པེ་ཅིན་གཟའ་མཇུག་གི་སྙན་ངག
ཤིན་ཏུ་འཇམ་པའི་ངག་ཚིག་དེ།
འཐབ་ཇུས་ཡིན་ནམ་འཐབ་རྩལ་ཡིན།
ཤིན་ཏུ་དགའ་བའི་རྣམ་འགྱུར་དེ།
ཐོབ་བྱ་ཡིན་ནམ་ཐོབ་བྱེད་ཡིན།
ཤིན་ཏུ་ཞིབ་པའི་ཞབས་ཞུ་དེ།
དམིགས་བྱ་ཡིན་ནམ་དམིགས་བྱེད་ཡིན།
ལག་བསྟར་ལ་མཁས་པའི་པེ་ཅིན་པ་ཁ་ཤས།
རེས་ཉེ་རེས་རིང་གི་ཐབས་ཀྱིས་ང་དང་འགྲོགས་ཤིང་།
རྒྱབ་རི་ཡི་རྒྱབ་ན་ད་དུང་རྒྱབ་རི་སྟོང་ཕྲག་ཡོད་ཚུལ་དང་།
ལྟག་སྒོ་ཡི་ལྟག་ན་ད་དུང་ལྟག་སྒོ་ཁྲི་ཕྲག་མངའ་ཚུལ་གླེང་ནས།
ཁོ་བོ་འབྲེལ་བ་དང་འབྲེལ་འདྲིས་ཀྱི་དྲ་བའི་དཀྱིལ་འཁོར་དུ་དྲངས།
གསོལ་སྟོན་གྱི་ཁང་མིག་རེ་ནི་ནང་འཁོར་གྱི་འཇིག་རྟེན་རེ་ཡིན་ཟེར།
མངོན་ལྐོག་གི་མཐུན་ཚོགས་རེ་ནི་ཁེ་ཕན་གྱི་རྒྱལ་ཕྲན་རེ་ཡིན་ཟེར།
འགྲོ་ལམ་ཡོད་ཚད་མཛོད་ཁང་ལ་འཐེན་ཞིང་།
འབྲེལ་ཐག་ཐམས་ཅད་གནམ་ལ་སྦྲེལ་ཡོད་ཟེར།
ཁོ་ཚོས་བཤད་པ་བདེན་ན།
དམངས་ཕན་དང་མཐུན་སྒྲིལ་ཞེས་པའི་མིང་ཚིག་དག་བཀོལ་ཤེས་ན།
གནས་འདི་ནས།
རྒྱུ་ནོར་མཁོ་བ་ལ་རྒྱུ་ནོར་དང་།
དབང་ཆ་དགོས་པ་ལ་དབང་ཆ།
རྒས་འཁོགས་ལོ་ན་དགོས་པ་ལ་ལོ་ན་དགོས་་ཞེས་སྙན་ཞུ་ཕུལ་ཆོག་ཟེར།
འདི་ནི་ཁོ་བ་ཚོའི་མཐའ་མཇུག་གི་འཆར་གཞི་ཡིན་ནམ་འཆར་སྣང་ཡིན།
ཨོ། རུའུ་ལུགས་ཀྱི་རྒྱ་མཚོའི་གཏིང་རིམ་ནས།
ངའི་བྱང་སེམས་བློ་སྦྱོང་གི་སྒྲོན་མེ་འདི་ཅི་ཙམ་གསལ་ནུས་སམ།
གཞན་གྱི་བགྲོད་ལམ།
གཞན་གྱི་བགྲོད་ལམ་དུ།
གཞན་གྱི་རྐང་རྗེས་དེད་ནས།
བསམ་བློ་དང་དམིགས་འབེན་མེད་པར།
འཐབ་ཇུས་དང་ཕུགས་བསམ་མེད་པར།
ང་ཚོ་རྨི་ལམ་ནང་བཞིན་ཡུན་རིང་བསྐྱོད་ཅིང་འོང་།
ང་ཚོ་འདི་ལྟར་ཉིན་མཚན་མེད་པར།
ལོ་ངོ་སྟོང་ལ་མགོ་བོ་སྒུར་ནས།
གཞན་གྱི་བགྲོད་ལམ་དུ།
གཞན་གྱི་རྐང་རྗེས་དེད་ནས།
བསྐྱོད་བསྐྱོད་ནའང་།
ང་ཚོས་རང་ཉིད་ཐང་ཆད་པ་མ་ཤེས་ལ།
རང་ཉིད་རྒས་ཤིང་འཁོགས་ནས།
སྲོག་གི་ཁུགས་པ་ལན་དགུར་ཆད་པའང་མ་ཚོར།
ད་ནི། ལག་པ་མགྱོགས་དུས་ལག་ངར་ཆག་ཟིན་ལ།
རྐང་བ་སྤོ་དུས་སྒྱིད་པའང་ཞ་ཟིན།
མིག་དང་རྣ་བ་སྐམ་ནས་བྲག་ཁུང་དང་འདྲ་ལ།
སོ་དང་སྨྲ་ལྕེ་རུལ་ནས་རླུང་གིས་ཁུར་ཚར།
བླ་སྲོག་ཀྱང་འབུ་དང་བྱིའུས་གཏུབས་ནས།
ནམ་ཡང་དུས་རབས་བདུན་པ་བརྒལ་མ་ཐུབ།
སྐབས་འདིར། ང་ཚོ་ཁེར་རྐྱང་དུ་སད།
ང་ཚོ་སད་མ་ཐག་ཏུ།
སྡིགས་མཛུབ་བརྒྱ་ཡིས་ང་ཚོ་ཐང་ལ་བསྒྱེལ་ཞིང་།
མཆུ་གྲི་སྟོང་གིས་ང་ཚོ་དུམ་བུར་གཙབས་ནས།
ང་ཚོར་བསྐྱར་གསོན་གྱི་གོ་སྐབས་གཏན་ནས་སྤྲོད་མ་འདོད།