ཀྲུང་གོ་བོད་ཀྱི་དྲ་བ།

ཐོར་རྩོམ་མགུར་གླུ་རྐང་བརྒྱ་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (རྔ་བ)སྦྲ་དུངས་སེམས།   སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ངག་གི་དབང་འབྱོར་ལྷ་མོ།།        མགྲིན་པའི་འཁོར་ལོར་བཞུགས་དང་།།
མགུར་གླུ་རྐང་བརྒྱའི་སྙན་ཚིག།    མགྲིན་པའི་ལམ་ནས་བླངས་ཡོང་།།

ལོ་དང་ཟླ་བའི་བར་ནས།།           བཅུ་དྲུག་ལང་ཚོ་ཤོར་ཐལ།།
སྐྱིད་པའི་བདེ་ཞིག་མ་རྙེད།།           ལུས་པོ་རྒུད་པ་ཤར་ཡོང་།།

གཡོ་སྒྱུ་བསླུ་བྲིད་འོག་ནས།།     འཁོར་བའི་སྣང་བརྙན་མཐོང་ཡང་།།
ཉོན་མོངས་གོམས་འདྲིས་ཆེ་བས།། བློ་ཡིས་འདོར་ཐུབ་བྲལ་སོང་།།

ཀུན་རྫོབ་སྒྱུ་མའི་བུ་མོས།།       ཟོལ་གྱི་འཛུམ་བག་བསྟན་ནས།།
ང་དང་ང་ཡི་འཁོར་ཚོགས།།     ཁོ་མོའི་དྲུང་དུ་བསླུས་སོང་།།

དོན་དམ་བདེན་པའི་གནས་ལུགས།།  རྒྱ་ཆེ་གཏིང་མཐའ་ཟབ་པས།།
སྒྱིད་ལུག་ཅན་གྱི་བུ་ང་།།              ངལ་གསོའི་གྲུ་ལ་ཞུགས་སོང་།།

རྨི་ལམ་ནང་གི་ནོར་བུ།།           གཙུག་ལ་བཀུར་ཏེ་ཉར་ཡང་།།
རྨི་ལམ་དཀྲོགས་ཐེངས་ཤིག་གིས།།        འཇའ་ཚོན་དབྱིངས་ལ་ཐིམ་འདྲ།།

ད་ལྟའི་ན་གཞོན་མང་བོས།།         མི་རིགས་གོམས་སྲོལ་བསྒྱུར་ཐལ།།
ངོ་ཚའི་གཤིས་རྒྱུད་ཉམས་ཐལ།།    སྐད་ཀྱི་གཞི་མ་བོར་ཐལ།།

ཁ་བ་བོད་པའི་ཁྱིམ་ལ།།              ཁ་བདེ་མང་བོ་ཐོན་ནས།།
ཡོད་ཡོད་ཐམས་ཅད་རྙིང་སོང་།།   ཕམ་ཁའི་གཞི་མ་རེད་ཟེར།།

བོད་ཀྱི་ལེགས་བཤད་མང་བོ།།      ནང་དོན་མེད་པ་མ་རེད།།
ང་ཚོ་ཅལ་འདྲོགས་དགའ་བས།    འགྲམ་ལ་མ་བལྟས་སྐྱོན་རེད།།
༡༠
འགྲམ་གྱི་ནོར་བུ་བསྐྱུར་ནས།།      རྒྱང་རིང་ཡུལ་ལ་མ་འགྲོ།།
རྒྱང་རིང་ནོར་བུ་མང་ཡང་།།        ཕན་པའི་ངེས་པ་འབྱུང་དཀའ།།
༡༡
རང་ཉིད་ལམ་ཁ་བོར་ནས།།         གཞན་གྱི་རྗེས་ལ་མ་རྒྱུགས། །
གཞན་གྱི་རྗེས་སུ་བརྒྱུག་ཀྱང་།།   རང་ཉིད་ལམ་ཁ་མ་འབོར།།
༡༢
འཆི་བ་མི་རྟག་ཐོན་དུས།།            ལེ་བདའ་གཏོང་རྒྱུར་ཕྱི་སོང་།།
འཆི་བ་མ་ཐོན་གོང་ནས།།            ཡོད་ཚད་ཨེ་འགྲུབ་བལྟ་དགོས།།
༡༣
རང་ལ་སྐྱེས་གཟུགས་མེད་པ།།        སྐྱེ་བ་སྔོན་མ་ལན་སོང་།།
སྐྱེ་བ་རྗེས་མར་འབྱུང་མིན།།           ད་ལྟའི་ལས་ལ་ཐུག་ཡོད།།
༡༤
སྟོན་པའི་རྗེས་སུ་བསྙེགས་ཀྱང་།།     ན་ཆུང་བུ་མོའི་འཛུམ་མདངས།།
ཡང་ཡང་ཡིད་ལ་འཆར་ནས།།        སེམས་པ་ཕྱིར་ལ་ཤོར་ཐལ།།
༡༥
ལུས་གཟུགས་སྟོན་པའི་གཟུགས་བརྙན།།  སེམས་གཟུགས་འཁོར་བའི་སྣང་བརྙན།།
སྐྱེ་བ་གཅིག་ལ་བླངས་ཀྱང་།།              ཚ་གྲང་ལྟ་བུར་འགལ་འདུག།
༡༦
སེམས་པ་རང་གི་ཡིན་ཡང་།།                 གཞན་གྱིས་ཁྲིད་ནས་བུད་ཐལ།།
ལུས་པོ་རང་གི་འདོད་ཀྱང་།།                 གཤིན་རྗེ་ཁོས་ཡིན་ཟེར་གི།
༡༧
ལས་དབང་སྒེར་སེམས་ཆེ་ནས།།            བྱམས་པ་ཁྲིད་ནས་བུད་སོང་།།
ནུས་མེད་བུ་ཆུང་ང་རང་།།                   ལས་དབང་དོ་ཟླར་མ་བྱུང་།།
༡༨
སྡོམ་དང་དམ་ཚིག་མེད་པའི།།              ཟླ་དཀྱིལ་རི་བོང་ཁེར་འདུག།
བལྟས་ན་རི་ཁྲོད་སྒོམ་ཆེན།།                 བརྟག་ན་འདོད་པའི་མནར་གཅོད།།
༡༩
ཚེས་ཆེན་བཅོ་ལྔའི་ཟླ་བ།།                   མཚན་མོའི་མཁའ་ལ་རྒྱུ་དུས།།
དམར་ཆུང་སྙིང་གི་ཐིག་ལེ།།                      ད་ལྟ་གང་ན་བཞུགས་འདུག།
༢༠
ཁྱོད་རང་འཚོལ་དུ་འགྲོ་འདོད།།           ཨ་ཕའི་ཐུགས་དང་འགལ་འགྲོ།།
བཙལ་དུ་མ་སོང་བསྡད་ན།།                ཁྱོད་ལ་མགོ་བསྐོར་ཐེབས་འགྲོ།།
༢༡
འཆི་བ་ཡོད་པར་ཤེས་ཡོད།།  འཁོར་བའི་སྡུག་བསྔལ་རྟོགས་ཡོད།།
འོན་ཀྱང་ཉོན་མོངས་རྒྱལ་བོས།།  འདི་ལས་བྲལ་དུ་མ་བཞག།
༢༢
རྒྱུད་ན་དད་པ་ཡོད་དུས།།  རྒྱུད་ལ་ཤེས་ཡོན་མེད་སོང་།།
རྒྱུད་ལ་ཤེས་ཡོན་འབྱོར་དུས།།  སྔར་གྱི་དད་པ་ཉམས་སོང་།།
༢༣
སྙིང་རྗེ་མེད་པའི་འཆི་བདག།   འཆི་བརྡ་ཡང་ཡང་བཏང་ཡོང་།།
ཉིན་འགའ་ཨུ་ཚུགས་བྱས་ཀྱང་།། མཐའ་མཇུག་མ་སོང་ཐབས་མེད།།
༢༤
འཆི་བ་ཡིད་ལ་འཆར་ན།།  དམ་པའི་ལྷ་ཆོས་དྲན་ཡོང་།།
བྱམས་པ་སེམས་ལ་ཤར་ན།།  འཇིག་རྟེན་འཁོར་བ་དྲན་ཡོང་།།
༢༥
བྱིས་དུས་རྣམ་གཡེང་གྲོང་ཁྱེར།།  གཞོན་དུས་བརྩེ་དུང་དབང་བསྒྱུར།།
རྒས་དུས་སྐྱེ་དགས་མནར་གཅོད།།  བྲན་གཡོག་འོག་གི་ལས་འདི།།
༢༦
ལས་དབང་ཨུ་ཚུགས་ཅན་པོས།།  ང་དང་བྱམས་པའི་བར་ལ།།
མི་ཁའི་འཕྱ་སྨོད་ཁྱེར་ནས།།   ནམ་ཡང་འཕྲད་དུ་མ་བཅུག།
༢༧
དམ་པའི་ལྷ་ཆོས་ནང་ན།།  བྱམས་པ་མི་སྡུག་སྒོམ་ཟེར།།
འཇིག་རྟེན་འཁོར་བའི་འདབས་ན།།  བྱམས་པ་སྙིང་ལ་ཟུངས་ཟེར།།
༢༨
དུས་ཚོད་འཁོར་བ་ཡིན་སོང་།།  འཁོར་བ་སྡུག་བསྔལ་ཡིན་སོང་།།
སྡུག་བསྔལ་ངེས་འབྱུང་ཡིན་སོང་།།  ངེས་འབྱུང་ཐར་བ་ཡིན་སོང་།།
༢༩
སྐད་ཆ་དྲང་མོར་བཤད་ན།།  རྗེས་ནས་འགྱོད་པ་མི་སྐྱེས།།
འོན་ཀྱང་དྲང་མོར་བཤད་ན།།  མང་བོར་ཕོག་ཐུག་བཟོ་སྲིད།།
༣༠
རེ་བ་མེད་ཀི་མ་གསུངས།།   ལས་དབང་མེད་ཀི་མ་ཟེར།།
མི་ལུས་ལན་གཅིག་ནང་དུ།།   དེ་དག་ཤོར་ན་ཅིའི་ཆོག།
༣༡
སྟོན་པ་བཀའ་དྲན་ཅན་གྱིས།།   ཐར་བའི་ལམ་སྣ་བསྟན་ཡང་།།
བསླུ་བྲིད་འཁོར་བའི་གཡོ་སྒྱུས།།  དེ་ལ་འགྲོ་རུ་མ་བཅུག།
༣༢
ཆོས་ཀྱི་ལམ་ཁ་མ་རྙེད།། འཁོར་བའི་བྱ་བ་མ་འཁྱོངས།།
ལོ་དང་ཟླ་བའི་བར་ན།། ནམ་ཡང་དབུལ་ནས་བསྡད་ཡོད།།
༣༣
སྟོན་པ་རྗེས་སུ་ཐོན་ཡང་།། སྟོན་པའི་རྗེས་ལ་མ་སོང་།།
བྱམས་པའི་རྗེས་སུ་བརྒྱུགས་ཀྱང་།། བྱམས་པའི་རྗེས་སུ་མ་ཆོད།།
༣༤
རྨི་ལམ་སྒྱུ་མའི་སྣང་ངོར།། བསམ་ན་སྙིང་བོ་མེད་ཀྱང་།།
མ་སོང་ཐབས་མེད་ཡིན་པ།། འཇིག་རྟེན་འཁོར་བའི་རང་གཤིས།།
༣༥
དུས་ཚོད་ཉི་ཤུ་རྩ་བཞི།།     བལྟས་ན་གྲངས་ཀ་ཉུང་ཡང་།།
འཛམ་གླིང་གོ་ལ་ཡོངས་ཀྱིས།།   རྩིས་ན་ཚར་རྒྱུ་མེད་པ།།
༣༦
འཇིག་རྟེན་འཁོར་བར་སྐྱེས་ཀྱང་།། བྱམས་པ་ཁྱོད་དང་མཇལ་བས།།
ཕྱི་གཟུགས་དཀའ་བར་མཐོང་ཡང་།། སེམས་པ་དྲོད་ཀྱིས་བཀང་འདུག།
༣༧
དུས་ཚོད་རེ་རེའི་ཁྲོད་ན།། སྙན་ངག་རེ་རེ་བྲིས་ཡོད།།
སྙན་ངག་རེ་རེའི་ནང་ན།། དགའ་བའི་གཏམ་སྙན་བརྗོད་ཡོད།།
༣༨
དམར་ཆུང་སྙིང་གི་མེ་ཏོག། ཁོ་བོ་ཁྱོད་ཀྱི་སྟེང་ལ།།
སེམས་པ་རྣམ་དག་ཡིན་མིན།། གནམ་ས་གཉིས་ཀྱིས་ཤེས་ཡོད།།
༣༩
 ལོ་ཟླའི་ཉིན་མཚན་བར་ནས།། བསྒུགས་ཡུན་ཧ་ཅང་རིང་ཡང་།།
གལ་ཏེ་འཕྲད་པར་གྱུར་ན།། འགོར་ཡང་སྐྱོན་ནི་མི་འདུག།
༤༠
འཇིག་རྟེན་འཁོར་བའི་འདབས་ན།། སྡུག་བསྔལ་ཧ་ཅང་ཆེ་རུང་།།
བདེ་བའི་གནས་སུ་བསྒོམ་ན།། སེམས་ལ་བདེ་བ་སྐྱེས་སྲིད།།
༤༡
ང་ཡི་རྨི་ལམ་ནང་ནས།། བུ་མོ་བརྒྱ་ཕྲག་འཕྲད་ཀྱང་།།
སྔོན་བསགས་ལས་ཀྱིས་ཡིན་ནམ།། ཁྱོད་དང་མཇལ་བ་མ་བྱུང་།།
༤༢
ང་རང་ཐོན་པའི་དུས་སུ།། ཁྱོད་རང་སླེབས་པ་མི་འདུག།
ཁྱོད་རང་སླེབས་པའི་དུས་སུ།། ང་ཡང་མ་བསྡད་སོང་ཚར།།
༤༣
འཆི་བདག་གཤིན་རྗེ་འཇིགས་རུང་།། ཁྱིམ་ལ་མ་སླེབས་ཙམ་ལས།།
ང་ཡི་སྒོ་ཁར་ཐོན་ནས། མི་ལོ་ཉི་ཤུ་བརྒལ་འདུག།
༤༤
དམ་པའི་ལྷ་ཆོས་མདུན་ནས།། བུ་མོ་ཁྱོད་རང་དྲན་ན།།
སེམས་ལ་འཇིགས་སྐྲག་སྐྱེས་ཀྱང་།། ཐབས་ནི་ངོ་མ་མི་འདུག།
༤༥
ཆུང་དུས་ཆེ་བར་འདོད་སོང་།། ཆེ་དུས་ཆུང་བར་འདོད་སོང་།།
ང་དང་ང་རུ་འཛིན་པ།། ཐར་བའི་བཀག་རྡོ་ཡིན་སོང་།།
༤༦
བུ་མོ་ཁྱོད་ལ་དགའ་དགའ།། དམ་པའི་ཆོས་ལ་དགའ་ན།།
འཁོར་བའི་འདབས་ནས་ཐར་ཏེ།། མཁྱེན་པའི་གོ་འཕང་ཐོབ་ཟིན།།
༤༧
སྒྱིད་ལུག་ལེ་ལོའི་ཆེ་བས།། འཆི་བདག་གཤིན་རྗེའི་དྲུང་ནས།།
མི་ཚེ་མཇུག་སྡོམ་བྱེད་སྐབས།། ཆོས་སྲིད་གང་ཡང་མ་འཁྱོངས།།
༤༨
སེམས་པ་ཁྱོད་ལ་ཤོར་ནས།། ན་གཞོན་དུས་ཀྱང་ཡལ་ཐལ།།
ད་རུང་ཁྱོད་དང་མ་མཇལ།། སྐྱོ་བའི་ངལ་དུབ་ཆེ་སོང་།
༤༩
བདག་ནི་འཁོར་བར་གནས་ཀྱང་།། འཁོར་བའི་བདེ་བ་མ་མྱོང་།།
བདག་ནི་ཆོས་གྲལ་བསྡད་ཀྱང་།། ཆོས་ཀྱི་སྙིང་བོ་མ་རྟོགས།།
༥༠
ཁ་ནས་དགའ་བ་གླེང་མཁན།། སྐར་ཚོགས་བཞིན་དུ་འགྲན་ཡང་།།
ལུས་སེམས་གཏིང་ནས་དགའ་མཁན།། ཟླ་བ་གཅིག་པུ་ཡིན་སོང་།།
༥༡
འདོད་ཆགས་འཇིགས་པ་རྒྱལ་བོས།། ཁྱོད་རང་འཁྲིད་ཤོག་ཟེར་ནས།།
ལྡོག་མེད་བཀའ་ཡིག་ནང་ལ།།  ཐམ་ག་དམར་བོ་བརྒྱབས་འདུག
༥༢
སྐྱེ་བ་ཡང་ཡང་བླངས་ཀྱང་།།  མི་ལུས་རྟེན་བཟང་ཐོབ་པ།།
ད་རེས་ཙམ་ཞིག་སྣང་བས།།  སྔོན་མའི་རྒྱུ་དྲིན་འཇལ་བཀའ།།
༥༣
ལུས་སྡོད་དབེན་པའི་གྲོང་རེད།།  སེམས་སྡོད་བུ་མོའི་འགྲམ་རེད།།
སྐྲ་ལོ་བཅད་པ་སྔ་ཡང་།།    སེམས་པ་འཁོར་བར་གནས་ཡོད།།
༥༤
ཕྱི་གཟུགས་ཆོས་པས་རྣམ་པ།། ནང་སེམས་འཁོར་བའི་འདུ་ཤེས།།
ཆོས་དང་སྲིད་ཀྱི་བར་ན།། རྫིག་རྫིག་རྒྱལ་བོའི་ཉམས་ཅན།།
༥༥
ཁྱོད་ལ་དད་པ་མེད་ན།། དད་པ་མི་འདུག་མ་གསུངས།།
ཁྱོད་ཀྱི་སྐྱོན་ཆ་གླེང་ན།། དམ་ཉམས་ལྟ་ལོག་མ་འབོད།།
༥༦
གཟུགས་མེད་གདོནའདྲེ་ཐོན་ཡང་།། འཇིགས་སྐྲག་དེ་འདྲ་མ་བྱུང་།།
སྙིང་སྡུག་ལྷ་མོ་ཐོན་ནས།། ངག་གི་སྐད་ཆ་ལྐུགས་སོང་།།
༥༧
ཕ་ཡུལ་ལུས་ཀྱིས་བསྐྱུར་ནས།། རྒྱང་རིང་ཡུལ་དུ་སོང་ཡང་།།
ཨུ་ཚུགས་སེམས་པ་དམར་བོ།། རྒྱང་རིང་ཡུལ་ནས་མ་བསྡད།།
༥༨
འཛམ་གླིང་མི་རིགས་མང་བོ།། ཟླ་བའི་སྟེང་དུ་བསྐྱོད་དུས།།
རང་སེམས་རང་གིས་གསོས་ནས།། རྨི་ལམ་རྨིས་ནས་མ་འདུག།
༥༩
འཛམ་གླིང་ལྟད་མོར་ལྟ་ན།། གཞན་གྱི་མིག་གིས་མ་ལྟ།།
རང་ལ་ཡོད་པའི་མིག་གིས།། བལྟས་ན་རང་གི་ཁྱད་ཆོས།།
༦༠
སེམས་པ་གཏན་ཚིགས་ཡིན་དགོས།། བསམ་བློ་རྒྱང་དུ་གཏོང་དགོས།།
བྱ་བ་ལག་ལེན་ཡོད་དགོས།། སྙིགས་དོར་བཅུད་ལེན་མཁས་དགོས།།
༦༡
ཆོས་འཛིན་འཁོར་བའི་དྲུང་ན།། མི་ཁོམ་མ་འཁྱོངས་བསྡད་ཡོད།།
འཁོར་འཛིན་ཆོས་ཀྱི་གྲལ་ན།། བག་ཕེབས་ངང་ནས་བཞུགས་ཡོད།།
༦༢
བྱིངས་འདྲེན་ཨུ་ཚུགས་ཅན་ལ།། སྙན་མོའི་ངག་རྟ་མེད་ཀྱང་།།
ཨ་ཨ་ཨི་ཨི་ཟེར་ནས།། མགྲོན་པོ་ཡོད་ཚད་ཤོར་ཐལ།།
༦༣
སྙན་མོའི་མགྲིན་པ་མེད་ན།། གྱེར་ཡིན་དེ་འདྲ་མ་རིང་།།
གཞན་སེམས་འགུགས་པ་ཕར་ཞོག། རང་ཉིད་ཕོངས་པའི་གཞི་རེད།།
༦༤
གཞན་གྱི་རྗེས་སུ་དེད་ནས།། རྒྱུག་པར་དེ་འདྲ་མ་སྤྲོ།།
མགོ་བོ་ཆད་པའི་དུས་ན།། སུས་ཀྱང་སྐྱོབས་པར་མི་ནུས།།
༦༥
བདེ་བ་སྐད་ཅིག་དང་བོ།། འདོད་ཀྱང་གོ་སྐབས་དབེན་འདུག།
བདེ་བ་སྐད་ཅིག་གཉིས་པ།། རག་ཀྱང་འབད་པ་མ་བྱས།།
༦༦
སེམས་ཀྱི་སྐད་ཆ་བཤད་ན།། གྲོགས་པོའི་སྙིང་ལ་ཕོག་འགྲོ།།
ཅི་ཡང་མ་བཤད་བསྡད་ན།། རང་ཉིད་ལྐུགས་པར་གྱུར་འགྲོ།།
༦༧
སེམས་ཀྱི་སྙིང་གཏམ་དམར་བོ།། གླེང་ན་ཡིད་ཀྱང་མི་ཆེས།།
གཡོ་སྒྱུ་བསླུ་བག་གཏམ་འདི།། བཤད་ན་དགའ་བའི་བསྟོད་བསྔགས།།
༦༨
ཆོས་པ་རྣམ་དག་མིན་ན།། ཆོས་ཀྱི་གྲལ་ནས་མ་སྡོད།།
མི་རིགས་གྲངས་ཀ་དབེན་པས།། བསམ་གཞིག་གནང་ན་ལེགས་བསམ།།
༦༩
ཁ་ནས་ཚན་རིག་གླེང་ཡང་།། ལག་ན་ཚན་རིག་མི་འདུག།
ང་ཚོ་བཤད་པར་མཁས་ཀྱང་།། དོན་དངོས་ལག་ལེན་མི་འདུག།
༧༠
དེང་རབས་སྤྲུལ་སྐུའི་ལག་ན།། དཔེ་ཆ་ལོ་གྲངས་མེད་ཀྱང་།།
རླངས་འཁོར་ཁང་བ་མང་བ།། ལོ་གྲངས་ཡར་ལ་བརྒལ་འདུག།
༧༡
རང་ཉིད་བྱིས་པའི་སྐབས་ན།། བྱིས་པའི་བདེ་སྐྱིད་མ་ཤེས།།
བྱིས་པའི་ལང་ཚོ་ཤོར་དུས།། བྱིས་དུས་འཚོ་བ་དྲན་ཡོང་།།
༧༢
ན་གཞོན་མང་བོའི་སྙིང་སྟོབས།། ལང་ཚོའི་སྙིང་སྟོབས་ཡིན་སོང་།།
ན་གཞོན་མང་བོའི་སྐད་ཆ།། ལང་ཚོའི་སྐད་ཆ་ཁོ་ན།།
༧༣
འགྲོ་སའི་རྐང་ལམ་མི་གཅིག། སེམས་ཀྱི་དམིགས་ཡུལ་གཅིག་རེད།།
ལམ་ཀ་གང་ནས་བསྐྱོད་འདོད།། དེ་རུ་བཀག་འགོག་མ་གནང་།།
༧༤
སྤྲུལ་སྐུར་ཨུ་ཚུགས་མ་ཆེ།། གྲྭ་བར་ལས་རྒྱུ་མ་མང་།།
ཨུ་ཚུགས་ལས་རྒྱུ་མང་ན།། བསྟན་པའི་དགྲ་བོར་འགྱུར་ངེས།།
༧༥
བསྟན་དགྲ་སུ་ཡིན་མི་ཤེས།། བསྟན་བཤིག་སུ་ཡིན་མི་ཤེས།།
ཐམས་ཅད་མཁྱེན་པའི་མདུན་ནས།། དཀར་ནག་ལམ་ཁ་ཕྱེས་ཡོང་།།
༧༦
ཆོས་དང་འཇིག་རྟེན་གཉིས་ཀ། ཁོམ་གི་མེད་པ་མཐོང་སོང་།།
ནམ་ཡང་ཁོམ་ནས་བསྡོད་མཁན།། ང་རང་གཅིག་པུ་རེད་འདུག།
༧༧
སྤྲུལ་སྐུས་སྡོམ་པ་ཤོར་ན།། དགོས་པ་ཡོད་སོང་མ་ཟེར།།
དགོས་པ་ཇི་ལྟར་ཆེ་རུང་།། འདུལ་བའི་རང་གཤིས་འགྱུར་མེད།།
༧༨
དོན་འགྲུབ་དགེ་ཆོས་གཉིས་ཀ། ཤི་བ་ངོས་ནས་སྔ་སོང་།།
གལ་ཏེ་མ་ཤིར་ཡོད་ན།། ང་ཚོས་གཙུག་ཏུ་བཀུར་རམ།།
༧༩
འཇིག་རྟེན་གནོན་ཤུགས་མ་མྱོང་།། སྐད་ཆ་སྣ་ཚོགས་ཐོན་སྲིད།།
འཇིག་རྟེན་གནོན་ཤུགས་རག་ན།། དབུགས་ཀྱང་ལེན་པར་མི་ནུས།།
༨༠
སྨྲ་ལྕེ་རང་ལ་ཡོད་དུས།། ཅི་ཞིག་སྨྲ་དགོས་མ་ཤེས།།
སྨྲ་ལྕེ་གཞན་གྱིས་ཁྱེར་དུས།། ད་བཟོད་སྨྲ་རྒྱུ་མང་འདུག
༨༡
བདེ་བ་འདོད་པ་གཅིག་རེད།། སྡུག་བསྔལ་མི་འདོད་གཅིག་རེད།།
འཛམ་གླིང་སྲོག་ཆགས་ཀུན་ལ།། བསམ་གཞིགས་བཏང་ན་ལེགས་བསམ།།
༨༢
ཕོ་བ་གཅིག་པུའི་ཆེད་དུ།། གཞན་གྱི་ཚེ་སྲོག་མ་འཕྲོག།
ཆམ་ནད་ཙམ་ཞིག་བྱུང་ན།། རང་ཉིད་སྨྲ་རྒྱུ་མང་གི།
༨༣
འཇིག་རྟེན་འདི་རུ་སྐྱེས་པ།། གངས་ལ་ལག་རྗེས་འཇོག་དགོས།།
གལ་ཏེ་མ་བཞག་ན་ཡང་།། འདབས་ལ་ཅིས་ཀྱང་འཇོག་དགོས།།
༨༤
གོ་ལ་ཆེ་གི་མ་བསམ།། སྐར་མ་གཅིག་གི་སྟེང་རེད།།
གོ་ལ་ཆུང་གི་མ་འདོད།། མིག་རྒྱང་ཐུང་བའི་རྟགས་རེད།།
༨༥
རང་མགོ་རང་གིས་གཡོག་ནས།། མགོ་བོ་རྫིག་རྫིག་མ་བྱེད།།
མགོ་བོ་དམའ་དམའ་བྱས་ནས།། མཐོང་ཆུང་བྱེད་སར་མ་འཇོག།
༨༦
དངོས་པོ་ལྕི་མོ་འགྱོག་དུས།། ལག་པ་གཅིག་གིས་མ་འཐབ།།
ལག་པ་གཉིས་ཀས་ཁྱོག་དང་།། ལུས་ཀྱི་སྟོབས་ཤུགས་མི་འདྲ།།
༨༧
ང་དང་ང་འདྲ་མང་བོས།། ཕོག་ཐུག་གཏོང་བར་སྤྲོ་མོད།།
ཅུང་ཙམ་གནོད་ཤུགས་ཐེབས་ན།། ཨ་ཐང་ཆད་པ་མྱུར་འགྲོ།།
༨༨
སེམས་ནས་མཐུན་སྒྲིལ་མེད་ན།། རྒྱུ་སྐར་ཁྲི་ཕྲག་འཆར་ཡང་།།
ཟླ་བ་གཅིག་པུའི་དོ་ཟླ།། ནམ་ཡང་ཡོད་པ་མ་ཡིན།།
༨༩
མ་འཆི་ཐར་ས་མེད་ཀྱང་།། འཆི་ཡང་འཇིགས་སྐྲག་མེད་པ།།
ནམ་ཡང་རང་ལ་དབང་བས།། དེ་ལྟར་བསྒྲུབ་མིན་རང་ཉིད།།
༩༠
སུ་ཞིག་སྔུན་དུ་རྒྱུག་ན།། སུ་ཞིག་རྗེས་སུ་ལུས་ཀྱང་།།
རང་ཉིད་རང་གི་ལམ་ཁ།། བརྟན་པོ་སྲུང་ནས་སྡོད་དགོས།།
༩༡
མི་རིགས་རེ་བ་ཆེ་བའི།། སློབ་ཆེན་སློབ་མ་དག་གིས།།
ཆང་གི་བཟི་ཁའི་ཁྲོད་ནས།། མི་རིགས་སྐྱོབ་པར་གླེང་སོང་།།
༩༢
མཚོན་ཆ་ལྡན་པའི་དགྲ་བོར།། གཡུལ་འགྱེད་ལྡོག་པ་སླ་ཡང་།།
མཚོན་ཚ་མེད་པའི་དགྲ་ལ།། རྒོལ་བ་གཏོང་རྒྱུ་དཀའ་སོང་།།
༩༣
གཡོ་སྒྱུ་ཝ་མོས་བསླུ་བྲིད།། ཉིན་རེ་འགོར་ན་ཇེ་མང་།།
གདོང་དམར་བོད་ཀྱི་རིགས་རྒྱུད།། རླུང་ནང་མར་མེ་ལྟ་བུ།།
༩༤
དགྲ་བོའི་བསླུ་བྲིད་ཆེ་ན།། དཔའ་བོ་ཁྲི་ཕྲག་ལྡན་ཡང་།།
གཡུལ་ལ་མ་ཞུགས་གོང་ནས།། ཕྱི་མའི་ཡུལ་ལ་འགྲོ་སྲིད།།
༩༥
ལུས་སེམས་རང་ལ་ཡོད་དུས།། བྱ་བ་མང་བོ་སྒྲུབས་ཤིག།
ལུས་སེམས་གཞན་ལ་ཤོར་དུས།། འབད་པའི་གོ་སྐབས་མི་འདུག།
༩༦
གཞན་ལ་ང་རྒྱལ་ཡོད་པ།། ཆུ་བུར་མིག་གིས་མཐོང་སོང་།།
རང་ལ་ང་རྒྱལ་ཡོད་པ།། མིག་ཤེས་གང་གིས་མ་མཐོང་།།
༩༧
ཁ་པར་ཡོད་ན་བཟང་སོང་།།། བྱ་བ་མང་བོ་བསྒྲུབ་སླ།།
ཁ་པར་མེད་ན་བཟང་སོང་།། གདོན་འདྲེ་སྙིང་ཁར་མི་ཞུགས།།
༩༨
གཉོམ་ཆུང་མི་རིགས་འདི་ནི།། བཅུ་ཕྲག་གནས་ལ་བརྟེན་ན།
རྒྱལ་ཁབ་གཞན་པའི་དབང་ཤུགས།། རང་གི་མངའ་ལ་ཚུད་ཐུབ།།
༩༩
 ཡོན་ཏན་ཅུང་ཙམ་ལྡན་ན།། ང་རྒྱལ་མེ་ལྕེ་འབར་སླ།།
ང་རྒྱལ་མེ་ལྕེ་འབར་ན།། རང་ཉིད་རང་གིས་བསྲེག་སྲིད།།
༡༠༠
ཡོན་ཏན་མེད་པའི་ཨུ་ཚུགས།། མི་རིགས་བརླག་པའི་སྔ་ལྟས།།
དཔྱད་པ་མེད་པའི་ཅལ་འདྲོགས།། རང་ཉིད་ཕོངས་པའི་གཞི་མ།།
༡༠༡
དངོས་ཡོད་གནས་ཚུལ་རེ་རེ།། གཅིག་བསགས་གཉིས་བསགས་བྱས་ནས།།
མགུར་གླུ་རྐང་བརྒྱའི་ལང་ཚོ།། ཡོངས་སུ་རྫོགས་པར་གྲུབ་ཟིན།
༡༠༢
རང་དང་བྱིས་པས་བལྟས་ན།། ལེགས་པོར་བསམ་ན་ཐང་མོད།།
མཐོན་པོ་རིགས་ཀྱིས་མཐོང་ན།། མིག་གི་ལིང་ཏོག་འགྱུར་སྲིད།།
༡༠༣
ཚིག་གི་སྡེ་སྦྱོར་མི་མཛེས།། དཔེ་དང་དཔེ་ཅན་ནོར་བ།།
ཡིག་ནོར་ཆད་ལྷག་སོགས་ནི།། བློ་གྲོས་དབུལ་བའི་རྟགས་ཡིན།།
༡༠༤
ཡིན་ཡང་ང་ཡིས་བྲིས་པའི།། མགུར་གླུ་རྐང་བརྒྱ་འདི་ཉིད།།
གཞན་ལ་ཕན་པ་ཙམ་ཞིག། །འབྱུང་བའི་རེ་བ་བརྒྱབ་ཡོད།།
༡༠༥
ནོར་བ་ཡོད་ན་མཐོལ་ལོ།། འཁྲུལ་བ་ཡོད་ན་མཐོལ་ལོ།།
འཆུག་པ་ཡོད་ན་མཐོལ་ལོ།། ཕོག་ཐུག་བཏང་ན་མཐོལ་ལོ།། 

སྤྱི་ལོ༢༠༡༤ལོའི་ཟླ༢པའི་ཚེས༧ནས་ཟླ༨པའི་ཚེས༡༥བར་ཉིན་རྫོགས་པར་བྲིས་ཟིན། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།