་ཀྱི་ཡོད་ཚད།

གཏམ་རྒྱུད་ལས་རིང་བའི་དངོས་ཡོད་ཅིག་ཏུ་རྟོག་བཟོ་བྱས་བའི་མི་བུ་འགའ།

འཇག་སྐྱ་ཡིས་ཤུར་གླུ་ལེན་པའི་སྟོང་སང་སང་གི་མཁའ་དབུགས་ཁྲོད།

དལ་གྱིས་རྒྱུ།

གཡང་གཟར་གྱི་ལྷ་ཤིང་ཤུག་པའི་འདབ་ལོ་དབེན་རྐྱེན།

དུས་གསར་གྱི་ལྷ་བྱ་ཁུ་བྱུག་བག་ལ་ཉལ།

ལྷུན་ཆགས་ཀྱི་རྒྱབ་རི་སྨུག་པོ་སྐྱ་ཐིང་ཐིང་།

གཡང་དཀར་གྱི་ལུག་ཁྱུའི་ཚོགས་ཀྱང་བག་ལ་ཉལ།

ཆུ་བོ་བཞུར་སོང་། ལུག་ཁྱུ་ཐོར་སོང་།

ནམ་ཡང་ལྗིད་ཏིག་ཏིག་གི་གོམ་སྒྲས་ས་སྒང་འདིའི་སྒལ་ཚིགས་བགྲོད་བའི་ནོར་ནག་འགའ སྐོམ་པ་ཡི་གདུང་བས་མ་བཟོད་བྲེད་ཤ་ཐོན།

བསམ་གཞིག་དང་ལས་འགན་ལྕི་བའི་རྩྭ་ཐང་ཡངས་བོར་ཡང་ཁེར་རྐྱང་གི་རྒས་ཉམས་ཤིག་མངོན།

པད་མ་སྐམ་སོང་། ལྕི་བ་རུལ་སོང་།

ཆགས་ལྡན་གྱི་བརྩེ་བ་ཡོད་ཚད་འོད་སྣང་ལ་བརྒྱུས་བའི་དུང་ཞེན་གྱི་ཟླ་བ་དཀར་པོ།

ཁྱེད་ཀྱི་བཞིན་རས་ལ་དགའ་མོས་ཀྱི་འཛུམ་མདངས་བྲལ་བ་པདྨ་ཡི་མཛེས་སྡུག་མ་མཐོང་བས།

ཡང་ན། ཐན་བྱ་འུག་པའི་ཨག་སྒྲ་གོ་བས་ལན།

ལྷད་མེད་ཀྱི་བརྩེ་བ་ཡོད་ཚད་ང་ཚོར་འབུལ་ཟིན་པའི་མཐོ་སྒང་གི་སྦྲ་ནག་ཁེར་རྐྱང་། གནག་སྣུམ་གྱི་འོད་དང་བྲལ་ཏེ་སྐྱ་མདོག་གི་ཕྱི་ཚུལ་མངོན་པའི་ཨོང་བ་ཡི་དྲི་བསུང་མ་ཚོར་བས།

ཡང་ན།

སྒྲ་སྡུད་ལས་འོད་ཀྱིས་མཆེད་པའི་དུས་གསར་གྱི་ཅོང་སྒྲ་ཐོས་བས་ལན།

གང་ལྟར།

ཕོ་ལོ་ཉི་ཤུ་བག་ལ་ཉལ་ཟིན།

ཕྱིར་མིག རྗེས་དྲན།

སྐྱོ་གདུང་གི་མདའ་རྩེ་རྣོ་རུང་།

འདས་སོང་གི་ལྟག་སྒོ་བཙན་གྱིས་བརྒྱབ་སྟེ།

ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ལ་གཟས་ཏེ། སྨུག་ལོང་ཁྲོད་ནས་ལམ་ལ་ཆས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།