ཀྲུང་གོ་བོད་ཀྱི་དྲ་བ།

ཐོལ་མགུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​རོང་བོ་དགེ་འདུན་ལྷུན་གྲུབ།   སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

143.jpg

ཞེ་ལ་བཞག་པའི་སྟར་ཀས།།

སྡོང་བོ་ཡོམ་ཡོམ་བྱས་བྱུང་།།

བྱིའུ་ཆུང་ཞེད་སྣང་སྐྱེས་ནས།།

འཕུར་གྲབས་འཕུར་གྲབས་བྱས་ཀྱང་།།

བྱིའུ་ཆུང་མིག་གི་མཐའ་ལ།།

ཞེན་ཆགས་ལས་འཕྲོ་འཁྱིལ་དུས།།

ཅག་ཅག་ཅག་ཅག་གནང་བཞིན།།

འཕུར་རྒྱུ་བརྗེད་ལ་ཉེ་བ།།


དབེན་པའི་ཡུལ་གྱི་ནགས་ལ།།

སྟར་ཀ་འདི་འདྲ་འཁྲུངས་པ།།

བྱིའུ་བྱང་ཆུབ་སེམས་དཔའི།།

ཐུགས་བསྐྱེད་ཟབ་པ་མིན་འགྲོ།།

སྟར་ཀའི་ལྗོན་པ་འདི་ལ།།

ཡལ་འདབ་བརྒྱ་དང་བརྒྱད་འདུག།

རི་ཁྲོད་དབེན་པ་འཚོལ་བའི།།

བྱི་འུ་འབབ་ས་མིན་ནམ།།


གཙང་བོའི་གཞུང་ལ་བཏང་བའི།།

གྲུ་དེ་ང་རང་ཡིན་ཚེ།།

ཚངས་དབྱངས་རྒྱ་མཚོ་བསུས་ཏེ།།

རི་ཁྲོད་བསྙེག་རྒྱུ་བྱུང་ན།།

དང་པོ་འགྲོ་སའི་རི་ཁྲོད།།

མདོ་ཁམས་ནགས་ལ་བྱས་ཤིང་།།

སྟར་ཀའི་ལྗོན་པ་ཞིག་ལ།།

མགུར་དང་དབྱངས་ཀྱིས་མདུད་ཆོག།


དང་པོ་ལྗོན་པ་དེ་ཡིན།།

བར་དུ་བྱི་འུ་དེ་ཡིན།།

མཇུག་ཏུ་ལས་འཕྲོ་དེ་ཡིན།།

མཐའ་མར་འཛོམས་ས་དེ་ཡིན།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།