ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཨ་རྡོར་གྱི་སྙན་རྩོམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་ཨ་རྡོར།   སྤེལ་དུས། : 2017-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།སྨོན་པའི་གསོལ་འདེབས།

འདབ་བཟང་པད་དཀར་གྱི་ལྗོན་པ།།

ལྷབ་ལྷུབ་ཁ་བ་ནི་གསོལ་བ༎

གཟུགས་མཛེས་ཟླ་གཞོན་གྱི་འཛིན་མ༎

གསོལ་གྲོད་དར་འབུ་ཡི་བཀང་སོང་།།

རིག་པའི་བཟང་གསུམ་གྱི་འཛིན་མ༎

མཚན་བཟང་ཀུན་རྫོགས་ཀྱིས་སྤྲས་པ༎

ཤེས་བྱའི་འདབ་ལྡན་གྱི་སྟག་ཤར༎

གཟི་དཔལ་ཉི་མའི་གྲོགས་སྦྲན༎

འདོད་མོས་དགའ་ཚལ་གྱི་དོ་ར༎

ཁྲ་ཚོམ་མེ་ཏོག་གིས་སྤུད་པ༎

ཤེས་བྱའི་ལྡིང་ཁང་གི་སློབ་ར༎

སྣ་མང་བཀའ་བསྟན་གྱི་ཕྲེང་ཐག།

ཟིང་ལོང་ཁོར་ཡུག་གི་གྲུ་ཟུར༎

ཆ་མེད་ཡུལ་ལུང་གི་རྐུན་པོ༎

ཕྱོགས་མེད་གང་ཟག་གི་རིགས་ཅན༎

ཅོལ་ཆུང་ཤེས་དམན་གྱི་ཁོ་བོར༎

ཤེས་བྱ་དྲི་མེད་ཀྱི་བླ་མ༎

རིགས་དྲུག་ཚོགས་བདག་གི་མགོན་སྐྱབས༎

དུག་གསུམ་གཉེན་པོ་ཡི་སྲུང་མ༎

དུས་གསུམ་གདོང་གྲོགས་ནི་མཛོད་ཅིག༎         

          ༢༠༡༤ལོའི་ཟླ་༤བའི་ཚེས༢༡ཉིན།

༄༅།།གྲོགས་པོར་བསྟོད་པ།

ཆུང་བརྩེ་བའི་དང་མ་མ་ཡིན་ཡང་།

ལས་བརྩེ་བའི་མཐུན་ལམ་གཅིག་གི་གྲོགས།         

གཞོན་ན་སོ་དར་བའི་དུས་དེ་རིང་།         

བརྩེ་ཟབ་མོ་ཡ་ཆུང་སྙིང་གི་སྲོག

ཤ་ཉེ་དུའི་ཁྲག་མདངས་མ་ཡོད་ཡང་།

ནང་སྤུན་ཟླའི་བརྩེ་དགའ་འོ་མའི་མཚོ།

ནང་ཞེ་མཐུན་ཆུང་འདྲིས་མ་ཡིན་ཡང་།

ཡིད་མོས་བ་ལས་ཀྱི་ཟླ་བོར་འཁུམས།

རྒྱུ་འབྱོར་བའི་ཕུན་ཚོགས་མ་ཡོད་ཡང་།

སྤུན་ན་ཟླའི་མཛའ་བ་ཇེ་ཟབ་རེད་།

གཟུགས་ལང་ཚོའི་དྲག་པ་མ་ཡིན་ཡང་།

ནང་གཤིས་སྤྱོད་བ་མོའི་ཚུལ་འཛིན་པ།

དགོད་འཛུམ་པ་ལྷུག་གྲོལ་མེ་ཏོག་བཞིན།

ནང་ཞེ་མཐུན་བརྩེ་བ་རྡོ༵་རྗེ༵་ཤང་།

འོད་འགྱེད་པའི་སྣང་ཆེན་རི༵ན་ཆེ༵ན་ནོར།

དུས་སང་ཉིན་ཐུགས་བརྩེ་ལྷ༵་མོ༵འི་ཚུལ།

རོགས་སྣ་མང་ལས་ཟམ་དོ༵ན་གྲུ༵བ་པ།

ཀླུ༵་འབུ༵མ་པ་ཚོགས་ལས་རབ་དགའ་བ།

ནང་མི་མཐུན་ལམ་གྱི་ཐ༵ར་བའི་གྲོགས།

སྟེང་སུམ་རྩེན་ལྷ་དང་ལྷ༵་མོ༵འི་ཚོགས།

སྐྱ༵བས་རེ་ལྟོས་བཅོལ་བའི་ལྷ༵་མོ༵ར་གསོལ།

ངའི་སྤུན་ཟླའི་གྲོགས་ལ་དོ༵ན་གྲུ༵བ་ཤོག

དཔ༵ལ་མགོ༵ན་པོ་སྤྲུལ་བའི་སྤྱན་ཟུང་ལས།

གྲོགས་རི་རྒྱལ་ལྷུན་པོ་ཚེ༵་རི༵ང་ཤོག

གྲོ༵གས་ཧི་མ་ལ་ཡའི་མདངས་ལྡན་དང་།

པོ༵་ཏི་ཇི་བཞིན་སྙིང་གཏམ་ཤག་ཤག་རྒྱུན།

ལ༵གས་སོ་དྲང་སོ་བརྩེ་བ་ཆལ་ཆིལ་འབབ།

༄༅༎བདེན་པའི་ཚིག

བཤད་བཏང་ན་ཚང་མ་བདེན་ཁ་རེད།

མེ་ཏོག་གིས་སྤྲས་བའི་ཤེས་རིག་གི་སྤང་

ཐང་དང་།

བརྩེ་དུངས་གིས་བསྐྲུན་པའི་ན་ནིང་གི་

དབྱར་ཟླ་ར་བར།

ལས་སྐལ་གྱིས་བགོས་པའི་སྤྱི་ཚོགས་ཀྱི་ཤེས་ལྡན་པ་ཡིན།

སྤྱི་ཚོགས་སུ་ཉུལ་བའི་ཤེས་ལྡན་པའི་ལས་ དབང་ཐོབ་པ་ནས།

ངའི་སློབ་གྲོགས་ཚོ།

ཤེས་རིག་གི་ཞིང་ས་ན་སྨིན་པའི་འབྲུ་དྲུག་གི་སྙེ་མ་ཕོན་གཅིག

འདི་ལྟ་བུའི་ལས་དབང་གི་གྲུ་ཟུར་ཞིག་ཏུ།

བཤད་བཏང་ན་ཚང་མ་བདེན་ཁ་རེད།

འདང་རྒྱབ་ན་ཚང་མ་ཤུན་ལྤགས་རེད།

དགུན་གཞུང་གི་ཁ་བའི་ལྷ་མོ།

གྱེས་བྲལ་ལ་འབོད་པ་གཏོང་དུས།

ངའི་ཕུ་ནུའི་ཚོགས།

ལྷོ་རུ་འཕུར་བའི་བདག་སེམས་གྱི་དྲན་ཤེང་ཡིན།

དབྱར་ཟླ་ར་བའི་ཁུ་བྱུག་གི་གསུང་སྙན་ སྒྲོག་དུས།

ངའི་སློབ་གྲོས་ཚོ།

ཕྱོགས་རླུང་བཞིན་ཕྱིར་འོང་མེད་པའི་ཁ་ སང་གི་ཉི་གཞོན་ཡིན།

འདི་ལྟ་བུའི་འདུ་བྲལ་གྱི་གདུང་བ་ཞིག་ནི།

བཤད་བཏང་ན་ཚང་མ་བདེན་ཁ་རེད།

འདང་རྒྱབ་ན་ཚང་མ་ཆོས་ཉིད་རེད།

ངའི་དུངས་བ་ལྗོན་པའི་ཡུལ་ཁམས།

ངའི་མིག་མདུན་བྱེ་ཐང་སྐྱ་མོ།

ངའི་སེམས་པ་ཅང་ཤེས་བང་ཅན།

ངའི་ཞོན་པ་འཁོར་ལོའི་སྣ་ཅན།

ངའི་སྣང་བ་བྱིའུ་ཆུང་འཕུར་ཤེས།

ངའི་འཚོ་བ་རྒྱ་སྟག་ཁྲ་བོ།

ནམ་ཡང་དུངས་བ་དང་ཕུགས་འདུན་ཞིག་གི་བརྩེ་བའི་ཁྲོད།

ཡིད་སྨོན་གྱི་ཞིང་ཁམས་དེར་མིག་མདའ་ འཕེན་བཞིན།

ཤུལ་ལམ་ཡོད་ཚད།

སྙན་ངག་ལས་བཤུར།

༄༅༎ལྷན་འཛོམས་ཀྱི་ཉིན་མོ་ལ།

དོ་ནུབ་ལྷིང་འཇགས་གི་མལ་ཁང་ནས་སྙིང་ཉེ་བའི་གཟའ་མི་དང་ལོ་ཟླའི་དྲན་པ་གཏོར་སའི་བྱམས་པ་ཁྱེད་ཉིད་དྲན།བླ་ལྷག་ཏུ་དྲིན་ཅན་ཕ་ལོ་མ་ལོའི་ཚོགས་སྐུ་ཚེ་བརྗིད་པའི་ཉམས་ཀྱིས་སྤུས་པའི་རི་རྒྱལ་ལྷུན་པོ་བཞིན་ཉམས་པ་མེད་ཅིང་རེ་བ་དང་སྤྲོ་སེམས་ཀྱིས་ཡོངས་སུ་གཏོས་བཞིན།རེ་བའི་མི་བུ་གང་དང་དུས་གཏན་དུ་བྲལ་བ་མེད་པར་སྨོན་པའི་ལམ་ཆེན་དེར་དུས་མཉམ་དུ་ལྷད་ཟོལ་མེད་པའི་བརྩེ་བ་དང་འཛོམས་པའི་སྨོན་པ་དེའི་སླད་དུ་ཡིག་དྲུག་གི་གསོལ་ཚིག་འདི་ཕུལ་བ་ལགས།

མ་ཎི་ཡིག་དྲུག་སྙིང་གི་ནོར་བུ་ཡིན། །

མ་ཎི་ཡིག་དྲུག་བརྩེ་བའི་འོད་ཟེར་ཡིན། །

མ་ཎི་ཡིག་དྲུག་མ་ལོའི་བྱམས་བརྩེ་ཡིན།

མ་ཎི་ཡིག་དྲུག་ཕ་ལོའི་རེ་སྨོན་ཡིན། 

མ་ཎི་ཡིག་དྲུག་ཇོ་བོའི་ལྷག་སེམས་ཡིན།

མ་ཎི་ཡིག་དྲུག་བྱམས་པའི་དུངས་བ་ཡིན།

 མ་ཎི་ཡིག་དྲུག་ཀུན་ཀྱི་ལམ་ཕྱོགས་ཡིན།

མ་ཎི་ཡིག་དྲུག་འོད་ཅན་ཉི་གཞོན་ཡིན།

 མ་ཎི་ཡིག་དྲུག་ཞི་བདེའི་ཕོ་ཉ་ཡིན།

མ་ཎི་ཡིག་དྲུག་སེམས་ཀྱི་དག་ཞིང་ཡིན།

 མ་ཎི་ཡིག་དྲུག་མཁའ་སྤྱོད་ལྷ་ལམ་ཡིན།

མ་ཎི་ཡིག་དྲུག་རེ་སྒུག་འབོད་བརྡ་ཡིན།

མ་ཎི་ཡིག་དྲུག་གསེར་ཀྱི་ཐམ་ཀ་ཡིན།

 མ་ཎི་ཡིག་དྲུག་དངུལ་ཀོང་ལྡེ་མིག་ཡིན།

མ་ཎི་ཡིག་དྲུག་དཀར་པོའི་ལྷ་ཆོས་ཡིན།

མ་ཎི་ཡིག་དྲུག་བདེ་མོའི་གཤིན་ས་ཡིན།

མ་ཎི་ཡིག་དྲུག་སེམས་ཀྱི་དད་དཔོན་ཡིན།

 མ་ཎི་ཡིག་དྲུག་སྲོག་གི་སྐྱབས་གནས་ཡིན།

མ་ཎི་ཡིག་དྲུག་བདེན་པའི་དཔང་པོ་ཡིན།

མ་ཎི་ཡིག་དྲུག་དྭངས་གསལ་ཆུ་མིག་ཡིན།

 མ་ཎི་ཡིག་དྲུག་འགྱུར་མེད་རྡོ་རྗེ་ཡིན།

 མ་ཎི་ཡིག་དྲུག་བརྩེ་བའི་མ་མ་ཡིན།          

༄༅༎ཟླ་བར་བཅོལ་བའི་བརྩེ་སེམས།

བདག་ནི་ལྷོད་ཆགས་གནས་པའི་སྐབས། །

ཅི་ལྟ་ལྷ་ལམ་བལྟ་བའི་ཚེ། 

མཐོ་རིས་ཡུལ་གྱི་གཙུག་གི་ནོར། །

འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། །

མཛེས་མའི་འཁོར་གྱིས་ཡོངས་བསྐོར་བའི། །

ལྷ་ཡི་སྲས་མོ་ག་པུར་དབང་། །

དྭངས་པའི་འཛུམ་བཅས་ཉེ་དྲུང་དུ། །

ལྷུག་ལྷུག་དགོད་གྱིན་བྱོན་ཙ་ན། །

ཨེ་མ་མཛེས་ལྡན་ལེགས་བྲིས་ཤིང་། །

དཀར་འཇམ་འོ་འཛིན་རེ་རེ་ནི། །

དུང་གི་བུམ་བཟང་ཉིད་དང་འགྲན། །

ཤ་འོད་ཆགས་འདྲའི་ལུས་དང་ནི། །

ཚངས་པའི་སྲས་དང་ལྡོག་མ་གྱུར། །

ལྡེམ་ལྡེམ་འཁྱུག་པའི་ཉམས་འགྱུར་ཉིད། །

འཇིག་རྟེན་སྐྱེ་བུས་མཐོང་ཙ་ན། །

སྲོག་གི་དབང་བོ་མ་ལུས་ཀུན། །

ཆགས་པའི་ཉམས་དང་འཛུམ་པའི་ཞལ། །

འབར་བའི་སྙིང་དང་དུངས་པའི་སེམས། །

མཆོར་སྒེག་ལུས་གང་སེམས་བཞིན་དུ། །

རྒྱ་མཚོའི་མཐར་ནས་གངས་ཅན་རི། །

གླིང་ཀུན་བསྐོར་ནས་ལྟད་མོར་གཡེང་། །

ཉིན་མཚན་རྟག་ཏུ་ཆགས་བྱེད་པས། །

གསལ་བའི་བུ་མོ་སྐྱེངས་བཞིན་དུ། །

སྐྲག་པའི་སྔངས་ལས་གསལ་བྱེད་དུ། །

བསིལ་ཕྲེང་རྡོག་ཅིག་ལྷུང་བ་ན། །

ས་ཀུན་སྐྱེ་བོ་གངས་ཀྱིས་བཅོམ། །

ཁྲོ་བའི་ཉམས་ལས་མཁའ་རུ་འཕུར། །

ཀྱེ་ཧུ་བཅུ་དྲུག་གཞོན་ནུའི་དབང་། །

ཀྱེ་མ་ཡིད་སེམས་རབ་ཏུ་སྐྱོ། །

དེང་གི་ཚོགས་ཀྱི་སྐྱེ་བོ་གང་། །

ཕྱི་ཡི་གཟུགས་དང་གདོང་གི་མཛེས། ། 

ནང་གི་སེམས་དང་བརྩེ་བའི་སྙིང་། །

འདོད་པའི་ལུས་དང་ཆགས་པའི་ལས། །

བཅོམ་པའི་ཚིག་དང་མཐུན་པའི་གཏམ།

ལུས་ཀྱི་བདེ་དང་སེམས་པའི་སྤྲོ། །

མཚན་གང་བདེ་དང་ཚེ་ཡི་བདེ། །

སྐར་གཅིག་ཡུན་དང་ཕྱི་མའི་མཚན། ། 

འདི་སོགས་གང་ཉིད་ཐམས་ཅད་དེ། །

ན་གཞོན་ཕོ་མོའི་འདོད་པའི་ཆེད། །

རྡུལ་དང་འདྲེས་བའི་ལྕགས་ཕྱེ་བཞིན། །

གར་ནི་ཡང་ནི་མ་ངེས་པས། །

སེམས་དང་སྙིང་གི་ཡི་ག་ཆད། །

གཏམ་དང་བློ་ཡི་རྒྱུ་བ་འགག །

བརྩེ་བ་མེད་ལ་ཡིད་སེམས་སྐྱོ། །

དགའ་བ་ཞན་པར་དེ་བས་སྡུག །

དུངས་པ་དབེན་པས་ཨ་ཙ་མ། ། 

ཀྱེ་ཧུ་ཀྱེ་ཧུ་དབང་ཕྱུག་མཆོག

ཀྱེ་ཧུ་འཇིག་རྟེན་གྱི་མཛེས་མ། །

བརྩེ་བ་གསེར་མདོག་གི་ཕ་ས། །

བྱང་ཐང་སྐྱ་མདོག་བཅོས་དོན་ཅི། །

བརྩེ་བ་གཡུ་ཡི་ག་པད་ཅན། །

གཙུག་གི་རྒྱན་དུ་མི་སྒྲོན་པར། །

ནོར་གྱི་ཚོང་ལ་བརྗེས་དོན་ཅི། །

ནོར་བུ་རང་ལ་ཐོབ་དུས། །

ཚོང་དང་སྲང་ལམ་དོན་ཅི་ཡོད། །

ནོར་བུ་རྐུན་ཇག་ཁྱེར་བའི་དུས། །

མཆི་མས་ཆུ་ཀླུང་ཆགས་ཀྱང་ལུས། །

འདི་ཀུན་བློ་ལ་ངེས་ན་བསམ། །

འདོད་པ་ཚད་དང་མཐུན་ན་བསམ། །

ཆགས་པ་རན་པར་བྱས་ན་བསམ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།