ཀྲུང་གོ་བོད་ཀྱི་དྲ་བ།

སྙན་བུ་རང་དྲིལ་གྱི་སྙན་ངག་གསར་བ་འགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20170926144656.jpg


ཕྱུག་པོ་ཡིན་པའི་ང་། 


རྒྱུ་ནོར་དང་ཤེས་རབ་དེ་ཙམ་གྱིས

ང་རང་དབུལ་བོ་ཡིན་ནའང

ཁྱོད་ཀྱིས་ང་ལ་རྒྱ་མཚོ

དང་ས་གཞི    ནམ་མཁའ

དང་རྩྭ་ཐང་བཅས་གནང་ཡོད་དེ

ངས་འདི་དག་སེར་སྣ་མེད་པར

འཛེམ་བག་མེད་པར

ཅི་འདོད་ཀྱིས་ལོངས་སུ་སྤྱོད་དུས


ཁྱོད་ཀྱིས་རྒྱ་མཚོའི་རླབས་སྒྲ་འཇགས་སུ་བཅུག

ཁྱོད་ཀྱིས་ས་གཞི་ལྗང་མདོག་ཏུ་བསྒྱུར་ཅིང

མེ་ཏོག་གི་ཕོན་པོ་ལྟར་བཞད་པའི

སྤྲིན་དཀར་གྱི་འདབ་མ་འགའ་ཡིས

རང་ཉིད་ལྗང་སེར་གློ་དམར་གྱི་ཁ་དོག་ལ་བསྲེས་ཏེ

ས་སྲོད་ཀྱི་ནུབ་ཁ་ཞིག་ན་ཕྱི་མིག་འཛུམ


རྩྭ་ཐང་དུ་བསིལ་རླུང་ཞིག་ལྡང་བ་ན

བྱ་ཁྱུ་སྐོར་ཅིག་འཕུར་ལམ་དུ་བསྐྱོད་ཅིང

ཁྱོད་ཀྱིས་ཉིན་གཅིག་ལ་ཁ་བྲལ་དུ་སོང་བའི

འབྲི་མོ་མ་བུ་གཉིས་ཀྱང

ལྷས་ཁྱིམ་གྲུ་བཞི་དེ་རུ་ཕན་ཚུན

ཁ་བསྣུན


ངས་མིག་ཟུང་བསྲིངས་ཏེ

ནམ་མཁའ་ལ་ལྟ་དུས

ཉི་འོད    ངས་ལོངས་སུ་སྤྱོད་ཀྱིན་འདུག

རླུང་བུ    ངས་ལོངས་སུ་སྤྱོད་ཀྱིན་འདུག

ས་གཞི་ལ་ལྟ་དུས

ངའི་མཐའ་འཁོར་དུ་མེ་ཏོག་སྣ་ཚོགས་བཞད་འདུག

ངའི་ཉེ་འཁོར་དུ་འདབ་ཆགས་སྣ་ཚོགས་བབས་འདུག

ང་ཡིད་ཚིམས་ཏེ

ཁ་རོག་གེར་རང་ཉིད་ལ

"ཨ   ཁྱོད་དངོས་གནས་ཕྱུག་པོ་རེད"ཅེས་སྨྲས


ལྗོན་འོག་ཏུ


སུ་ཞིག་ལས་ཀྱི་ལྗོན་འོག་ཏུ

སྐྱིལ་ཀྲུང་དུ་གན་རྐྱལ་དུ

ཅི་མི་སྙམ་པའི་ནམ་མཁའ་རུ

ལོ་མའི་མིག་ཆུ་མི་ཚེའི་ས་སྲོད་ལ

 ཁ་རོག་གེར་ལྷུང

སུས་ཀྱང་མཉམ་མི་འཇོག་པའི

སྐམ་ས་ཞིག་ཏུ་ལྷུང



སུ་ཞིག་ངལ་དུབ་ཀྱི་གཅོང་རོང་དུ

སུ་ཞིག་གྱེས་བྲལ་གྱི་གཙང་འགྲམ་དུ


སུ་ཞིག་བགད་མྱོང   

སུ་ཞིག་ངུས་མྱོང

    

ཉིན་གཅིག་ལ་མིག་ཟུང་ག་ཙམ་རྡེབ་བམ 

མིག་ཟུང་རྡེབ་དང་མ་རྡེབ་བར་གྱི

རླུང་བུ་ལྡང་བའི་ཚུགས་ཀ་དེ་ཡང

རྒྱང་རིང་ཞིག་ལ་སྟ་གོན་བྱེད་པའི

སེམས་ཁམས་དང་འདྲ


འཁྲབ་ཚན།


འཁོར་བའི་གར་སྟེགས་འདིའི་སྟེང་དུ

སྐབས་རེར་ཟློས་གར་ཞིག་མི་འཁྲབ་ཐུ་མེད་རེད

ངས་འཁྲབ་ཚན་རེ་རེ་མི་འདྲ་བ་བྱས་ཏེ

རང་ཉིད་གཅིག་པུས་འཁྲབ་སྟོན་བྱེད་སྐབས

སྙིང་ཉེ་བའི་ལྟད་མོ་བ་ཁྱོད་ཚོའི

ཐལ་མོའི་རྡེབ་སྒྲ་ལ་མཚམས་ཆད་རྒྱུ་ཞིག་མི་འདུག

ངས་མུ་མཐུད་དུ་སྐྱེ་རྒ་ན་འཆི་འཁྲབས

འཁྲབ་ཚན་འདི་དག་སྔོན་ནས་སྐྱ་འཁྲབ་བྱས་མེད་དེ

ཐད་ཀར་ཁྱོད་ཚོའི་མིག་མདུན་དུ་འཁྲབ་པ་ཡིན་པས

རང་གི་ཚོད་ཀྱིས 

གསོན་ཉམས་ལྡན་པ་ཞིག་འཁྲབ་བཞིན་ཡོད

ཆེས་མཇུག་མཐར་ང་གློ་བུར་དུ

དབུགས་འགག་སྟེ་ཐང་ལ་འགྱེལ་དུས

ཁྱོད་ཚོས་སླར་ཡང་ཐལ་མོ་བརྡབས་བྱུང

ཨ་ལ་ལ   ཐལ་མོ་ཡུན་རིང་ལ་བརྡབས་བྱུང

ང་དེ་ལྟར་ཤི་རྗེས    འཁྲབ་ཚན་ཡང་མཇུག་རྫོགས་པ་ཡིན་ལ

ཁྱོད་ཚོ་ཡང་འཕྲོ་རིམ་འཕྲོར

དགའ་དགའ་སྤྲོ་སྤྲོའི་ངང་ནས

རང་རང་གི་ཡུལ་ལ་ལོག་སོང


ན་ནིང   མཚོ་སྔོན་པོའི་འགྲམ་དུ


ན་ནིང   མཚོ་སྔོན་པོའི་འགྲམ་དུ

ཁེར་རྐྱང་གི་མི་ཞིག་གིས

རང་གི་མཐའ་མཇུག་གི་གནས་མལ་རྙེད


ན་ནིང    ཁེར་རྐྱང་གི་མི་དེས་ཀྱང

ཡུན་རིང་ཞིག་ལ་བསམ་བློ་བཏང་ཡོད་སྲིད་ངེས

བྱ་ཞིག་གིས་གཤོག་རུ་བརྐྱངས་ཏེ་ནམ་མཁའ་བརྒལ་ནའང

མཐར་བྲག་ཐེམ་དང་ནེའུ་གསིང

ཡང་ན་རྒྱ་མཚོའི་འགྲམ་ངོགས་སུ་བབས་ཏེ

ཉིན་གཅིག་གི་སེམས་ངལ་གསོ་དགོས་ཨང


ཁེར་རྐྱང་གི་མི་དག་ལ

གཞན་ལས་ལྷག་པའི་བརྩེ་བ་ལྡན

 ཁོ་ཚོའི་མིག་ལམ་གྱི་ཚེ་སྲོག་ཐ་དག

ནམ་ཡང་ཡིད་དུ་འོང་བ་ཞིག་ཏུ་སྣང


ན་ནིང   མཚོ་སྔོན་པོའི་འགྲམ་དུ

ཁེར་རྐྱང་གི་མི་ཞིག    ཁ་རོག་གེར

གཉིད་དུ་ཡུར་བའི་རྒྱ་མཚོའི་རུམ་དུ་འཛུལ


འཆི་ལ་ཉེ་བའི་འབྲི་མོ་ཞིག་གིས་བདག་པོར་ཕུལ་བའི་རེ་ཞུའི་ཡི་གེ


གལ་ཏེ་ངའི་མཆུ་ལུ་སྡོམ་ན

ཁྱོད་ཀྱིས་རྐང་ལག་སྲ་མོ་ཞིག་བཀྱིག་རོགས


གལ་ཏེ་ངའི་སྐེ་ཐུ་གཅོད་ན

ཁྱོད་ཀྱིས་གྲི་ཁ་རྣོན་པོ་ཞིག་བརྡར་རོགས


གལ་ཏེ་ངའི་པགས་པ་བཤུ་ན

ཁྱོད་ཀྱིས་བེའུ་དེ་ཚོ་རི་ལ་འདེད་རོགས


རི་མོའི་གཟུགས་སུ་བྲིས་པའི་སྙན་ངག


1 ཐོལ་བྱུང་། 


མགོ་ན་སྡོང་བོ་རྩེ་རུ་ལོ་མ་དགོད།།

སྨིན་མ་རི་དྭགས་ཤ་བོའི་རྭ་བཞིན་རྐྱོང་།།

མགུལ་བའི་རྟེའུས་སྒུར་ཏེ་མཚེའུ་འཐུང་།།

རྔོག་དང་མཇུག་མའི་རྩེ་ན་རླུང་རྟ་འཕུར།།

མཆུ་ཡི་པདྨའི་ཡལ་འདབ་འདར་ལྕུག་ལྕུག།

ངག་གི་ལྗོན་པའི་ཁུ་བྱུག་རྟ་ལ་ཞོན།།

སྙན་པའི་བུ་ག་འདབ་མས་བཀབ་བྱེད་ཅིང་།།

མཆི་མའི་ཕྲེང་བ་ལྗོན་པའི་རྩེ་ལ་ཟགས།།

དབུ་སྐྲ་རླུང་གིས་བསྒུལ་བ་རླུང་བུས་ནི།།

མགོ་ཐོག་སྤྲིན་པ་དེད་ནས་ལྷོ་རུ་བསྐྱོད།།

སྤྲིན་པ་ཉིན་སྲིབ་རྒྱུད་ནས་ངུ་ཤུམ་བྱེད།།

ཉིན་སྲིབ་ཁ་བས་གཡོགས་ཏེ་དཀར་ལམ་ལམ།།


2 བར་བརྒལ།


གངས་རིའི་རྩེ་ན་ལྷ་མོ་བཞིན་བཟང་ཞིག།

ཐུགས་རྗེ་སྤྱན་ཟུང་བགྲད་དེ་མཁའ་རུ་འགྲོ།།

དར་གྱི་རྔ་སྒྲོས་ནམ་མཁའ་གཤགས་ཏེ་འགྲོ།།

ཁྲུང་ཁྲུང་ཁྱུ་གཅིག་ལྷ་མོ་བསྐོར་ཏེ་འགྲོ།།

ཁ་བ་ཞུ་བའི་སྤྲིན་པ་སྟོབས་ཀྱིས་འཁྲིགས།།

སྤྲིན་དང་འདྲ་བའི་ལུག་ཁྱུ་རི་ལ་བཀྲམ།།

རི་ལ་བསྐུངས་པའི་སྤྱང་ཀི་འཇབ་བེ་གོག།

གཉིད་ལ་བྱིངས་བའི་རྫི་བོ་ཆུ་ལ་ལྕེབས།།

རྨ་བྱའི་སྒྲོ་གདོངས་འདྲ་བའི་ལྷ་མོ་ཁྱོད།།

གངས་དང་རྒྱ་མཚོའི་སྟེང་ན་གཤོག་རྡེབ་ཀྱིས།།

འོ་མའི་སྦྲང་ཆར་ས་ལ་གཏོར་བཞིན་དུ།།

འདོད་པའི་ཚུལ་གྱིས་གནས་ཡུལ་གང་དུ་འགྲོ།།


3  བསམ་གཞིག


ས་དང་རྒྱ་མཚོའི་འདྲེས་མཚམས་འདིའོ་ཅེས།།

གསལ་བའི་ཐིག་ཅིག་ཁྱོད་ལ་ཇི་ལྟར་སྟོན།།

ས་ལ་བཏབ་པ་མཛེས་མའི་གྲིབ་གཟུགས་རེད།།

ཆུ་ལ་བྲིས་པ་མཛེས་མའི་ཞལ་རས་རེད།།

སྤྱན་གཅིག་བགྲད་ནས་ས་ཡི་གྲིབ་མ་ལྟ།།

སྤྱན་གཅིག་ཟུམ་ནས་མཚོ་ཡི་ཕ་མཐའ་འཚོལ།།

ཐོད་པའི་གཙིག་ན་ཀུ་མུད་མེ་ཏོག་བཞད།།

འདབ་མའི་རྩེ་ན་ཉ་ཚོགས་འཁོར་ཞིང་རྒྱུ།།

དེ་ཡི་མཁའ་ན་ཉ་གང་ཟླ་བ་འཕྲོ།།

དེ་ཡི་མཐའ་ན་ཉི་མ་གྱེན་དུ་འབར།།

ཉི་མའི་པང་ན་གངས་དཀར་ལྷུན་པོ་བཞུགས།།

གངས་རིའི་རྩེ་ན་གངས་སེང་དཀར་མོ་འགྱིང་།།


4 ཐོད་རྒལ།


ཐོད་པར་མེ་ཏོག་ཚོམ་བུ་ཚོམ་བུ་བཞད།།

མེ་ཏོག་མཐའ་ལ་ཉི་མ་དྲག་ཏུ་འབར།།

ཉི་མས་བསྐྱངས་པའི་ནམ་མཁའི་ཞལ་རས་ལ།།

ཉིན་གྱི་བུ་ཆུང་བགད་ལེ་བགད་ལེ་བལྟ།།

ངག་ལས་སྐྱེས་པའི་ལྗོན་ཤིང་འདབ་མ་ཡིས།།

ཉིན་མཚན་གཉིས་ཀྱི་མཁུར་ཚོས་གཅིག་ཏུ་བསྒྲིབས།།

མགྲིན་པའི་སྐྱིབས་སུ་ཉ་ཚོགས་རྩེ་ཞིང་འཁྱུག།

སྨིན་མའི་གོང་དུ་བྱ་ཚོགས་འཕུར་ཞིང་ལྡིང་། 

གང་བུ་མང་པོ་ད་དུང་སེམས་སུ་སྦྲུམ།།

སེམས་ཀྱི་ངོས་སུ་དུང་གི་ཟླ་བ་ཚེས།། 

ཟླ་བས་གཉོར་བའི་ནམ་མཁའི་ཞལ་རས་ལ།།

མཚན་གྱི་བུ་མོ་འཛུམ་མེ་འཛུམ་མེ་བལྟ།།


5 བསྟོད་ཚིག


མིག་གི་རྫིང་བུའི་ཆ་ག་འཇའ་ཡིས་བརྒྱན།།

ཆར་གྱི་ཟིལ་མ་དེ་ཡི་ནང་དུ་འཛུམ།།

རིན་ཆེན་ནོར་བུ་ཆུ་མིག་དབུས་ན་བཞུགས།།

རྩྭ་དང་རྩི་ཤིང་དེ་ཡི་མཐའ་ན་གཡོ།།

ཉེ་རིང་གཉིས་ཀ་མིག་ལ་འཁོར་ཞིང་འཁོར།།

ངང་བ་ཡིན་ཡང་དེ་ལ་ངང་གིས་འབབ།།

ཆེ་ཆུང་གཉིས་ཀ་མིག་ལ་འཁྱིལ་ཞིང་འཁྱིལ།།

ལྷུན་པོ་ཡིན་ཡང་དེ་རུ་རྔམ་གྱིས་འགྱིང་།།

དབྱར་དེ་ཕ་མ་འདྲ་བོ་མིག་ལ་མཛེས།།

དགུན་འདི་རྒྱ་སྟག་འདྲ་བོ་མིག་ལ་རྒོད།།

དགུང་གི་ཉི་མ་སེར་པོ་མིག་གིས་བསུ།།

དུང་གི་ཟླ་བ་དཀར་པོ་མིག་གིས་འདྲེན།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།